མདུན་ཕྱོགས་ཀྱི་སོ་པ་བཟང་བོ་བྱས་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་དགོས།
2024.08.01 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 12

མཚོ་སྔོན་པོ་ནི་འཛམ་གླིང་གི་མཐོ་སྒང་སྐམ་སའི་དབུས་ཁུལ་གྱི་མཚེའུ་དང་བརླན་ས་རིགས་ཀྱི་དཔེ་མཚོན་མཚོན་རྟགས་ཡིན་པ་དང་། རྒྱལ་ཡོངས་དང་ཐ་ན་མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་བདེ་འཇགས་གནས་བབ་ཁྲོད་ཀྱི་གལ་ཆེན་རང་བཞིན་ནི་སྨྲོས་མི་དགོས་པ་ཞིག་ཡིན། མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་གྱི་ལས་འགན་ལག་བསྟར་བྱས་པ་དང་བསྟུན་ནས། མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་དང་དོ་དམ་ཡན་ལག་ཅུའུ། སྲུང་སྐྱོབ་ས་ཚིགས་ཀྱི་དོ་དམ་མ་ལག་ཐོག་མར་བཙུགས་པ་དང་། ཅང་ཤེས་ཁུག་དང་རྟ་ནག་མ། ན་གཞོང་། མཚོ་ཆུང་། དཔལ་དགེ་དང་བྱེ་གླིང་སོགས་སྲུང་སྐྱོབ་ས་ཚིགས་དྲུག་པོ་ནི་རྒྱང་ལྟའི་མཐོ་སྟེགས་རེ་རེ་དང་འདྲ་བར། མཚོ་སྔོན་པོ་སྐོར་ཞིང་མཚོ་སྔོན་པོར་སྲུང་སྐྱོབ་བྱེད་ཀྱིན་ཡོད།

སྲུང་སྐྱོབ་ས་ཚིགས་རེ་རེའི་དོ་སྲུང་ཁུལ་ཁོངས་མི་འདྲ་ན་ཡང་། ཚང་མས་སྐོར་སྐྱོབ་ཁུལ་ཁོངས་ནང་གི་སྐྱེ་ཁམས་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས་ཡོད་ལ། ཁོ་ཚོ་ནི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་མདུན་ཕྱོགས་ཀྱི་སོ་པ་ཡིན་ལ། སྐྱེ་ཁམས་ཁོར་ཡུག་ཆུ་ཚད་མཐོ་བའི་ངང་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་གཏོང་བའི་ཁྲོད་གནད་འགག་གི་ནུས་པ་འདོན་སྤེལ་བྱེད་ཀྱིན་ཡོད།

གདུགས་དཀར་ཚེ་རིང་དང་པད་མ་མཚོ་གཉིས་ནི་བཟའ་ཟླ་ཡིན་པ་དང་། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྟ་ནག་མ་གྲོང་རྡལ་བུམ་པ་སྡེ་བའི་མི་ཡིན་ལ། ད་ལྟ་རྟ་ནག་མའི་དོ་སྲུང་ས་ཚིགས་ཀྱི་དོ་སྲུང་པ་ཡིན། ཁོ་གཉིས་ཀྱི་འགན་ཁུར་བའི་སྐོར་སྲུང་ཁུལ་ཁོངས་ནང་དུ་ཆུ་བོ་བཅུ་གསུམ་ཡོད་པ་མ་ཟད། ཤྭ་བ་སེར་ཆེན་དང་ཝ་སོགས་རི་སྐྱེས་རི་དྭགས་ཀྱང་ཡོད་ལ། ས་ཆ་མང་པོ་རུ་ཐ་ན་རླངས་འཁོར་ཡང་འགྲོ་མི་ཐུབ།

མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱས་པ་དང་བསྟུན་ནས། གདུགས་དཀར་ཚེ་རིང་སྐྱེ་ཁམས་དོ་སྲུང་པར་གྱུར་ལ། སྐོར་སྲུང་བྱ་བར་ཧ་ཅང་དཀའ་སྡུག་ཆེ་ན་ཡང་། ཁོའི་སེམས་སུ་དེ་ནི་ཧ་ཅང་རིན་ཐང་ལྡན་པའི་བྱ་བ་ཞིག་ཡིན་པ་དང་། མཚོ་སྔོན་པོ་དང་ཕ་ཡུལ་གྱི་སྐྱེ་ཁམས་ལ་སྲུང་སྐྱོབ་བྱེད་རྒྱུ་དེ་ཁོས་བལྟས་ན་ང་རྒྱལ་སྐྱེས་ཆོག་པའི་དོན་དག་གལ་ཆེན་ཞིག་རེད།

སྐྱེ་ཁམས་དོ་སྲུང་པ་ནི་གཞི་རིམ་གྱི་སྟོབས་ཤུགས་གལ་ཆེན་ཡིན་པ་དང་། མདུན་ཕྱོགས་ཀྱི་སོ་པའི་ནུས་པ་འདོན་སྤེལ་བྱེད་ཀྱིན་ཡོད། རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་གྱི་ལས་འགན་ལག་བསྟར་བྱས་པ་དང་བསྟུན་ནས། ས་དེའི་མང་ཚོགས་སྐྱེ་ཁམས་སྲུང་སྐྱོབ་ཁྲོད་ཟབ་ཞུགས་བྱེད་པར་སྣེ་ཁྲིད་གང་ལེགས་བྱས། འབྲོག་པ་མང་ཚོགས་སྔར་ལས་མང་པོ་སྔོན་ཆད་ཀྱི་རྩྭ་ཐང་བེད་སྤྱོད་བྱེད་མཁན་ནས་སྲུང་སྐྱོབ་བྱེད་མཁན་དུ་གྱུར་བའི་ཞོར་དུ། སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཕན་པ་རེག་མཁན་དང་དྲིལ་སྒྲོག་པར་ཡང་གྱུར་བར་མ་ཟད། དེའི་ཁྲོད་ནས་ཟླ་ཕོགས་ཡོང་སྒོ་ངེས་ཅན་ཐོབ།

རྟ་ནག་མའི་སྲུང་སྐྱོབ་ས་ཚིགས་ཀྱི་འགན་ཁུར་མི་སྣ་ལིས་ཞིན་གྱིས་བཤད་རྒྱུར། སྲུང་སྐྱོབ་ས་ཚིགས་ཀྱིས་སྐྱེ་ཁམས་སྲུང་སྐྱོབ་བྱ་བའི་ཁྲོད་འདོན་སྤེལ་བྱས་པའི་འགན་ནུས་ནི་སྐོར་སྲུང་སྐོར་ཞིབ་དང་ཚན་རྩལ་ཁྱབ་གདལ་དང་དྲིལ་སྒྲོག་སློབ་གསོ་སྤེལ་རྒྱུ་དེ་ཡིན་པ་དང་། སྐོར་སྲུང་བརྒྱུད་དེ་སྲུང་སྐྱོབ་ཀྱི་ད་ལྟའི་གནས་བབ་ལ་རྒྱུས་ལོན་གསལ་བོ་བྱེད་ཐུབ་ལ། དུས་ཐོག་ཏུ་འགྱུར་ལྡོག་གི་གནས་ཚུལ་ཤེས་ཐུབ་པ་དང་། ཉམས་མྱོང་དང་གཞི་གྲངས་རྒྱུན་མ་ཆད་པར་བསྡུ་གསོག་བྱས་པ་བརྒྱུད་དེ། རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་དང་རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་དམིགས་འབེན་ས་ཆའི་མཚོ་སྔོན་པོའི་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་པའི་ཐད་འདེགས་སྐྱོར་གལ་ཆེན་འདོན་སྤྲོད་བྱས་ཡོད་ཟེར།

ཕྱོགས་གཞན་ཞིག་ནས། སྲུང་སྐྱོབ་ས་ཚིགས་འདྲེན་བྱེད་དུ་བྱས་ནས་ཚན་རྩལ་ཁྱབ་གདལ་དང་དྲིལ་སྒྲོག་སློབ་གསོ་གསོ་སྦྱོང་སྤེལ་ནས། སྤྱི་ཚོགས་ཀྱི་མི་ཚོགས་སྔར་ལས་མང་པོས་མཚོ་སྔོན་པོའི་སྐྱེ་ཁམས་སྲུང་སྐྱོབ་ལ་དོ་སྣང་བྱེད་པར་མ་ཟད་དེའི་ཁྲོད་ཟབ་ཞུགས་བྱེད་པར་སྣེ་ཁྲིད་བྱེད་པ་དེ་ནི། སྐྱེ་ཁམས་དོ་སྲུང་མཚམས་མ་ཆད་པར་རྒྱུན་བསྲིང་བྱེད་པའིབྱ་སྤྱོད་དངོས་ཀྱང་ཡིན།

གདུགས་དཀར་ཚེ་རིང་བཟའ་ཟླ་གཉིས་ཀྱི་རྗེས་དེད་དེ་རྟ་ནག་མའི་རྡོ་ཕུང་ལྗོངས་རྒྱུ་ས་ཆར་སྐོར་སྲུང་བྱེད་པར་སོང་བ་ན། མཚོ་སྔོན་པོའི་འགྲམ་རྒྱུད་ཀྱི་ཆུ་གཏིང་ཐུང་ས་རུ་གསེར་ཉའི་ཁྱུ་བག་ཕེབས་ངང་རྒྱུ་ཞིང་། གནས་སྐོར་པས་ཉེ་ས་ནས་སྐད་མགོ་ཇེ་དམའ་རུ་བཏང་སྟེ་ཉ་མོར་ལྟ་གཟིགས་བྱེད་པ་མཐོང་ཐུབ་ལ། དེ་ནི་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་བྱེད་པའི་བསྡུས་རིས་ཡིན་ཞེས་བཤད་ཆོག མི་སྔར་ལས་མང་པོ་རྣམ་པ་མི་འདྲ་བའི་ལམ་ནས་ཟབ་ཞུགས་བྱས་ན། སྐྱེ་ཁམས་སྲུང་སྐྱོབ་ལ་དམིགས་པའི་བྱ་སྤྱོད་ཡོད་ཚད་ལ་དོན་སྙིང་གལ་ཆེན་ལྡན།

སྲུང་སྐྱོང་ས་ཚིགས་བཙུགས་པ་དེ་མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱེད་པའི་ཕྱོགས་ངོས་ནས་བཤད་ན་དོ་དམ་སྒྲིག་གཞིའི་ཐད་ཀྱི་བཅོས་བསྒྱུར་ཡིན་ན་ཡང་། བྱེ་བྲག་གཙིགས་འཛིན་བྱེད་རྒྱུ་ནི་མཚོ་སྔོན་པོའི་རླབས་སྔོན་ལ་སྲུང་སྐྱོབ་བྱེད་པའི་བྱ་སྤྱོད་ངོ་མ་ཡིན།  ན་གཞོང་སྲུང་སྐྱོབ་ས་ཚིགས་དོ་སྲུང་ཁུལ་ཁོངས་གཙོ་བོ་དེ་མཚོ་ལྷོ་ཁུལ་གུང་ཧོ་རྫོང་སྤྲེའུ་ནག་གྲོང་རྡལ་དུ་ཡོད་པ་དང་། ངང་དཀར་དང་ཁྲུང་ཁྲུང་སྐེ་ནག་ལ་བརྟེན་ནས་མིང་གྲགས་པའི་ན་གཞོང་བརླན་ས་ཡོད་ལ། དོ་སྲུང་མི་སྣས་སྐོར་སྲུང་ཁུལ་ཁོངས་གཙོ་བོའི་གྲས་ཀྱི་གཅིག་ཀྱང་ཡིན།

རྡོ་རྗེ་མཚོ་མོ་ནི་ན་གཞོང་སྲུང་སྐྱོབ་ས་ཚིགས་ཀྱི་སྐྱེ་ཁམས་དོ་སྲུང་བ་ཞིག་ཡིན་པ་དང་། ན་གཞོང་བརླན་སའི་དཀར་ལ་ཁུལ་ཁོངས་སུ། རྒྱང་ཤེལ་ལ་བརྟེན་ནས་མཚོ་ངོས་ཀྱི་སྒོང་སྙོལ་བྱེད་བཞིན་པའི་ཁྲུང་ཁྲུང་སྐེ་ནག་ཆ་གཅིག་ལ་ལྟ་དཔྱད་བྱེད་དུས། ཁོ་མོས་ད་ལོར་ས་དེའི་ཁོར་ཡུག་སྲུང་སྐྱོབ་མི་སྣ་དང་མཉམ་དུ་ཁྲུང་ཁྲུང་སྐེ་ནག་ལ་བྱ་ཚང་བཟོ་རོགས་བྱས་པའི་སྣང་ཚུལ་ཕྱིར་དྲན་བྱས།

ཟླ4པ་ནས་ཟླ5པའི་བར་དུ། ཁོ་མོ་དངོས་སུ་ཁྲུང་ཁྲུང་སྐེ་ནག་ལ་བྱ་ཚང་བཟོ་བའི་ཁྲོད་ཞུགས་པ་དང་། རྡོ་རྗེ་མཚོ་མོས། དེ་ནི་སྐྱེ་ཁམས་དོ་སྲུང་པར་གྱུར་བའི་ལོ་གཅིག་གི་རིང་ཐོག་དང་པོར་སྲུང་སྐྱོབ་བྱ་བའི་ཁྲོད་དངོས་ཞུགས་བྱས་པ་ཡིན་ལ།  ཁོ་མོར་མྱོང་ཚོར་ཟབ་མོ་བྱིན་ཟེར།

རྡོ་རྗེ་མཚོ་མོ་སྤྲེའུ་ནག་གྲོང་རྡལ་ཐེབ་རྒྱ་སྡེ་བའི་མི་ཡིན་པ་དང་། སློབ་གྲྭ་ཆེན་མོ་ནས་མཐར་ཕྱིན་རྗེས་ཕྱིར་ཕ་ཡུལ་དུ་ལོག་ནས་སྐྱེ་ཁམས་དོ་སྲུང་པ་ཞིག་བྱས། ཐོག་མར་ཚོད་ལྟའི་རྣམ་འགྱུར་བཟུང་ནས་སྐྱེ་ཁམས་སྲུང་སྐྱོབ་བྱ་བར་ཞུགས་པ་དང་། མི་འགྱངས་པར་ཁ་འབྲལ་རྒྱུའི་སེམས་པ་བཟུང་ཡོད་ན་ཡང་། སྟེས་དབང་གིས་ཁོ་མོ་ད་ལྟ་དོ་སྲུང་ས་ཚིགས་ཀྱི་སྐྱེ་ཁམས་དོ་སྲུང་པ་འཇོན་པོ་ཞིག་ཏུ་གྱུར།

ཆེས་ཐོག་མའི་དོ་སྲུང་བྱ་བར་རྒྱུས་མངའ་མེད་མཁན་ཞིག་ནས་ད་ལྟའི་ཆ་ཡོད་རྒྱུས་ཡོད་ཀྱི་དོ་སྲུང་བ་ཞིག་ཏུ་གྱུར་བའི་གོ་རིམ་ཁྲོད། དགའ་ཞེན་ཡོད་ལ་སེམས་ཤུགས་ཆེན་པོ་ཡང་བཏོན་ཡོད་པ་དང་། བཅར་འདྲི་བྱེད་སྐབས་ད་དུང་རང་ཉིད་ཀྱིས་པར་ལེན་བྱས་པའི་དངོས་བཀོད་གློག་བརྙན་ཐུང་ངུ་ཞིག་འགྲེམ་སྟོན་བྱས། ཁོ་མོས་སྐྱེ་ཁམས་དོ་སྲུང་དང་པར་ལེན་སོགས་ཀྱི་ཆེད་ལས་གསོ་སྦྱོང་ལ་ཞུགས་པའི་ཁྲོད། ཁོ་མོས་ལག་རྩལ་སྔར་ལས་མང་པོ་སྦྱོང་ཐུབ་པ་བྱུང་ལ། བྱ་བ་དངོས་ཀྱི་ཁྲོད་ཀྱང་བཀོལ་ཐུབ་པས། དོ་སྲུང་སྐོར་སྲུང་བྱ་བ་སྤེལ་སྐབས་ལས་སླ་ཞིང་ཕན་འབྲས་ཆེན་པོ་ལྡན་ཟེར།

རྡོ་རྗེ་མཚོ་མོ་ནི་ན་གཞོང་སྲུང་སྐྱོབ་ས་ཚིགས་ཀྱི་བུད་མེད་སྐྱེ་ཁམས་དོ་སྲུང་པ་གཅིག་པུ་ཡིན་པ་དང་། ན་གཞོང་སྲུང་སྐྱོབ་ས་ཚིགས་ཀྱི་དཔོན་པོ་ཡུས་ཞའོ་ཝེ་ཡིས་ཁོ་མོའི་བྱ་བར་བསྔགས་བརྗོད་བྱས་ནས་བཤད་རྒྱུར། ཁོ་མོས་རང་ཉིད་ཀྱི་གསར་གཏོད་བསམ་བློ་དང་ལྟ་བ་མང་པོ་སྐྱེ་ཁམས་དོ་སྲུང་བྱ་བའི་བཀོལ་ནས། སྲུང་སྐྱོབ་ས་ཚིགས་ལ་བྱ་བ་མང་པོ་བསྒྲུབས་ཟེར།

ན་གཞོན་སྟོབས་ཤུགས་སྔར་ལས་མང་པོ་སྐྱེ་ཁམས་སྲུང་སྐྱོབ་ཁྲོད་ཞུགས་པ་དེ་ནི། ང་རྒྱལ་སྐྱེས་ཆོག་ལ་གོང་བཀུར་བྱེད་འོས་པའི་དོན་དག་ཅིག་ཡིན། ཡུས་ཞའོ་ཝེ་ཡིས། གཞིས་ཁུལ་མཉམ་སྡོམ་མཉམ་འཛུགས་ལ་སྐུལ་འདེད་གཏོང་བའི་གོ་རིམ་ཁྲོད། ཁོ་ཚོས་གསོ་སྦྱོང་སྤེལ་བ་སོགས་ཀྱི་རྣམ་པ་མང་པོ་བརྒྱུད་དེ། རྒྱལ་ཁབ་སྤྱི་གླིང་དང་སྐྱེ་ཁམས་སྲུང་སྐྱོབ་ཀྱི་འདུ་ཤེས་དྲིལ་སྒྲོག་རྒྱ་ཆེར་བྱས་པར་མ་ཟད། མི་སྔར་ལས་མང་པོ་སྲུང་སྐྱོབ་ཁྲོད་ཞུགས་པར་སྣེ་ཁྲིད་བྱས་ཟེར།

དེང་སྐབས། མཐའ་འཁོར་གྱི་མང་ཚོགས་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ལག་བསྟར་པ་དང་དྲིལ་སྒྲོག་པར་གྱུར་ཡོད་ལ། འོས་འགན་སྐྱེ་ཁམས་དོ་སྲུང་པའི་དཔུང་སྡེ་རྒྱུན་མ་ཆད་སྟོབས་ལྡན་དུ་གྱུར། སྤྲེའུ་ནག་གྲོང་རྡལ་དཀར་ལ་སྡེ་བ་དང་ལུའུ་སེ་སྡེ་བའི་མགོན་པོ་བཀྲ་ཤིས་དང་འཇམ་དཔལ་གཉིས་ཀ་ན་གཞོང་སྲུང་སྐྱོབ་ས་ཚིགས་ཀྱི་སྐྱེ་ཁམས་དོ་སྲུང་བར་གྱུར་རྗེས། དཀའ་ཁག་ལ་མི་འཛེམ་པར་སྲུང་སྐྱོབ་ཁྲོད་ཞུགས་པ་དང་། ཉིན་རྒྱུན་དུ་རི་སྐྱེས་རི་དྭགས་ཀྱི་འཚོ་སྡོད་གནས་ཚུལ་ཟིན་ཐོར་བཀོད་ཀྱིན་ཡོད་ལ། མགོན་པོ་བཀྲ་ཤིས་ཀྱིས་མཚོ་སྔོན་པོའི་བཞུར་རྒྱུད་ཀྱི་རི་ཞུམ་དང་རི་བྱིའི་པར་རྒྱག་ཐུབ་པ་བྱུང་ལ།  དེས་ཁུལ་ཁོངས་ནང་གི་སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོབ་བྱེད་པའི་ཐད་དཔྱད་གཞིའི་ཡིག་ཆ་གལ་ཆེན་གྱི་འདེགས་སྐྱོར་འདོན་སྤྲོད་བྱས།