2024ལོའི་ཟླ3པར། ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་གཞུང་སྒྲུབ་ཐིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གཉིས་ཀྱིས་སྐྱེ་ཁམས་ཁོར་ཡུག་ཁུལ་བགོས་བཀག་སྡོམ་ལ་ཤུགས་སྣོན་པའི་སྐོར་གྱི་གྲོས་གཞི་ཁྱབ་བསྒྲགས་བྱས་ནས། སྐྱེ་ཁམས་ཁོར་ཡུག་ཁུལ་བགོས་བཀག་སྡོམ་བྱ་བར་ཤུགས་སྣོན་པའི་ཐད་ནས་བཀོད་སྒྲིག་ཆ་ཚང་བྱས་པ་དང་། སྐྱེ་ཁམས་ཁོར་ཡུག་གི་དམར་མཚམས་དང་ཁོར་ཡུག་གི་སྤུས་ཚད་ཚད་མཐའ། ཐོན་ཁུངས་བེད་སྤྱོད་ཀྱི་ཐོག་མཚམས་བཅས་བརྟན་སྲུང་བྱེད་ཆེད། ཚན་རིག་དང་མཐུན་པའི་སྒོ་ནས་རིགས་མི་འདྲ་བའི་གསར་སྤེལ་དང་སྲུང་སྐྱོབ་འཛུགས་སྐྲུན་བྱ་འགུལ་ཐད་འགུལ་སྐྱོད་ཀྱི་ཕྱོགས་སྟོན་འདོན་སྤྲོད་བྱས། ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་ལྷག་པར་དུ་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་རྒྱུན་འཁྱོངས་བྱེད་པ་དང་། སྐྱེ་ཁམས་ཁོར་ཡུག་ཁུལ་བགོས་བཀག་སྡོམ་ལ་ཤུགས་སྣོན་པའི་དོན་སྙིང་གལ་ཆེན་དང་སྤྱིའི་རེ་བ་དང་ལས་འགན་བྱེད་ཐབས་ལ་རྒྱུས་ལོན་ཡང་དག་བྱེད་པ། མཚོ་སྔོན་གྱི་ཆེས་ཆེ་བ་གསུམ་གྱི་ཞིང་ཆེན་གྱི་ངེས་གནས་དང་སྔར་ལས་ལྷག་པ་གསུམ་གྱི་འཐབ་ཇུས་ངེས་གནས་ལ་རྐང་འཛུགས་པ། མཚོ་སྔོན་གྱི་གནས་ཚུལ་དངོས་དང་མཐུན་པའི་སྐྱེ་ཁམས་ཁོར་ཡུག་ཁུལ་བགོས་བཀག་སྡོམ་མ་ལག་རྒྱུན་མ་ཆད་པར་འཐུས་ཚང་དུ་གཏོང་བ། སྤུས་ལེགས་སྐྱེ་ཁམས་ཁོར་ཡུག་གིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་བྱེད་པ། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་འགོག་ར་མཐའ་གཅིག་ཏུ་བརྟན་པོར་བཙུགས་ནས། མཛེས་སྡུག་གི་ཀྲུང་གོ་འཛུགས་སྐྲུན་བྱེད་ཆེད་མཚོ་སྔོན་གྱི་ཁག་ཁུར་ཕྲག་ཏུ་ལེན་པ་དང་མཚོ་སྔོན་གྱི་བྱས་རྗེས་འཇོག་དགོས།
གཅིག སྐྱེ་ཁམས་ཁོར་ཡུག་ཁུལ་བགོས་བཀག་སྡོམ་གྱི་མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བའི་ཐད་ཀྱི་དོན་སྙིང་གལ་ཆེན་ལ་རྒྱུས་ལོན་ཟབ་མོ་བྱེད་དགོས།
སྐྱེ་ཁམས་ཁོར་ཡུག་ཁུལ་བགོས་བཀག་སྡོམ་ནི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་ཁྱབ་ཁོངས་ཀྱི་རྨང་གཞི་རང་བཞིན་དང་མདུན་ལྟ་རང་བཞིན། ཡུན་རིང་རང་བཞིན་གྱི་ལམ་ལུགས་བྱེད་ཐབས་ཡིན་པ་དང་། སྐྱེ་ཁམས་རྩོལ་ནུས་ལ་འགན་སྲུང་བྱེད་པ་དང་ཁོར་ཡུག་གི་སྤུས་ཚད་ལེགས་བསྒྱུར་བྱེད་པ། སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་གི་དེང་རབས་ཅན་གྱི་ཆུ་ཚད་མཐོར་འདེགས་གཏོང་བའི་ཐད་ནུས་པ་གལ་ཆེན་ལྡན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་དུ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་སྐྱེ་ཁམས་ཁོར་ཡུག་ཁུལ་བགོས་བཀག་སྡོམ་བྱ་བར་ཧ་ཅང་མཐོང་ཆེན་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐེངས་མང་པོར་སྐྱེ་ཁམས་སྲུང་སྐྱོབ་ཀྱི་དམར་མཚམས་དང་ཁོར་ཡུག་སྤུས་ཚད་ཀྱི་ཚད་མཐའ། ཐོན་ཁུངས་བེད་སྤྱོད་ཀྱི་ཐོག་ཚད་དབྱེ་འབྱེད་བྱད་པར་མ་ཟད་བརྟན་སྲུང་བྱས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཛེས་སྡུག་གི་ཀྲུང་གོ་འཛུགས་སྐྲུན་བྱེད་པར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་སྐོར་གྱི་གྲོས་གཞིས་ཁོངས་ཡོངས་ལ་ཁེབས་པའི་སྐྱེ་ཁམས་ཁོར་ཡུག་ཁུལ་བགོས་བཀག་སྡོམ་མ་ལག་འཐུས་ཚང་དུ་གཏོང་རྒྱུ་དེ་བྱེ་བྲག་གི་ལས་འགན་ཁྲོད་བཞག་ནས། ཚད་མཐའ་གསལ་བོ་བྱེད་པ་དང་མཐའ་སྒྲོམ་དབྱེ་འབྱེད་བྱེད་པ་འཕེལ་རྒྱས་སུ་གཏོང་ཆེད། སྐྱེ་ཁམས་ཁོར་ཡུག་ཁུལ་བགོས་བཀག་སྡོམ་བྱེད་པར་ཤུགས་སྣོན་པར་བརྟེན་ནས། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་བྱེད་པའི་དེང་རབས་ཅན་འཛུགས་སྐྲུན་བྱེད་པར་རོགས་འདེགས་བྱས།
མཚོ་སྔོན་ནི་རྨ་ཆུ་དང་འབྲི་ཆུ། རྫ་ཆུའི་འགོ་ཁུངས་ཡིན་ལ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་དང་ཀྲུང་ཧྭའི་ཆུ་མཛོད་ཀྱི་མཚན་སྙན་ཐོབ་ལ། དེ་ནི་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་འགོག་ར་གལ་ཆེན་ཡིན་ལ། ཕྱེད་གླིང་བྱང་མའི་ནམ་ཟླའི་ཚོར་རྣོན་འཁོར་སྒུལ་ས་ཁུལ་དང་འཛམ་གླིང་ཧྲིལ་བོའི་སྐྱེ་ཁམས་མ་ལག་ལེགས་སྒྲིག་བརྟན་འཇགས་གཏོང་སྤྱད་དང་མཐོ་གྲང་གི་སྐྱེ་དངོས་རང་བྱུང་དངོས་རིགས་ཐོན་ཁུངས་ཀྱི་བང་མཛོད་ཀྱང་ཡིན། མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བཟང་བོ་བྱེད་རྒྱུ་ནི་རྒྱལ་དོན་གལ་ཆེན་ཡིན་པས། ངེས་པར་དུ་སྐྱེ་ཁམས་སྲུང་སྐྱོབ་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་འབྲེལ་བ་ཐག་གཅོད་བཟང་བོ་བྱེད་པར་གཅིག་འདོམས་བྱེད་པ་དང་། སྐྱེ་ཁམས་སྲུང་སྐྱོབ་གོ་གནས་དང་པོར་འཇོག་པ་རྒྱུན་འཁྱོངས་བྱེད་པ། ལམ་ཐིག་གསུམ་ལ་བརྟེན་ནས་སྒྲོམ་གཞི་དབྱེ་འབྱེད་བྱེད་པ་དང་གསལ་ཕྲ་གཅིག་ལ་བརྟེན་ནས་སྒྲིག་ལམ་གཏན་ཁེལ་བྱེད་པ། སྐྱེ་ཁམས་ཁོར་ཡུག་གི་ཁུལ་བགོས་བཀག་སྡོམ་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བའི་ཐད་ཀྱི་ལྗང་མདོག་གི་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱེད་པ། མཚོ་སྔོན་དུས་རབས་གསར་བར་ནུབ་རྒྱུད་གསར་སྤེལ་ཆེན་མོ་དང་རྨ་ཆུའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས། ལན་ཀྲིག་དང་ཟི་ལིང་གྲོང་ཁྱེར་ཚོགས་མཉམ་བསྐྲུན་བྱེད་པ་སོགས་ཀྱི་རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་ཁྲོད་འདྲེས་པར་བྱེད་པ་དང་། འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་ཀྱི་རྟེན་གཞི་མྱུར་དུ་འཛུགས་སྐྲུན་བྱེད་པ། རྒྱལ་ཁབ་ཀྱི་དག་གཙང་ནུས་ཁུངས་ཐོན་ལས་ཀྱི་མཐོ་ས་དང་རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་དམིགས་འབེན་ས་ཆ། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱེད་ས་བཅས་འཛུགས་སྐྲུན་བྱེད་པའི་ཐད་དོན་སྙིང་གལ་ཆེན་ལྡན་པ་དང་། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་སྐྱེ་ཁམས་ཁོར་ཡུག་གི་རྨང་གཞིའི་འདེགས་སྐྱོར་གལ་ཆེན་ཡིན།
གཉིས། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་རྩ་བའི་གཞི་འཛིན་ས་རུ་བྱེད་པ་རྒྱུན་འཁྱོངས་བྱས་ནས། མཚོ་སྔོན་གྱི་གནས་ཚུལ་དངོས་དང་མཐུན་པའི་སྐྱེ་ཁམས་ཁོར་ཡུག་གི་ཁུལ་བགོས་བཀག་སྡོམ་མ་ལག་རྒྱུན་མ་ཆད་པར་འཐུས་ཚང་དུ་གཏོང་དགོས།
ཉེ་བའི་ལོ་འགའི་རིང་ལ། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་ལག་བསྟར་ཟབ་མོ་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་བྱ་བའི་ཐད་ཀྱི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱས་ལ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གསར་སྐྲུན་དང་ཐོན་ལས་གནས་བཞི་འཛུགས་སྐྲུན་བྱས་པ་དང་། རི་ཆུ་ནགས་ཞིང་དང་མཚེའུ། རྩྭ་ས། བྱེ་དར་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོབ་དང་མ་ལག་བཅོས་སྐྱོང་ལ་གཅིག་འདོམས་བྱས་ཏེ། མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་སྐྱེ་ཁམས་ཁོར་ཡུག་གི་ཁུལ་བགོས་བཀག་སྡོམ་མ་ལག་བཙུགས། ཞིང་ཆེན་སྲིད་གཞུང་གིས་སྐྱེ་ཁམས་ཁོར་ཡུག་གི་ཁུལ་བགོས་བཀག་སྡོམ་གྲུབ་འབྲས་ཁྱབ་བསྒྲགས་བྱས་པ་དང་། གནས་ཚུལ་དངོས་ལ་ཟུང་འབྲེལ་བྱས་ནས་འགུལ་རྣམ་གསར་བསྒྱུར་ཡོངས་འགྲུབ་བྱས་ལ། ཞིང་ཆེན་ཡོངས་ཀྱི་བརྒྱ་ཆའི་དྲུག་ཅུ་ལས་བརྒལ་བའི་རྒྱལ་ཁོངས་རྒྱ་ཁྱོན་དེ་སྐྱེ་ཁམས་བར་སྟོང་དུ་ངོས་འཛིན་བྱས་པ་དང་། འབྲི་ཆུ་དང་རྨ་ཆུ། རྫ་ཆུ་བཅས་ཆུ་ཆེན་པོ་གསུམ་གྱི་འགོ་ཁུངས་ས་ཁུལ་དང་། མཚོ་སྔོན་པོ། མདོ་ལ་རི་བོའི་ཆུ་བོ་ཡོངས་ཀྱི་འགོ་ཁུངས་ས་ཁུལ་གྱི་རང་བྱུང་སྐྱེ་ཁམས་མ་ལག་གི་ཁྱབ་ཁོངས་ཡོངས་ལ་ཁེབས་པར་བྱས་ལ། ཁོར་ཡུག་བཀག་སྡོམ་སྡེ་ཁག་དབྱེ་འབྱེད་གཏན་འབེབས་དང་འཇུག་ཆོག་གསལ་ཕྲ་སྒྲིག་བཟོ་བྱས་པ་བརྒྱུད་དེ་སྐྱེ་ཁམས་ཁོར་ཡུག་གི་བར་ཁྱད་ཅན་གྱི་གནད་ཕིགས་བཀག་སྡོམ་རིམ་པ་བཞིན་མངོན་འགྱུར་བྱས།
སྐྱེ་ཁམས་ཁོར་ཡུག་ཁུལ་བགོས་བཀག་སྡོམ་མ་ལག་རྒྱུན་མཐུད་ངང་འཐུས་ཚང་དུ་གཏོང་བའི་ཐད་ནས་འགོ་ཁུངས་ཀྱི་སྔོན་འགོག་ཕན་ནུས་འབུར་དུ་ཐོན་པར་བྱེད་པ་གཙིགས་འཛིན་བྱེད་དགོས། གཙོ་གཞི་རྩོལ་ནུས་ཁུལ་གྱི་འཐབ་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་ན། རྒྱལ་ཁོངས་བར་སྟོང་གི་འཆར་འགོད་སྦྲེལ་མཐུད་གང་ལེགས་བྱེད་པ་དང་། སྐྱེ་ཁམས་མ་ལག་གི་རྩོལ་ནུས་དང་སྐྱེ་དངོས་སྣ་མང་རང་བཞིན་གྱི་སྲུང་སྐྱོབ། ཐོན་ཁུངས་ཁོར་ཡུག་གི་ཐེག་ཁུར་ནུས་པ་སོགས་ལ་ཕྱོགས་བསྡུས་སྒོས་བསམ་གཞིགས་གཏོང་བ། སྐྱེ་ཁམས་ཁོར་ཡུག་གཙོར་བཟུང་སྲུང་སྐྱོབ་སྡེ་ཁག་དང་གཙོ་གནད་བཀག་སྡོམ་སྡེ་ཁག སྤྱིར་བཏང་གི་བཀག་སྡོམ་སྡེ་ཁག་བཅས་རྒྱུན་མཐུད་ངང་ལེགས་བསྒྱུར་བྱེད་དགོས། སྡེ་ཁག་གཅིག་དང་ཐབས་ཇུས་གཅིག་གི་ལེགས་ཞིབ་ཅན་གྱི་དོ་དམ་རྩ་དོན་ལྟར། ཚོང་རར་འཇུག་ཆོག་པའི་ལྡོག་ཕྱོགས་ཀྱི་གསལ་ཕྲ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། བར་སྟོང་གྲུབ་ཚུལ་ལེགས་བསྒྱུར་བྱེད་པ་དང་བཙོག་བཟོ་དངོས་པོ་ཕྱིར་འདོན་པར་བཀག་སྡོམ་བྱེད་པ། ཁོར་ཡུག་གི་ཉེན་ཁ་འགོག་ཟོན་བྱེད་པ། ཐོན་ཁུངས་ནུས་ཁུངས་བེད་སྤྱོད་ཀྱི་ལས་ཆོད་མཐོར་འདེགས་གཏོང་བ་སོགས་ཕྱོགས་ནས་དོ་དམ་གྱི་རེ་བ་གསར་བསྒྱུར་བྱེད་པ། ཞིང་ཆེན་ཡོངས་ཀྱི་བྲག་ལེབ་ཆེན་པོ་ལྔ་དང་གྲོང་ཁྱེར། ཁུལ། རྫོང་། ཆུའུ་བཅས་ཀྱི་སྐྱེ་ཁམས་ཁོར་ཡུག་དོ་དམ་ཚོད་འཛིན་མ་ལག་རྒྱུན་མ་ཆད་པར་འཐུས་ཚང་དུ་གཏོང་བ། སྲིད་ཇུས་གཏན་འབེབས་དང་འཆར་འགོད་སྒྲིག་བཟོ། ལས་གཞི་ལག་བསྟར་སོགས་ཕྱོགས་ནས་ཁོར་ཡུག་འཇུག་ཆོག་གི་སྣེ་ཁྲིད་ལ་ཤུགས་བསྣན་ནས། ཁུལ་ཁོངས་ཀྱི་སྐྱེ་ཁམས་ཁོར་ཡུག་བདེ་འཇགས་ལ་སྲུང་སྐྱོབ་བྱེད་ཆེད་ཤུགས་དང་ལྡན་པའི་འགན་སྲུང་འདོན་སྤྲོད་བྱེད་དགོས།
གསུམ། སྐྱེ་ཁམས་ཁོར་ཡུག་ཁུལ་བགོས་བཀག་སྡོམ་ལམ་ལུགས་མ་ལག་འོག་ཏུ། སྐྱེ་ཁམས་ཁོར་ཡུག་གི་ཆུ་ཚད་མཐོ་བའི་སྲུང་སྐྱོབ་ལ་བརྟེན་ནས་སྐྱེ་ཁམས་བདེ་འཇགས་ལ་སྲུང་སྐྱོབ་བྱེད་དགོས།
སྐྱེ་ཁམས་ཁོར་ཡུག་གི་ཁུལ་བགོས་བཀག་སྡོམ་ནི་སྐྱེ་ཁམས་ཁོར་ཡུག་གི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པའི་ཤུགས་ལྡན་གྱི་འགན་སྲུང་ཡིན་པ་དང་། སྐྱེ་ཁམས་ཁོར་ཡུག་གི་ཉེན་ཁ་འགོག་ཟོན་ཐག་གཅོད་བྱེད་རྒྱུ་ནི་སྐྱེ་ཁམས་ཁོར་ཡུག་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པའི་དགོས་ངེས་ཀྱི་རེ་བ་ཡིན། སྤྱི་ཡོངས་ཀྱི་མཐོང་ལམ་དུ་འགྲེང་ནས་མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་ཁུལ་བགོས་བཀག་སྡོམ་བྱ་བར་གཟིགས་ཞིབ་བྱེད་པ་དང་། ཚད་མཐའི་བསམ་བློ་བཀོལ་བ་རྒྱུན་འཁྱོངས་བྱེད་པ། གནད་ཕིགས་བསམ་བློ་ཇེ་དྲག་ཏུ་གཏོང་བ། འགོག་ར་གཉིས་དང་ཁུལ་གསུམ། བར་ཁྱམས་མང་པོའི་སྐྱེ་ཁམས་བདེ་འཇགས་རྣམ་པ་གཙིགས་སུ་འཛིན་པ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་སྲུང་སྐྱོབ་བྱེད་རྒྱུ་དེ་གལ་ཆེན་ནང་གི་འགངས་ཆེན་དུ་བརྩི་བ། མཚོ་སྐོར་ས་ཁུལ་དང་མདོ་ལ་རི་བོའི་སྐྱེ་ཁམས་སྲུང་སྐྱོབ་ལ་ཤུགས་སྣོན་པ། མདོ་དབུས་མཐོ་སྒང་གི་སྐྱེ་དངོས་སྣ་མང་རང་བཞིན་གྱི་སྐྱེ་ཁམས་རྩོལ་ནུས་སྲ་བརྟན་དུ་གཏོང་བ། སྡེ་ཁག་བགོས་ནས་འབུར་དུ་ཐོན་པའི་ཁོར་ཡུག་གནད་དོན་་དབྱེ་འབྱེད་བྱེད་པ། ཁོར་ཡུག་བཅོས་སྐྱོང་གི་བར་ཁྱད་ཅན་གྱི་བཀག་སྡོམ་རེ་བ་ལག་བསྟར་བྱེད་པ། ས་བབ་དང་བསྟུན་ནས་ལེགས་ཞིབ་ཅན་གྱི་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་མངོན་འགྱུར་བྱས་ནས། ཀྲུང་ཧྭའི་ཆུ་མཛོད་སྲུང་སྐྱོབ་བྱེད་པའི་འགན་འཁྲི་གལ་ཆེན་ཕྲག་ཏུ་ལེན་དགོས།
སྐྱེ་ཁམས་ཁོར་ཡུག་གི་ཆུ་ཚད་མཐོ་བའི་སྲུང་སྐྱོབ་ཐད་ནས་མཁའ་དབུགས་དང་ཆུ། ས་ཞིང་། སྒྲ་སོགས་སྐྱེ་ཁམས་ཁོར་ཡུག་གི་རྒྱུ་རྐྱེན་གཙོ་བོར་ཁུལ་བགོས་བཀག་སྡོམ་བྱེད་རྒྱུ་རྨང་གཞི་རུ་བྱེད་པ་གཙོར་འཛིན་པ། བར་སྟོང་གི་གྲུབ་ཚུལ་ལེགས་བསྒྱུར་བྱེད་པ་དང་བཙོག་བཟོ་དངོས་པོ་ཕྱིར་གཏོང་བར་བཀག་སྡོམ་བྱེད་པ། ཁོར་ཡུག་གི་ཉེན་ཁར་བཀག་སྡོམ་བྱེད་པ། ཐོན་ཁུངས་གསར་སྤེལ་བེད་སྤྱོད་ཀྱི་ལས་ཆོད་ཇེ་མཐོར་གཏོང་བ་བཅས་བཞིའི་ཐད་ཀྱི་གྲུབ་འབྲས་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། རྒྱུ་རྐྱེན་གཙོ་བོ་བགོས་ནས་བལྟས་ན། མཁའ་དབུགས་ཁུལ་ཁོངས་ཀྱི་བརྒྱུད་སྤྲོད་ཆོས་ཉིད་དང་བར་སྟོང་གྲུབ་ཚུལ་གྱི་ཚོར་རྣོན་རང་བཞིན་སོགས་ལ་ཕྱོགས་བསྡུས་སྒོས་བསམ་གཞིགས་བཏང་སྟེ། མཁའ་དབུགས་ཁུལ་བགོས་རིགས་བགར་དང་མཉམ་ལས་དོ་དམ་ཚོད་འཛིན་འཐུས་ཚང་དུ་གཏོང་དགོས། བཞུར་རྒྱུད་ཀྱི་ཆུའི་ཁོར་ཡུག་ཁུལ་བགོས་བཀག་སྡོམ་ཇེ་ཟབ་ཏུ་སྤེལ་བ་དང་། ཆུའི་སྐྱེ་ཁམས་བར་སྟོང་གི་བཀག་སྡོམ་དང་སྲུང་སྐྱོབ་ལ་ཤུགས་སྣོན་དགོས། ས་ཞིང་ཁོར་ཡུག་ཁུལ་བགོས་བཀག་སྡོམ་ལ་སྐུལ་འདེད་གཏོང་བ་དང་། ཁྲིམས་ལྟར་ཞིང་སྤྱོད་ས་ཞིང་ལ་རིགས་བགར་ནས་དོ་དམ་བྱེད་པ་དང་འཛུགས་སྐྲུན་སྤྱོད་སར་འཇུག་ཆོག་དོ་དམ་བྱེད་དགོས། འཛེར་སྒྲའི་བཙོག་བཟོར་་ཁུལ་བགོསབཀག་སྡོམ་བྱེད་པར་ཤུགས་སྣོན་པ་དང་། རྫོང་རིམ་པ་དང་དེའི་ཡན་གྱི་གྲོང་ཁྱེར་གྱི་སྒྲའི་ཁོར་ཡུག་རྩོལ་ནུས་ས་ཁུལ་གཏན་འབེབས་བྱེད་པ་མ་ཟད་དུས་བཀག་ལྟར་ལེགས་སྒྲིག་བྱེད་དགོས། དེ་དང་མཉམ་དུ། སྐྱེ་ཁམས་ཁོར་ཡུག་ཁུལ་བགོས་བཀག་སྡོམ་གྱི་རེ་བ་འཚོལ་ཞིབ་བྱེད་རྒྱུ་དེ་ཁྲིམས་འཛིན་གྱི་གཞི་འཛིན་ས་རུ་བྱེད་པ་དང་། རང་བྱུང་སྲུང་སྐྱོབ་ས་ཆའི་ཡུལ་དངོས་ལྟ་སྐུལ་ཞིབ་བཤེར་བྱ་བའི་ཁྲོད་ཀྱི་བཀོལ་སྤྱོད་ལ་ཤུགས་བསྣན་ནས། སྐྱེ་ཁམས་ཁོར་ཡུག་གི་འཇུག་ཆོག་གསལ་ཕྲའི་གཏན་ཁེལ་དང་འགལ་ནས་ཐོན་སྐྱེད་འཛུགས་སྐྲུན་བྱ་འགུལ་སྤེལ་བའི་སྤྱོད་ཚུལ་མཐའ་གཅིག་ཏུ་བཀག་འགོག་བྱེད་དགོས།
བཞི། སྐྱེ་ཁམས་ཁོར་ཡུག་ཁུལ་བགོས་བཀག་སྡོམ་གྱི་གྲུབ་འབྲས་བཀོལ་སྤྱོད་བྱེད་པར་ཤུགས་བསྣན་ནས། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་ལྗང་མདོག་དང་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་དགོས།
ཕྱོགས་ཡོངས་ནས་ཕྱོགས་བསྡུས་སྒོས་ཐབས་ཇུས་འགོད་པར་འདེགས་སྐྱོར་བྱེད་དགོས། སྲིད་ཇུས་གཏན་འབེབས་སྡེ་ཁག་ལ་ཐབས་ཇུས་ཀྱི་འདེགས་སྐྱོར་འདོན་སྤྲོད་བྱེད་རྒྱུ་ནི་སྐྱེ་ཁམས་ཁོར་ཡུག་གི་ཁུལ་བགོས་བཀག་སྡོམ་གྲུབ་འབྲས་བཀོལ་སྤྱོད་བྱེད་པའི་མཚོན་རྟགས་གཙོ་བོ་ཡིན་པ་དང་། སྐྱེ་ཁམས་ཁོར་ཡུག་གི་ཁུལ་བགོས་བཀག་སྡོམ་གྱིས་ཁུལ་ཁོངས་ནང་གསར་སྤེལ་འཛུགས་སྐྲུན་བྱ་འགུལ་སྤེལ་བ་དང་ཐོན་ལས་གྲུབ་ཚུལ་ལེགས་སྒྱུར་ལེགས་སྒྲིག་བྱེད་པ། ཐོན་ཁུངས་ནུས་ཁུངས་གསར་སྤེལ་བེད་སྤྱོད་བྱེད་པ་སོགས་ཀྱི་སྲིད་ཇུས་གཏན་འབེབས་དང་ཆེད་དོན་འཆར་གཞི་སྒྲིག་བཟོ་བྱེད་པའི་ཁྲོད་ཀྱི་བཀོལ་སྤྱོད་ལ་ཤུགས་བསྣན་ནས། ས་གནས་ཏང་ཨུ་དང་སྲིད་གཞུང་གི་ཐབས་ཇུས་ཐད་ཞབས་འདེགས་དང་འདེགས་སྐྱོར་འདོན་སྤྲོད་བྱེད་དགོས། སྐྱེ་ཁམས་ཁོར་ཡུག་གི་ཁུལ་བགོས་བཀག་སྡོམ་གྱི་ཚད་མཐའ་བཀག་སྡོམ་དང་སྔོན་སྣེ་སྣེ་ཁྲིད་ཕྱོགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། འཆར་འགོད་ཆེན་པོ་ཁྲོད་སྐྱེ་ཁམས་བར་སྟོང་དང་ཁོར་ཡུག་ཐོན་ཁུངས་ཀྱི་རྒྱུ་རྐྱེན་གཙོ་བོའི་མཐུན་པའི་རང་བཞིན་ལ་དབྱེ་ཞིབ་བྱེད་པ། བར་སྟོང་གྲུབ་ཚུལ་ལེགས་བསྒྱུར་དང་ཐོན་ལས་གྲུབ་ཚུལ་ལེགས་སྒྲིག་བྱེད་པར་རོགས་འདེགས་བྱས་ནས། ཐོན་ཁུངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་བར་སྟོང་རྣམ་པ་དང་ཐོན་ལས་གྲུབ་ཚུལ། ཐོན་སྐྱེད་རྣམ་པ། འཚོ་བའི་རྣམ་པ་གྲུབ་པར་སྐུལ་འདེད་གཏོང་དགོས།
ཁུལ་ཁོངས་ཀྱི་མཐུན་སྦྱོར་འཕེལ་རྒྱས་ལ་ཞབས་འདེགས་ཞུ་དགོས། གཙོ་གནད་ལས་རིགས་དང་གཙོ་གནད་ཁུལ་ཁོངས་ཀྱི་ཁོར་ཡུག་འཇུག་ཆོག་བཀག་སྡོམ་ནུས་པ་འདོན་སྤེལ་བྱེད་པ། འཇུག་ཆོག་གི་འགག་སྒོ་བརྟན་སྲུང་བྱེད་པ། ནུས་ཟད་མཐོ་བ་དང་ཆུ་ཚད་དམའ་བའི་ལས་གཞི་ལག་བསྟར་བྱེད་པར་མཐའ་གཅིག་ཏུ་བཀག་འགོག་བྱས་ནས། བཙོག་བཟོ་ཉུང་གཏོང་དང་ཐཱན་ཇེ་དམའ་རུ་གཏོང་བའི་མཉམ་ལས་ནུས་སྤེལ་གྱི་རེ་བ་ལག་བསྟར་བྱེད་དགོས། ལྗང་མདོག་གི་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱེད་པ་དང་། འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་གོང་འཕེལ་བཏང་སྟེ། སྐྱེ་ཁམས་དཔལ་འབྱོར་དང་ལྗང་མདོག་རྩིས་ནུས་ཀྱི་ཐོན་ལས་འཕེལ་རྒྱས་སྐྱེད་སྲིང་བྱེད་དགོས། སྐྱེ་ཁམས་ཁོར་ཡུག་གི་ཁུལ་བགོས་བཀག་སྡོམ་གྱིས་ཟི་ལིང་དང་མཚོ་ཤར་གྱི་གྲོང་ཁྱེར་ཁྱུའི་གཞི་གཅིག་ཅན་གྱི་འཕེལ་རྒྱས་དང་ཚྭ་འདམ་གཞོང་གསར་སྤེལ་འཛུགས་སྐྲུན་བྱེད་པའི་ཁྲོད་ཀྱི་བཀོལ་སྤྱོད་ལ་ཤུགས་སྣོན་པ་དང་། ཁུལ་ཁོངས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བའི་སྦས་ཤུགས་དང་རྗེས་ཤུགས་ཇེ་ཆེར་གཏོང་དགོས། ཆ་འཕྲིན་མ་ལག་གསར་སྤེལ་བྱེད་པ་དང་འཐུས་ཚང་དུ་གཏོང་བ་བརྒྱུད་དེ། ཁེ་ལས་ཀྱི་རང་བདག་འདྲི་རྟོག་སྟབས་བདེ་རུ་བསྒྱུར་བ། ཁེ་ལས་ཀྱི་དངུལ་གཏོང་ཁ་ཕྱོགས་ལ་སྣེ་ཁྲིད་བྱས་ནས། ལས་གཞིའི་ས་གནས་འདེམས་པའི་ཐད་ནས་ཁོར་ཡུག་འཇུག་ཆོག་ཞིབ་གཅོད་ཞབས་ཞུ་འདོན་སྤྲོད་བྱེད་པ་དང་། ཚོང་གཉེར་གཙོ་གཞིའི་འཕེལ་རྒྱས་གསོན་ཤུགས་ཆེར་བསྐྱེད་དགོས།