རྒྱལ་ཁབ་སྤྱི་གླིང་ནི་ང་ཚོའི་ཁྱིམ་གཞིས་ཡིན། ​
2024.08.21 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 21

ཝང་ཀུའོ་ཀྲུང་ནི་མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་དགོན་ལུང་བདག་སྐྱོང་ས་ཚིགས་ཀྱི་སྤྱི་ཚོགས(གཅིག་ལྕོགས)བདག་སྐྱོང་པ་ཞིག་ཡིན། ཟླ7པའི་ཚེས29ཉིན་གྱི་སྔ་དྲོར་ཁོས་གསར་འགོད་པར“དེ་རིང་ཆར་བ་བབས་བྱུང་། དེ་མིན་ན་སྐབས་འདིར་རི་ཁུག་ཏུ་སྐོར་སྲུང་བྱེད་བཞིན་ཡོད”ཅེས་བཤད་བྱུང་། 

སྐད་ཆ་བཤད་བཞིན་དུ། ཝང་ཀུའོ་ཀྲུང་གི་སེམས་པའི་བྱེའུ་སྔ་མོ་ནས་རི་སུལ་དུ་འཕུར། ཁོས་ཞིང་ལས་གཉེར་བཞིན་ཡོད་ཀྱང་སེམས་སུ་རི་སུལ་གྱི་རི་སྐྱེས་སྲོག་ཆགས་རྣམས་ལ་རྨས་སྐྱོན་ཕོག་ཡོད་མེད་དང་དོན་རྐྱེན་བྱུང་ཡོད་མེད་ལ་སེམས་ཁུར་བྱེད་ཀྱིན་ཡོད། བསམ་བློ་ཡང་ཡང་བཏང་རྗེས་ཁོས་ཕྱི་དྲོར་གནམ་གཤིས་ཇེ་བཟང་དུ་ཕྱིན་ཚེ། སྐོར་སྲུང་ཁུལ་དུ་སྐོར་སྐྱོད་བྱེད་ཞོར་པར་འགའ་ལེན་རྒྱུའི་ཐག་བཅད།

ཉིན་དེའི་ཕྱི་དྲོར་གནམ་ཐང་ནས་ཉི་མ་ཤར་བས། ཝང་ཀུའོ་ཀྲུང་གིས་པར་ཆས་ཁུར་ཏེ་རོགས་པ་ཆི་ཨུ་ལི་དང་མཉམ་དུ་ནགས་ཁུལ་དུ་བསྐྱོད།

སྐྱེ་ཁམས་བདག་སྐྱོང་པའི་ལས་འགན་གཅིག་ལྕོགས་ཀྱི་ལས་གནས་ཐོག་ཝང་ཀུའོ་ཀྲུང་གིས་ལོ་ངོ7གྱི་རིང་ལ་ལས་ཀ་བསྒྲུབས། སྤྱིར་ན། ཝང་ཀུའོ་ཀྲུང་གིས་དེ་འདྲའི་དཀའ་ལས་རྒྱག་མི་དགོས། ལོ་ན44ལ་སླེབས་་ཡོད་པའི་ཁོ་ནི། དེ་སྔ་མིན་ཡོན་ཧུའེ་རིགས་རང་སྐྱོང་རྫོང་དྲུ་གུ་ཞང་དྲུ་གུ་དགོན་སྡེ་བའི་སྨན་པ་ཞིག་ཡིན་ཞིང་།ཞིང་ལས་བྲེལ་བ་ཆེ་བའི་སྐབས་སུ་ཞིང་ལས་ལ་བྲེལ་བ་དང་། ཞིང་ལས་ཁོམ་གསེང་གི་སྐབས་སུ་སྨན་རྩལ་སློབ་པའི་སྟེང་ལ་འབད་པ་བྱས་པས། སྡེ་བའི་མི་ལྔ་བརྒྱ་ལྷག་གི་མགོ་ན་བ་དང་ཀླད་ཚ་རྒྱས་པ་སོགས་ནད་གཞི་ཆུང་ངུའི་རིགས་སྨན་བཅོས་བྱས་པས་འཚོ་བ་ཧ་ཅང་ཕུན་སུམ་ཚོགས།

འགྱུར་ལྡོག་ནི་བསྒྱུར་བཅོས་ལས་བྱུང་བ་ཡིན།

མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའི་བྱ་བ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་བ་དང་། གསར་གཏོད་དང་དོ་དམ་གྱི་སྒྲིག་སྲོལ་ནང་རྐྱེན་རེ་རེ་དང་། སྐྱེ་ཁམས་སྲུང་སྐྱོབ་སླར་གསོ་ལ་ཤུགས་སྣོན་པའི་བྱེད་ཐབས་རེ་རེ་མུ་མཐུད་ལག་བསྟར་བྱས་པ་དང་བསྟུན་ནས། མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་གི་སྐྱེ་ཁམས་མཛེས་སྡུག་ལྡན་པར་གྱུར་ཅིང་། དམངས་ཡོངས་ཞུགས་པའི་རྣམ་པ་ཆགས་པ་དེས་སྐྱེ་ཁམས་ཀྱི་ཕན་ཁེ་བསྐྱལ་ཡོང་བར་མ་ཟད། རོང་འབྲོག་པ་མང་པོས་ཝང་ཀུའོ་ཀྲུང་དང་འདྲ་བར“སྐྱེ་ཁམས་དཀར་ཡོལ”ལག་ཏུ་བཟུང་སྟེ་སྐྱེ་ཁམས་བདག་སྐྱོང་པར་གྱུར་ཡོད།

ཝང་ཀུའོ་ཀྲུང་གིས་འགན་ཁུར་བའི་ས་ཁོངས་ཀྱི་རྒྱ་ཁྱོན་སྤྱི་ཆིང100ལྷག་ཡོད། སྐོར་སྲུང་བྱེད་བདེ་བའི་ཆེད་དུ། ཁོས་ས་ཁོངས་དེ་དུམ་བུ་དྲུག་ཏུ་བགོས་ནས་ཐེངས་རེར་དུམ་བུ་རེ་བགོས་ཡོད། ཐག་རིང་སར་ཆུ་ཚོད་བདུན་བརྒྱད་དུ་བསྐྱོད་དགོས་པ་དང་། ཐག་ཉེ་སར་ཆུ་ཚོད་གཉིས་གསུམ་ཙམ་ལས་འགོར་གྱིན་མེད། ཕལ་ཆེར་གཟའ་འཁོར་གཅིག་ནང་ས་ཁོངས་ཡོངས་སུ་སྐོར་སྲུང་ཐེངས་གཅིག་བྱེད་ཐུབ་པ་རེད།

སྐོར་སྲུང་བྱ་བ་སྒྲུབ་པ་དང་ཆབས་ཅིག ནགས་ཚལ་དུ་འཚོ་བ་སྐྱེལ་བཞིན་པའི་སྲོག་ཆགས་ཆུང་ཆུང་སྣ་ཚོགས་ཀྱིས་ཝང་ཀུའོ་ཀྲུང་གི་སེམས་པ་ཡོངས་སུ་བཀུག་པས། ཁོས་ལག་འཁྱེར་ཁ་པར་སྤྱད་དེ་རི་སྐྱེས་སྲོག་ཆགས་ཀྱི་ཉིན་རེའི་འགུལ་སྐྱོད་པར་དུ་བླངས་ཤིང་ཟིན་ཐོར་བཀོད་པར་མ་ཟད། དྲ་ཐོག་སློབ་སྦྱོང་དང་སློབ་སྦྱོང་འཛིན་གྲྭར་ཞུགས་ཏེ། པར་ལེན་ལག་རྩལ་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བཞིན་ཡོད།

ད་ལྟ་མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ཞིང་ཆེན་དོ་དམ་ཅུས་ཀྱིས་སྐྱེ་ཁམས་རིག་གནས་སྒྱུ་རྩལ་གསར་རྩོམ་ལས་དོན་རྒྱུན་ཆད་མེད་པར་བཅོས་བསྒྱུར་དང་རྒྱ་བསྐྱེད་པ་དང་། སྐུལ་ལྕག་ནང་རྐྱེན་འཐུས་ཚང་དུ་བཏང་བར་བརྟེན། ཝང་ཀུའོ་ཀྲུང་ལའང་ཆེད་དུ་བཀོད་སྒྲིག་བྱས་པའི་ཆེད་ལས་པར་ལེན་ཡོ་བྱད་ཡོད་པར་མ་ཟད།དུས་དེ་ནས་བཟུང་སྐྱེ་ཁམས་པར་ལེན་གྱི་བགྲོད་ལམ་སྟེང་རྒྱང་ནས་རྒྱང་དུ་ཕྱིན།

རི་བོར་སྐོར་སྲུང་བྱེད་ཐེངས་རེར་ཝང་ཀུའོ་ཀྲུང་གིས་རྟག་ཏུ་པར་ཆས་ཁུར་ནས། མེ་ཏོག་མཐོང་ཚེ་མེ་ཏོག་པར་དུ་བླངས་པ་དང་། འདབ་ཆགས་མཐོང་ཚེ་འདབ་ཆགས་པར་དུ་བླངས། དེ་ལྟར་ལོ་གཅིག་ལ་པར་སུམ་སྟོང་ནས་བཞི་སྟོང་ལེན་གྱིན་ཡོད། རིམ་བཞིན་ཁོ་ནི་ས་དེའི་ཉེ་རྒྱང་ཀུན་ལ་སྐད་གྲགས་ཆོད་པའི་སྐྱེ་ཁམས་པར་རྒྱག་མཁན་ཞིག་ཏུ་གྱུར་པ་དང་། བརྩམས་ཆོས་ལ་པར་ལེན་འགྲན་སྡུར་ཁྲོད་བྱ་དགའ་ཐེངས་མང་ཐོབ་པར་མ་ཟད། ད་དུང་སྡེ་ཁག་དང་ལས་ཁུངས་སོ་སོས་དཔྱད་གཞིའི་ཡིག་རིགས་ཀྱི་པར་རིས་སུ་བདམས་དང་འདེམ་གྱིན་ཡོད།

ཝང་ཀུའོ་ཀྲུང་གིས་དགའ་སྤྲོའི་ངང་བཤད་རྒྱུར། “སྤྱི་ཚོགས་སྐྱེ་ཁམས་བདག་སྐྱོང་པའི་ལས་ཀ་འདི་བསྒྲུབས་པས་ང་ཡི་འཚོ་བར་འགྱུར་ལྡོག་ཆེན་པོ་བྱུང་སོང་། རང་ཉིད་ཀྱི་མིག་རྒྱང་དང་བློ་རྒྱ་ཆེ་རུ་ཕྱིན་པར་མ་ཟད། ཕྲུ་གུ་གཉིས་ལ་ཡང་ཤུགས་རྐྱེན་བཟང་པོ་ཐེབས་ཏེ། སློབ་སྦྱོང་ལ་བརྩོན་འགྲུས་ཆེ་རུ་སོང་བས་བསླབ་འབྲས་ཀྱང་ཇེ་བཟང་དུ་སོང་ཡོད”ཟེར།

མིག་སྔར་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དུ་འབྲོག་པ་སྐྱེ་ཁམས་བདག་སྐྱོང་པ17211གིས་རྩྭ་ཐང་བདག་སྐྱོང་དང་། སྐྱེ་ཁམས་ལྟ་ཞིབ། གནམ་གཤིས་ལྟ་ཞིབ་ཚད་ལེན་སོགས་ཀྱི་བྱ་བ་བསྒྲུབས་ནས་མཛེས་སྡུག་ལྡན་པའི་གཞིས་ཁྱིམ་དང་སྲོག་ཆགས་ཁྲི་སྟོང་མང་པོར་སྲུང་སྐྱོབ་བྱེད་ཀྱིན་ཡོད།

བཅོས་བསྒྱུར་གྱི་དཔྱིད་རླུང་ལྡང་བ་དང་བསྟུན་ནས། མཚོ་སྔོན་གྱིས་རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་བཏང་བ་དང་།རང་བྱུང་སྐྱེ་ཁམས་མ་ལག་གི་གདོད་མའི་རང་བཞིན་དང་ཆ་ཚང་རང་བཞིན་ལ་སྲུང་སྐྱོབ་བྱེད་པར་ཤུགས་བསྣན་ཏེ། རང་བྱུང་སྲུང་སྐྱོབ་ས་ཆའི་ལམ་ལུགས་ཀྱི་ཚད་གཞིའི་མ་ལག་སྔོན་ལ་བཙུགས་པ་དང་། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གིས་ཞིང་ཆེན་དང་ཁུལ་རྫོང་ཞང་སྡེ་བ་བཅས་རིམ་ལྔའི་རྒྱལ་ཁབ་སྤྱི་གླིང་དོ་དམ་སྒྲིག་སྲོལ་སྔོན་ལ་མངོན་འགྱུར་བྱུང་བ་དང་། མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་གིས་སྐྱེ་ཁམས་སྲུང་སྐྱོབ་དང་། དྲིལ་སྒྲོག་སློབ་གསོ། དམངས་འཚོ་འཕེལ་རྒྱས། མི་རིགས་མཐུན་སྒྲིལ་བཅས་གཞི་གཅིག་ཏུ་འདྲེས་པར་བྱས་ཏེ།“སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས+”སྡེ་ཁུལ་མཉམ་སྐྲུན་མཉམ་སྤྱོད་ཀྱི་རྣམ་པ་ཐོག་མར་བསྐྲུན་པ་དང་། མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་གིས་མཐོ་སྒང་ཁོ་ནར་ཡོད་པའི“ཆུ་བོ་དང་རྩྭ་ཐང་ཉ་མོ་འདབ་ཆགས་གཅན་གཟན”བཅས་མཉམ་གནས་ཀྱི་སྐྱེ་ཁམས་མ་ལག་གྲུབ་པར་བྱས་ཏེ། མི་དང་རང་བྱུང་འཆམ་མཐུན་མཉམ་གནས་ཡོང་བའི་ཐད་གོམ་སྟབས་བརྟན་པོ་སྤོས་ཡོད།

མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ཞིང་ཆེན་དོ་དམ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཧན་ཆང་གིས་བཤད་རྒྱུར།“ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་བཅོས་བསྒྱུར་ཕྱོགས་ཡོངས་ནས་སྔར་བས་ཟབ་སྤེལ་གྱི་སྤྱིའི་དམིགས་ཚད་ཁ་གསལ་བཟོས་ཡོད། ལོ་རྒྱུས་ཀྱི་མགོ་འཛུགས་ས་གསར་པའི་ཐོག་ལངས་ནས།ང་ཚོས‘ཚད་གཞི་མཐོ་བ་དང་སྤུས་ཚད་མཐོ་བའི་མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་མུ་མཐུད་དུ་བསྐྲུན་རྒྱུའི’དམིགས་ཚད་ཀྱི་བླང་བྱ་ཁོང་དུ་ཆུད་པ་དང་། མཉམ་འགོག་མཉམ་སྲུང་མཉམ་བཅོས་སོགས་ཀྱི་སྒྲིག་སྲོལ་ནང་རྐྱེན་གྱི་ནུས་པ་སྔར་ལས་འདོན་སྤེལ་དང་། ཚན་ཞིབ་འདེགས་སྐྱོར་མ་ལག་བསྐྲུན་རྒྱུར་ཤུགས་སྣོན་པ། དྲིལ་སྒྲོག་སློབ་གསོའི་ཆས་རྟགས་ཀྱི་ཤུགས་རྐྱེན་ཆེ་རུ་གཏོང་བ། སྡེ་ཁུལ་མཐུན་སྦྱོར་དང་ལྗང་མདོག་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་རྒྱུ་བཅས་ཕྱོགས་བཞི་ལ་ཤུགས་བསྣན་ཏེ། རྒྱལ་ཁབ་སྤྱི་གླིང་གཙོ་གཞི་ཡིན་པའི་རང་བྱུང་སྲུང་སྐྱོབ་ས་ཆའི་མ་ལག་འཛུགས་སྐྲུན་ལ་མུ་མཐུད་ཤུགས་སྣོན་པ་དང་། རྒྱལ་ཁབ་ཀྱི་མཚོན་བྱེད་རང་བཞིན་དང་འཛམ་གླིང་ལ་ཤུགས་རྐྱེན་ཡོད་པའི་རང་བྱུང་སྲུང་སྐྱོབ་ས་ཆའི་དཔེ་སྟོན་བསྐྲུན་རྒྱུ་ཡིན”ཟེར།

བཅོས་སྒྱུར་ལ་གོ་རིམ་མ་གཏོགས་འགྲུབ་སོང་བའི་དུས་ཞེས་པ་ཞིག་མེད། དེང་སྐབས། མཚོ་སྔོན་པོའི་ལྗོངས་རྒྱུ་ཁུལ་དུ་མཛེས་ལྗོངས་ཁུལ་མནའ་འབྲེལ་འཛུགས་པ་སོགས་གསར་གཏོད་བྱེད་ཐབས་རྒྱུན་ཆད་མེད་པར་མགྱོགས་མྱུར་ངང་ལག་བསྟར་བྱེད་བཞིན་ཡོད་པས། འདི་དག་གིས་གསར་སྐྲུན་ཁྲོད་ཀྱི་མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་ལ་གཞི་རྒྱུ་གསར་པ་དང་སྒུལ་ཤུགས་གསར་པ་བསྩལ་ཡོད།

གཙང་གསུམ་འབྱུང་ཡུལ་ནས་མདོ་ལ་རིང་མོའི་འདབས་དང་། དེ་ནས་མཚོ་སྔོན་པོའི་འགྲམ་ངོགས་བཅས་གང་ལ་མཚོན་ན་ཡང་། རྒྱལ་ཁབ་སྤྱི་གླིང་བསྐྲུན་ཚེ་མཚོ་སྔོན་གྱི་སྐྱེ་ཁམས་དཔལ་ཡོན་མཐོ་ཚད་གསར་པར་བསྐྱོད་རྒྱུར་རོགས་འདེགས་ཐུབ་པ་དང་། སྔོ་ལྗང་རི་ཆུ་དང་རབ་མཛེས་མཚོ་སྔོན་གྱི་མཛེས་སྡུག་ལྡན་པའི་ཕུགས་འདུན་མངོན་འགྱུར་འབྱུང་ཐུབ། །

རིན་ཆེན་མཚོས་རྩོམ་སྒྲིག་བྱས།