ལྗང་མདོག་ཁྱམས་ར་བསྐྲུན་ནས་གཙང་ཆབ་སྔོན་མོར་སྲུང་སྐྱོབ་བྱས།
2024.07.03 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 18

微信图片_20240624063551ཁམས་རའི་སྤྱི་གླིང་། 

ཤང་ཤང་རྨ་ཆུ་སྔོན་མོ་སུམ་པ་འགག་ནས་ཁམས་ར་རྒྱལ་ཁབ་ནགས་ཚལ་སྤྱི་གླིང་བརྒྱུད་དེ་དལ་གྱིས་བཞུར་ཞིང་འགྲམ་གཉིས་ཀྱི་མི་རྣམས་ཀྱི་འཚོ་བར་རང་བྱུང་ཆུའི་ཐོན་ཁུངས་འདོན་སྤྲོད་བྱེད་པ་དང་། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཙན་ཚ་རྫོང་ནང་ཁུལ་དུ་སྤྱི་ལེ་དགུ་བཅུ་ལྷག་གི་ལྗང་མདོག་ཁྱམས་ར་བསྐྲུན།

རྨ་ཆུའི་འགྲམ་ནས་རྒྱང་ལྟ་ཞིག་བྱས་ཚེ། ལོ་ངོ་བཅུའི་རིང་། རྨ་ཆུའི་འགྲམ་རྒྱུད་ཀྱི་སྡེ་བ་དང་གྲོང་རྡལ་ནས་སྣོལ་མར་ཡོད་པའི་རི་ཀླུང་གང་སར་ལྗང་མདོག་གི་ལྭ་བ་མནབས་ཏེ། སྔོན་ཆད་སྐྱ་ཐེར་ཐེར་དུ་ལུས་པའི་རི་སྒང་མཛེས་པར་བརྒྱན་ཞིང་སྐྱེ་སྟོབས་ཀྱི་དཔལ་རབ་ཏུ་རྒྱས་འདུག

ཟླ6པའི་ཟླ་མགོར། གསར་འགོད་པ་གཅན་ཚ་རྫོང་གི་ལྷོ་རི་དང་། ཁམས་ར་གྲོང་རྡལ། ཁང་དབྱང་གྲོང་རྡལ་བཅས་ལ་སོང་སྟེ། མི་རྣམས་ཀྱིས་བློ་སེམས་གཅིག་སྒྲིལ་སྒོས་རི་སྔོ་ཆུ་དྭངས་དང་གཙང་ཆབ་སྔོན་མོ་ཤར་དུ་བཞུར་བར་སྲུང་སྐྱོབ་བྱས་པའི་ལག་ལེན་འཚོལ་ཞིབ་བྱས།

微信图片_20240624063554
གཅན་ཚ་རྫོང་ལོ་བ་ནགས་རའི་ནགས་སྲུང་གིས་སྐོར་སྲུང་ཉིན་ཐོ་འབྲི་བཞིན་པ། 

རི་རྒོད་ལྗང་གླིང་དུ་བསྒྱུར་བ།

དབྱར་གཞུང་གི་དུས་ལ། གཅན་ཚ་རྫོང་གི་ལྷོ་རིར་ལྗང་མདོག་གི་རི་མོས་བརྒྱན་འདུག ནམ་ཟླ་ཇེ་དྲོར་སོང་བ་དང་བསྟུན། ལྷོ་རིའི་ནགས་ར་ལྟ་སྲུང་ས་ཚིགས་སོ་སོས་རེས་འཁོར་ཏེ་ཆུ་དྲངས་ནས་རང་གི་ཁུལ་ཁོངས་ཀྱི་ནགས་ཚལ་ལ་ཆུ་བཏང་། ལྷོ་རིའི་སྒོ་ཆེན་མདུན་གྱི་ལྟ་སྲུང་ས་ཚིགས་ཀྱི་ནགས་སྲུང་བ་ལྕགས་ཐར་དང་ཚེ་རིང་དོན་གྲུབ་གཉིས་ཀྱིས་དབྱར་ཚུགས་པའི་ཚུན་གྱི་སྐོར་ཐེངས་དང་པོའི་ཆུ་གཏོང་བའི་བྱ་བ་མཇུག་སྒྲིལ་ནས་ཉིན་རྒྱུན་སྐོར་སྲུང་གི་བྱ་བ་ལས་བཞིན་འདུག

ལྕགས་ཐར་གྱིས་དུས་ཚིགས་འདིར་ལྷོ་རིས་ལྗང་སྟུག་སྟུག་བྱས་ཡོད་པར་བརྟེན། དེ་ནི་ང་ཚོས་སྐོར་སྲུང་བྱེད་པའི་གནོན་ཤུགས་ཆེས་ཆུང་བའི་དུས་སྐབས་ཤིག་རེད་ཅེས་ངོ་སྤྲོད་བྱས། ལྟ་སྲུང་ས་ཚིགས་ཀྱི་ནགས་སྲུང་བ་རེ་རེས་སྤྱི་ཆིང་ཉིས་བརྒྱ་བདུན་ཅུ་ལྷག་གི་ལྟ་སྲུང་ཁུལ་ཁོངས་ལ་འགན་འཁུར་བཞིན་ཡོད་ལ། ལོ་རེའི་སྟོན་དུས་ནས་ཕྱི་ལོའི་དབྱར་དུས་བར་ཟླ་བདུན་བརྒྱ་ལྷག་གི་མེ་འགོག་དུས་སྐབས་ནི་ཁོ་ཚོས་སེམས་ཚེགས་བྱས་ནས་དཀའ་ལས་མྱངས་པའི་ཉི་མ་རེད། དབྱར་དུས་ཆུ་དྲངས་ནས་ཆུ་གཏོང་རྒྱུར་དཀའ་ཚེགས་ཆེ་ཡང་སེམས་པ་བདེ་ཞིང་སྐྱིད་པོ་ཞིག་རེད།

ལྕགས་ཐར་གྱིས2014ལོ་ནས་ལྷོ་རིར་གཞི་ཁྱོན་ཆེ་བའི་ལྗང་སྒྱུར་བྱེད་མགོ་བརྩམས་པ་ཡིད་ལ་དྲན་པ་དང་།  ཁོ་རང་ཐོག་མར་སྡོང་འཛུགས་ལས་ལ་ཞུགས་པ་ནས་ད་ལྟ་ནགས་ཁུལ་གྱི་ཤིང་ནགས་གྲོགས་སུ་གྱུར་ཡོད་པའི་ལོ་ངོ་བཅུ་ལྷག་འགོར་བའི་རིང་ལ། སྔར་གྱི་སྡོང་ཕྲུག་རེ་རེ་ཡལ་འདབ་རྒྱས་པའི་སྡོང་རྒན་དུ་གྱུར་ཅིང་། ལྷོ་རི་ཡོངས་དེ་ལྗང་གླིང་དུ་གྱུར་འདུག

སྔོན་ཆད་ཞིག་ནས་ལྷོ་རིར་སྡོང་བོ་བཙུགས་མྱོང་མོད། འོན་ཀྱང་ཕན་ནུས་ཅང་མ་ཐོན། སྐབས་དེ་དུས་ཉེ་འགྲམ་གྱི་སྡེ་དམངས་རྣམས་ཀྱིས་ཕྱུགས་འཚོ་བའི་ཆེད་དུ་རི་འདི་ནགས་ཚལ་དུ་བསྒྱུར་བ་ནི་དོན་དག་ལེགས་པོ་ཞིག་ཏུ་མ་འདོད། ལྷོ་རིའི་འདབས་རོལ་གྱི་གླེ་ཆེན་སྡེ་བའི་རྒད་པོ་རྒྱ་མཚོས་རི་འདི་སྐྱ་ཐེར་ཐེར་ཞིག་ནས་ལྗང་གླིང་དུ་སྒྱུར་བའི་བརྒྱུད་རིམ་ཚང་མ་བརྒྱུད་པར་མ་ཟད་དེར་བདེན་དཔང་བྱས། ཁོ་རང་ལོ་ན་གཞོན་དུས། ལོ་རེའི་དཔྱིད་ཀར་ལས་བྱེད་ལས་བཟོ་བ་མང་པོས་ལྷོ་རིར་ས་བགོས་ནས་སྡོང་ཕྲུག་འཛུགས་བཞིན་ཡོད་མོད། འོན་ཀྱང་དེར་ཐན་སྐམ་ཆེ་ལ་ཆུ་དཀོན་པས། ཕྱི་ལོའི་དཔྱིད་ཀར་རི་མགོ་སྔར་བཞིན་སྐྱ་ཐེར་ཐེར་དུ་ལུས་འདུག

ཕལ་ཆེར2013ལོར་ཡས་མས་སུ།  སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་རྒྱ་མཚོས་རྫོང་ཨུ་དང་རྫོང་སྲིད་གཞུང་གི་བཀའ་དང་ལེན་བྱས་ཤིང་། ཁྱིམ་ཚང་རེ་རེར་སོང་ནས་སྡེ་དམངས་ཡོངས་ཀྱིས་ནུས་ཤུགས་ཡོད་རྒུས་ལྷོ་རི་ལྗང་སྒྱུར་ནགས་སྐྲུན་བྱེད་པའི་བྱ་བར་རྒྱབ་སྐྱོར་བྱེད་པའི་སྐུལ་མ་བཏང་བ་དང་། ཐེངས་འགར་ཁྱིམ་ཚང་སོ་སོར་སོང་ནས་ཁ་བརྡ་བྱས་རྗེས་ཚང་མའི་བློ་ཁ་སྒྱུར་ཏེ། ཚང་མས་ཞིང་ས་སྦགས་མར་བཏང་བར་མ་ཟད་ལྗང་སྒྱུར་ནགས་སྐྲུན་གྱི་བྱ་བར་ཞུགས།

ལྷོ་རིའི་སྒོ་ཆེན་མདུན་གྱི་ལྟ་སྲུང་ས་ཚིགས་ཀྱི་ཐག་ཉེ་སར་རྡོ་རིང་ཞིག་བསླངས་ཡོད་ལ། རྡོ་རིང་ངོས་སུ་བྲིས་པའི་རྡོ་རིང་ཡི་གེ་དམར་པོས་གཅན་ཚའི་མི་དམངས་ཀྱི་རི་རྒོད་ལྗང་གླིང་དུ་བསྒྱུར་བའི་རེ་འདུན་མཚོན་ཡོད།

微信图片_20240624063605
བྱ་འབིགས་ལེན།

2014ལོར། གཅན་ཚ་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་བསླབ་བྱ་བསྡུ་ལེན་དང་ཉམས་མྱོང་ཕྱོགས་བསྡོམས་བྱས་ཏེ། མ་དངུལ་བསྡུ་སྒྲིག་བྱེད་པ་དང་། སྦུག་གུ་དང་རྫིང་བུ་བཟོ་བ། ཆུ་ལམ་སྔོན་སྐྱོད་བཅས་ཀྱི་ཐབས་ཇུས་གསར་བ་བཀོད་ནས། ཆུ་བེད་དང་འགྲིམ་འགྲུལ། ནགས་རྩྭ་སོགས་ཕྱོགས་སོ་སོའི་མ་དངུལ་བསྡུ་སྒྲིག་བྱས་ཤིང་། རྫོང་ཡོངས་ཀྱིས་སྟོབས་ཤུགས་གཅིག་སྒྲིལ་སྒོས་ལོ་རེ་རེར་སྡོང་བོ་བཙུགས་ཀྱང་སྡོང་བོ་མི་སྐྱེ་བའི་ལྷོ་རིར་ལྗང་སྒྱུར་བྱེད་འགོ་ཚུགས།

དེ་ནས་བཟུང་། ཏང་ཡོན་ལས་བྱེད་པས་མིག་དཔེ་བྱེད་པ་དང་། མང་ཡོངས་མཉམ་དུ་ཟབ་ཞུགས་བྱེད་པའི་འོས་འགན་སྡོང་འཛུགས་བྱ་འགུལ་དེ་ལོ་རེའི་དཔྱིད་ཀར་གཅན་ཚ་རྫོང་གི་ཆེས་མཛེས་པའི་ཡུལ་ལྗོངས་སུ་གྱུར་ཡོད། ལྷག་པར་དུ2016ལོར། ལྷོ་རིའི་ལྗང་སྒྱུར་ནགས་སྐྲུན་ལ་ཐོག་མའི་གྲུབ་འབྲས་མངོན་ཏེ། སྐྱ་ཐེར་ཐེར་དུ་ལུས་པའི་རི་སྒང་དེས་ལྗང་མདོག་གི་ལྭ་བ་མནབས་པས། མི་རྣམས་ལ་ལྗང་སྒྱུར་ནགས་སྐྲུན་བྱེད་པར་ཡིད་ཆེས་ཀྱིས་ཁེངས་ཤིང་ངར་ཤུགས་རྒྱས་ཡོད།

སྡོང་ཕྲུག་གཅིག་སྡོང་རྒན་དུ་འགྱུར་དགོས་ཚེ་ལོ་བཅུ་ལྷག་གི་དུས་ཚོད་དགོས་ཏེ། ད་ལྟ། ལྷོ་རི་དེ་ཡང་ནགས་ཚལ་སྟུག་པོས་བརྒྱན་འདུག  ལྷོ་རིའི་ནགས་ར་ནས་རྒྱང་ལྟ་བྱེད་སྐབས། ལྗང་མདོག་གི་ཡུལ་ཁམས་འདི་ཡིས་མི་རྣམས་ཀྱི་མིག་མདུན་དུ་ལྟ་ན་སྡུག་པའི་མཛེས་རིས་ཤིག་བསྟར་ཞིང་། ཕྱོགས་བཞིར་ཡུན་གྱིས་བལྟས་ཚེ། རི་ངོས་ཀྱི་གསོམ་སྡོང་དང་། ཁམ་སྡོང་། ཨ་གར། སྦྱར་ཤིང་། ཡོ་འབོག་ཤིང་སོགས་ཀྱིས་ལྷོ་རི་མཛེས་པར་སྤྲས་ནས་སྐྱེ་སྟོབས་ཀྱི་དཔལ་རབ་ཏུ་རྒྱས་འདུག

ལྷོ་རི་ལྗང་སྒྱུར་བྱེད་པའི་འཆར་གཞི་ལེགས་འགྲུབ་བྱུང་བས། གཅན་ཚ་རྫོང་གི་ལྗང་སྒྱུར་ནགས་སྐྲུན་གྱི་གོམ་སྟབས་སྔར་ལས་ཇེ་ཡང་དུ་གྱུར་ཡོད། ལོ་ངོ་བཅུའི་རིང་ལ། མང་ཚོགས་ཡོངས་སྡོང་འཛུགས་ནགས་སྐྲུན་གྱི་བྱ་འགུལ་ལ་ཞུགས་ཏེ། ལྷོ་རི་ནས་ཡང་ཆུང་། མར་སྒང་། རུ་མཚེར། མཁས་རྒྱལ་སོགས་ཀྱི་སྐྱ་ཐེར་ཐེར་དུ་ལུས་པའི་རི་རྒོད་མུའུ་འབུམ་གཉིས་དང་ཁྲི་བརྒྱད་ལྷག་ལྗང་མདོག་གི་ཡུལ་ཁམས་སུ་སྒྱུར།

ཟླ6པའི་ཚེས5ཉིན། གཅན་ཚ་རྫོང་ལ་ཉིན་བསྟུད་མར་ཆར་བ་ཟིམ་ཟིམ་བབས་རྗེས། ཡུན་རིང་རེ་སྒུག་བྱས་པའི་ནམ་ཟླ་བཟང་པོ་བྱུང་། སྔོ་སྐྱ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་དབང་ཕྱུག་གིས་སྡེ་དམངས་རྣམས་ཀྱི་སྣེ་ཁྲིད་ནས་ཁམས་རའི་ལྗོངས་ཁུལ་གྱི་ལྷོ་གཞོགས་རི་སྐེད་ཀྱི་ཐང་ཇ་ལ་ཁར་འབོད་པའི་བདེ་ཐང་དུ་བོད་ལུགས་སྦྲ་གུར་མང་པོ་ཕུབ།

དབང་ཕྱུག་ཆུང་དུས་སུ། སྡེ་བའི་ནང་གི་རྒན་རྒོན་ཚོས་ནམ་རྒྱུན་དུ། སྔོ་སྐྱ་སྡེ་བའི་རྒྱབ་ཕྱོགས་སུ་འཕྲེད་དུ་བཅད་ནས་ཡོད་པའི་དུར་ལྕོག་སྒང་ནི་སར་ཙོག་པའི་རྒད་པོ་ཞིག་དང་འདྲ་ལ། ཐང་ཇ་ལ་ཁ་ནི་དེའི་དཔུང་བར་ཙོག་ཡོད་པས་གཡང་ས་ཞིག་ཡིན་ཏེ། གང་འདོད་དུ་ས་བརྐོ་རྡོ་སློག་བྱེད་མི་ཉན་ཟེར།

ཡིན་ཡང་། ལོ་ངོ་བཅུ་ཕྲག་ལྷག་གི་རིང་། ཐང་ཇ་ལ་ཁའི་སྡེ་དམངས་རྣམས་ཀྱིས་གཡང་ས་འདིར་དེ་འདྲ་དོ་སྣང་བྱེད་ཀྱིན་མེད་ལ། ལྷག་པར་དུ་ཉེ་བའི་ལོ་ངོ་བཅུ་ལྷག་གི་རིང་དུ་སྡེ་མི་ཚོས་གནས་འདིའི་ས་ཞིང་རྨོ་འདེབས་མ་བྱས་པར་རང་དགར་བསྐྱུར་འདུག

2023ལོར། གཅན་ཚ་རྫོང་ཁམས་ར་གྲོང་རྡལ་སྔོ་རྒྱ་སྡེ་བའི་བཞུར་རྒྱུད་ཆུང་བའི་ས་ཆུ་སྲུང་འཛིན་ཕྱོགས་བསྡུས་བཅོས་སྐྱོང་གི་ལས་གཞི་འགོ་ཚུགས་པ་དང་བསྟུན་ནས། སུས་ཀྱང་དོ་སྣང་བྱེད་ཀྱིན་མེད་པའི་ཞིང་ས་འདིར་ཚང་མས་མཐོང་ཆེན་བྱེད་མགོ་བརྩམས།

ད་ལྟ། ལས་གཞི་ཚང་མ་ལེགས་འགྲུབ་བྱུང་བ་དང་། ས་རྒོད་དུ་ལུས་པའི་ཞིང་ས་དེ་ལྗང་སྟུག་སྟུག་གི་ནགས་ཚལ་དུ་གྱུར་འདུག་ཅིང་། ནགས་ཚལ་དུ་ཀུ་ཤུ་དང་ལི། ཁམས་བུ་སོགས་ཀྱི་སྡོང་ཕྲུག་གྲལ་སྟར་སྒྲིག་ཡོད་ལ། ཚང་མས་མགོ་བོ་དགྱེ་ནས་དྲོད་འཇམ་གྱི་ཉི་འོད་བསྡུ་ལེན་བྱེད་བཞིན་ཡོད་པ་དང་། ནགས་ཚལ་གྱི་མཐའ་རུ་སྦྱར་ཤིང་དང་ཨ་གར་སོགས་སྡོང་ཐུང་གིས་བསྐོར་འདུག

ད་ལོའི་དཔྱིད་ཀར། ཐང་ཇ་ལ་ཁ་དེ་མེ་ཏོག་གི་རྒྱ་མཚོ་ལྟ་བུར་གྱུར་ཅིང་། སྡེ་མི་རྣམས་ཆ་རྒྱུས་ཡོད་པའི་ས་རྒོད་དེ་ཁོ་ཚོའི་སྣང་ངོར་ཤར་མ་མྱོང་བའི་རྣམ་པར་གྱུར་ཏེ་ཚང་མའི་མིག་ལམ་དུ་མཛེས་ལྗོངས་ལྟ་ན་སྡུག་པ་ཞིག་བཤམས་ནས་ཀུན་གྱི་ཡིད་དབང་འཕྲོག་པར་བྱས། དེའི་རྗེས་བསྡུས་པའི་སྡེ་དམངས་ཚོགས་ཆེན་སྟེང་དུ། ཚང་མས་ཐང་ཇ་ལ་ཁ་བེད་སྤྱད་ནས་སྡེ་བའི་ཐུན་མོང་ཐོན་ལས་འཕེལ་རྒྱས་གཏོང་བའི་གྲོས་གཞིར་ཁས་ལེན་བྱས།

ལས་གཞི་ལག་བསྟར་བྱས་རྗེས། ཐང་ཇ་ལ་ཁ་དེ་ང་ཚོའི་གཡང་སར་གྱུར་ཅིང་། ང་ཚོས་སྡེ་བའི་ཐུན་མོང་དཔལ་འབྱོར་རྒྱ་བསྐྱེད་པའི་རོགས་སྐྱོར་མ་དངུལ་སྤྱད་དེ་གནས་འདིར་ཡུལ་སྐོར་སྣེ་ལེན་ས་ཚིགས་བསྐྲུན་རྒྱུའི་འཆར་གཞི་ཡོད། ཐང་ཇ་ལ་ཁ་དེ་ཁམས་རའི་ལྗོངས་ཁུལ་དང་ཉེ་བར་བཅར་ཡོད་པས། གནས་འདིར་ལངས་ནས་བལྟས་ཚེ། ལྗོངས་ཁུལ་གྱི་ཁྱད་ལྡན་རི་ཆུ་དང་།  ཁམས་རའི་ལུས་རྩལ་ཁྱད་ཆོས་ལྡན་པའི་གྲོང་རྡལ།  དེ་མིན་རྨ་ཆུ་སྔོན་མོ་བཅས་གཅིག་ཀྱང་མ་ལུས་པར་མཐོང་ཐུབ།  ཁུལ་གནས་ཀྱི་དགེ་མཚན་འདི་དག་ཡོད་པར་བརྟེན། དབང་ཕྱུག་ལ་སྡེ་བའི་ཐུན་མོང་ཡུལ་སྐོར་སྣེ་ལེན་ས་ཚིགས་འཕེལ་རྒྱས་གཏོང་བར་ཡིད་ཆེས་ཀྱིས་ཁེངས་ཡོད།

རྨ་ཆུ་དེ་གཅན་ཚ་རྫོང་ནང་ཁུལ་གྱི་སྤྱི་ལེ་དགུ་བཅུ་ལྷག་བརྒྱུད་ནས་བཞུར་བ་དང་། རྨ་ཆུའི་འགྲམ་རྒྱུད་ཀྱི་ས་ཁུལ་ཡིན་པའི་ཆ་ནས། འབབ་རྒྱུད་ཆུང་གྲས་བཅོས་སྐྱོང་བྱེད་རྒྱུ་དེ་གཙང་ཆབ་སྔོན་མོ་ཤར་དུ་བཞུར་བར་སྲུང་སྐྱོབ་བྱེད་པར་ཧ་ཅང་གལ་ཆེ།

དེའི་ཕྱིར། གཅན་ཚ་རྫོང་ཨུ་དང་རྫོང་སྲིད་གཞུངགིས་འབབ་རྒྱུད་ཆུང་གྲས་ཀྱི་ས་ཆུ་སྲུང་འཛིན་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པའི་ལས་གཞིའི་ཉིན་རེའི་གྲོས་རིམ་བཏོན་པར་མ་ཟད་ལག་བསྟར་ཏན་ཏིག་བྱས། ད་ལྟའི་བར་དུ། སྔོ་རྒྱ་དང་། སྦྲེལ་ནག སྐྱ་རེངས་གྲམ་པ་བཅས་ཀྱི་འབབ་རྒྱུད་ཆུང་གྲས་བཅོས་སྐྱོང་གི་ལས་གཞི་ཡོངས་སུ་འགྲུབ་པ་དང་། ཤ་བཟང་ཐང་གི་ལས་གཞི་དེ་ཡང་ཕྱེད་ཀ་ལྷག་འགྲུབ་འདུག

གཅན་ཚ་རྫོང་ས་ཆུ་སྲུང་འཛིན་ས་ཚིགས་ཀྱི་འགོ་བ་ཇོ་སྐྱབས་ཚེ་རིང་གིས་ངོ་སྤྲོད་བྱས་ནས་བཤད་རྒྱུར། ཨར་འདམ་གྱི་རགས་དང་། ནགས་རྩྭ། བཀག་སྡོམ་སོགས་ཀྱི་བྱེད་ཐབས་བརྒྱུད་ནས་བཅོས་སྐྱོང་བྱས་ཚེ། ཆུ་གསོག་ས་འཛིན་ནུས་པ་ཇེ་མཐོར་གཏོང་ཐུབ་པ་དང་། ས་ཆུ་ཟུངས་ཤོར་གྱི་སྣང་ཚུལ་འབྱུང་བར་སྔོན་འགོག་ནུས་ལྡན་བྱེད་ཐུབ་ཟེར། སྔོ་རྒྱའི་འབབ་རྒྱུད་ཆུང་གྲས་བཅོས་སྐྱོང་གི་ལས་གཞི་ལག་བསྟར་བྱས་པར་བརྟེན། ལོ་རེའི་ཆུ་གསོག་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་འབུམ་གཉིས་དང་ཁྲི་གསུམ་སྟོང་ལྔར་སླེབས་པ་དང་། འདམ་གསེག་གསོག་ཚད་ཏུན་ཁྲི་བཞི་དང་སྟོང་བདུན་ལ་སླེབས་ཤིང་། ས་ཆུ་ཟུངས་ཤོར་གྱི་སྣང་ཚུལ་འགོག་བཅོས་བྱེད་ཐུབ་པར་མ་ཟད། ལས་གཞིར་བརྟེན་ནས་མི་སྡོད་ཁོར་ཡུག་གི་རྣམ་པ་ལེགས་སྒྱུར་བྱེད་ཐུབ་ལ། ཐོན་ལས་འཕེལ་རྒྱས་རྒྱ་བསྐྱེད་པ་དང་། སྡེ་མི་ཚོའི་ཡོང་འབབ་འཕར་བར་བྱེད་ཐུབ།

微信图片_20240624063618གླག

གཙང་ཆབ་སྔོན་མོ་ཤར་དུ་བཞུར་བར་སྲུང་སྐྱོབ་བྱེད།

རྨ་ཆུ་སྔོན་མོ་ཤང་ཤང་དུ་བཞུར་ཞིང་། བྱ་རིགས་སྣ་ཚོགས་ཀྱིས་གསུང་སྙན་སྒྲོག་པ་དང་། ཡུལ་སྐོར་བ་རྣམས་ཆུ་འགྲམ་གྱི་ནགས་ལམ་དུ་འཆམ་འཆམ་ལ་འགྲོ་བཞིན་འདུག་སྟེ། འདི་ནི་གཅན་ཚ་རྫོང་ཁང་དབྱང་གྲོང་རྡལ་གྱི་དབྱར་དུས་ཀྱི་རྒྱུན་ལྡན་སྣང་ཚུལ་ཞིག་ཏུ་གྱུར་ཡོད།

གནམ་འོག་རྨ་ཆུ་གཅན་ཚར་མཛེས། གཅན་ཚའི་རྨ་ཆུ་དེ་དལ་ཅག་གེར་བཞུར་གྱིན་ཡོད་པར་མ་ཟད་གཡང་ཊི་ལྟ་བུའི་ལྗང་མདོག་གིས་བརྒྱན་འདུག  གཅན་ཚ་རྫོང་དེ་རྨ་ཆུའི་འགྲམ་རྒྱུད་དུ་ཆགས་ཡོད་པའི་ཆ་ནས། གཅན་ཚ་རྫོང་གི་གཙང་ཆབ་སྔོན་མོ་ཤར་དུ་བཞུར་བར་སྲུང་སྐྱོབ་བྱེད་པའི་འགུལ་སྐྱོད་དེ་གོང་རིམ་ནས་འོག་རིམ་སོ་སོར་མཐོང་ཐུབ།

ཟླ6པའི་ཚེས5ཉིན་གྱི་ཕྱི་དྲོར། ཁང་དབྱང་གྲོང་རྡལ་ཧྲ་ལིས་མུའུ་ཡི་ཏང་ཀྲི་པུའུ་ཧྲུའུ་ཅི་མཱའར་པུའུ་ཏུའུ་ཨ་འབྱུང་གྲམ་པ་བརྒྱུད་དེ་སྤྱི་ལེ་གཅིག་ལྷག་མཚམས་ཀྱི་ཆུ་རྫིང་འགྲམ་དུ་ཡོང་ནས་ཉེན་བརྡའི་བྱང་བུ་ཕྱོགས་བཞིར་བཙུགས། སྡེ་བ་རིམ་པའི་མཚོ་ཆུའི་དཔོན་པོ་ཡིན་པའི་ཆ་ནས། ཆར་འབབ་པའམ་ཡང་ན་གནམ་ཐང་རུང་། མཚོ་འགྲམ་སྐོར་སྲུང་བྱེད་རྒྱུ་ནི་ཉིན་རེ་རེར་ཁོས་ངེས་པར་དུ་འགྲུབ་དགོས་པའི་བྱ་བ་ཡིན།

མཱའར་པུའུ་ཏུའུ་ཡིས་བཤད་རྒྱུར། གནམ་ཐང་དུས་ཆུར་ནུབ་པ་བཀག་འགོག་བྱེད་པ་དང་། ཆར་འབབ་དུས་ཆུ་ལོག་ལ་སྔོན་འགོག་བྱེད་དགོས། དཔེར་ན་དེ་རིང་གི་གནམ་གཤིས་འདི་ལྟ་བུར་མཚོན་ན། ངས་སྐོར་སྲུང་བྱེད་པའི་བྱ་བ་གཙོ་བོ་ནི་ཆུར་ནུབ་པའི་དོན་རྐྱེན་འབྱུང་བར་བཀག་འགོག་བྱས་ཏེ། སྡེ་མི་རྣམས་ཀྱི་ཚེ་སྲོག་བདེ་འཇགས་ལ་སྲུང་སྐྱོབ་བྱེད་རྒྱུ་དེ་ཡིན།

2023ལོར། གཅན་ཚ་རྫོང་གིས་སྤྱི་ཁྱབ་མཚོ་ཆུའི་དཔོན་པོའི་བཀའ་རྒྱ་ཁྱབ་བསྒྲགས་བྱས་ཏེ། རྒྱང་ཚོར་རི་མོས་ཞིབ་བཤེར་བྱེད་པ་དང་། མཚོ་ཆུའི་རྙོག་འཛིང་བཞི་གཙང་སེལ་བྱེད་པ། ཆུ་ལམ་གྱི་ཁྲིམས་འགལ་གྱིས་བྱེ་མ་སྔོག་འདོན་བྱེད་པ། རིག་ནུས་ཀྱི་མཚོ་ཆུའི་འཛུགས་སྐྲུན་བྱ་བ་སོགས་བཀོད་སྒྲིག་བྱས་ཤིང་། ཆུར་བཅོས་སྐྱོང་བྱེད་པ་དང་། མཚོར་སྲུང་སྐྱོབ་བྱེད་པ། མཚོ་འགྲམ་ལྗང་སྒྱུར་བྱེད་པ་བཅས་ཀྱི་བྱེད་ཐབས་སྐུལ་སྤེལ་བྱས་པ་དང་། དེ་དང་མཉམ་དུ་མཚོ་ཆུའི་དཔོན་པོའི་ལམ་ལུགས་ཀྱི་དཔྱད་ཞིབ་བྱེད་ཐབས་དང་ཞིབ་སྲོལ་འཐུས་ཚང་དུ་བཏང་ནས། རིམ་པ་སོ་སོའི་མཚོ་ཆུའི་དཔོན་པོས་སྣེ་ཁྲིད་ནས་ལས་འགན་ལག་བསྟར་བྱེད་པ་དང་། ཆུའི་ཐོན་ཁུངས་ལ་སྲུང་སྐྱོབ་བྱེད་པ་དང་ཆུའི་ཁོར་ཡུག་བཅོས་སྐྱོང་བྱེད་པ། མཚོ་རྒྱུད་དོ་དམ་དང་སྲུང་སྐྱོབ་བྱེད་པ་བཅས་མཐུན་སྦྱོར་སྒོས་ཐག་གཅོད་པའི་ཡུན་རིང་རྐྱེན་སྲོལ་བཙུགས་ཏེ། མཚོ་ཆུའི་ངོགས་གཉིས་ཀྱི་ཁོར་ཡུག་ལེགས་སྒྱུར་བྱས།

ཁང་དབྱང་གྲོང་རྡལ་དཔེར་བླངས་ན། གྲོང་རྡལ་ཡོངས་ཀྱི་ཁུལ་ཁོངས་སུ་རྨ་ཆུ་དང་། ཨ་འབྱུང་ཆུ། དགེ་ཆུ་སོགས་ཆུ་རྒྱུན་གཙོ་བོ་གསུམ་ཡོད།  མཚོ་ཆུའི་དཔོན་པོའི་ལམ་ལུགས་སྔར་ལས་རིམ་ལྡན་དང་ནུས་ལྡན་སྒོས་དོན་འཁྱོལ་བྱེད་ཆེད། ཁང་དབྱང་གྲོང་རྡལ་གྱིས་གྲོང་རྡལ་གྱི་ཏང་ཨུའི་ཧྲུའུ་ཅི་ཡིས་སྤྱི་ཁྱབ་ཆུ་དཔོན་གྱི་འགན་འཁུར་བ་དང་། གྲོང་རྡལ་གྱི་འགོ་བ་དང་། དྲག་ཆས་པུའུ་ཀྲང་། གྲོང་རྡལ་གྱི་འགོ་བ་གཞོན་པ་བཅས་ཀྱིས་ཆུ་དཔོན་གཞོན་པའི་འགན་འཁུར་བའི་རིམ་པ་བཞིའི་མཚོ་ཆུའི་དཔོན་པོ་བཀོད་སྒྲིག་བྱས་ཤིང་།  དེ་དང་མཉམ་དུ་ཆུ་བོ་གསུམ་བཞུར་རྒྱུད་ཀྱི་སྲིད་འཛིན་སྡེ་བར་སྡེ་བ་རིམ་པའི་ཆུ་དཔོན་བཅུ་གསུམ་བཀོད་སྒྲིག་བྱས།

མཱའར་པུའུ་ཏུའུ་ཡིས་བཤད་རྒྱུར། ང་ཚོས་གཙོ་བོ་འགན་འཁུར་ས་ནི་ཨ་འབྱུང་གྲམ་པ་ཡིན་ཞིང་། སྡེ་བའི་ནང་གི་འཚོ་བའི་རྙོག་ཆུའི་སྦུག་དྲ་འཛུགས་སྐྲུན་བྱས་རྗེས། གྲམ་པའི་ནང་གི་ཆུར་འགྱུར་ལྡོག་ཧ་ཅང་ཆེ་བས། ང་ཚོས་སྔར་ལས་གདེང་ཚོད་ཡོད་པའི་སྒོ་ནས་རྨ་ཆུ་སྔོན་མོ་ཤར་དུ་བཞུར་བར་ཁག་ཐེག་བྱེད་ཐུབ་ཟེར།

ཁང་དབྱང་གྲོང་རྡལ་གྱི་གྲོང་གསེབ་བཙོག་ཆུ་གཙང་སེལ་བཟོ་གྲྭ་རུ་འཚོ་བའི་རྙོག་ཆུ་ཐེངས་མང་པོར་གཙང་སེལ་བྱས་རྗེས་དྭངས་མོར་འགྱུར་འགྲོ་བར་མ་ཟད། དམིགས་ཚད་ལ་ལོངས་རྗེས་ཡང་བསྐྱར་བཀོལ་སྤྱོད་བྱེད་ཀྱིན་ཡོད།

微信图片_20240624063621
གཅན་ཚ་རྫོང་གི་རྣམ་པ།

རྨ་ཆུ་དེ་གཅན་ཚ་རྫོང་ཁུལ་དུ་བཞུར་གྱིན་ཡོད་ལ། རྨ་ཆུའི་ཆུ་ལག་རྒྱུད་དུ་མི་གྲངས་ཁྲི་བཞི་དང་སྟོང་ལྔ་ལྷག་ཡོད་ཅིང་། རྫོང་ཡོངས་ཀྱི་སྤྱིའི་མི་འབོར་གྱི་བརྒྱ་ཆའི་གྱ་གསུམ་ཟིན་ཡོད་པ་དང་། ཁྱབ་རྒྱ་ཆེ་ལ་མི་གྲངས་མང་བར་བརྟེན། རྨ་ཆུའི་ཆུ་ལག་རྒྱུད་ནི་གཅན་ཚ་རྫོང་གི་གྲོང་གསེབ་ཀྱི་འཚོ་བའི་རྙོག་ཆུ་བཅོས་སྐྱོང་བྱེད་པའི་ཁུལ་ཁོངས་གཙོ་བོ་ཡིན། སྔོན་ཆད། འཚོ་བའི་རྙོག་ཆུ་གཅིག་སྡུད་སྦུག་དྲ་སོགས་རྨང་གཞིའི་སྒྲིག་ཆས་ཁ་ཚང་མིན་པ་སོགས་ཀྱི་གནད་དོན་ཡོད་ཅིང་། དེ་རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་གི་ཆུ་ཚད་མཐོ་བའི་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཞན་ཆ་གཙོ་བོར་གྱུར་ཡོད་སྟབས། ངེས་པར་དུ་ཞན་ཆར་ཁ་གསབ་དང་མི་འདང་སར་ཤུགས་སྣོན་དགོས།

སྐྱེ་ཁམས་སླར་གསོ་བཅོས་སྐྱོང་བྱེད་པ་དང་། གྲོང་གསེབ་ཀྱི་བཙོག་ཆུ་གནོད་མེད་ཅན་དུ་གཙང་སེལ་བྱེད་པ། ཆུ་བོའི་སྐྱེ་ཁམས་སླར་གསོ་ཁུལ་འཛུགས་སྐྲུན་བྱེད་པ་སོགས་བཟོ་སྐྲུན་གྱི་བྱེད་ཐབས་བརྒྱུད་རྗེས། མིག་སྔར། གཅན་ཚ་རྫོང་དུ་ཆུ་བོའི་འགྲམ་ངོགས་ཀྱི་སྐྱེ་ཁམས་སླར་གསོ་དང་། ཚན་ཞིབ་སྐྱེ་ཁམས་འཛུགས་སྐྲུན་གྱི་བཙོག་ཆུའི་བཅོས་སྐྱོང་ནུས་པ་མཐོར་འདེགས་བྱེད་པའི་ཕྱོགས་གསུམ་བཀོད་སྒྲིག་གིས་སྐྱེ་ཁམས་ལེགས་སྒྱུར་དང་། ཆུ་སྤུས་བརྟན་འཇགས། སྡེ་གྲོང་གཙང་དག གཙང་ཆབ་སྔོན་མོ་ཤར་དུ་བཞུར་བ་བཅས་ལ་ཁག་ཐེག་བྱས།

ལྷ་མོ་འཚོས་བསྒྱུར།