གངས་རི་ལས་མཆེད་པའི་ཆུ་རྒྱུན་ཤར་དུ་བབས་ཏེ། ཕྱོགས་ཀྱི་སྐྱེ་དངོས་ཐམས་ཅད་ལ་གསོན་ཤུགས་བསྩལ་ཞིང་། རི་ཀླུང་ཐང་ཆེན་གྱི་བར་བར་ན་གཙོད་ཁྱུ་རྒྱང་རིང་དུ་གཤར་ནས་ཚེ་སྲོག་གི་རྒྱུན་ཐག་བསྐྱངས། གཡུ་ཡི་མེ་ལོང་འདྲ་བའི་མཚོ་སྔོན་པོ་རུ་ལྡེམ་མྱུར་རྐྱལ་རྩལ་ཡངས་པའི་གསེར་ཉ་དག་ལྡོག་རྐྱལ་ལ་འགྲན་སློང་སོགས་ད་ལྟའི་མདོ་དབུས་མཐོ་སྒང་དུ་ཡོད་པའི་མཚོ་སྔོན་གྱི་སྐྱེ་ཁམས་མ་ལག་གི་ཆ་ཚང་རང་བཞིན་དང་གདོད་མའི་རང་བཞིན་ལ་ཆུ་ཚད་མཐོ་པའི་སྲུང་སྐྱོབ་ལེགས་པོ་ཐོབ་ཡོད་ལ། ཁྲིམས་སྐྱོང་གི་སྟོབས་ཤུགས་ལ་བརྟེན་ནས་སྔོ་ཞིང་དྭངས་པའི་རི་ཆུར་ཡང་སྲུང་སྐྱོབ་ལེགས་པོ་བྱས་ཡོད།
མདོ་དབུས་མཐོ་སྒང་ནི་འཛམ་གླིང་གི་ཡང་རྩེ་དང་ཨེ་ཤ་ཡའི་ཆུ་མཛོད་ཡིན་ཞིང་། ཀྲུང་གོའི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་གལ་ཆེན་ཡང་ཡིན།
མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་བཅའ་ཁྲིམས་ནི2023ལོའི་ཟླ9བའི་ཚེས1ཉིན་ནས་ལག་བསྟར་བྱས། ལས་རིགས་ནང་ཁུལ་གྱི་ཆེད་མཁས་པས་བརྗོད་པ་ལྟར་ན། སྲུང་སྐྱོབ་བཅའ་ཁྲིམས་གཏན་འབེབས་ལག་བསྟར་བྱས་པ་དེས་མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་ལ་ཤུགས་སྣོན་དང་། རྒྱལ་ཁབ་ཀྱི་སྐྱེ་ཁམས་དཔལ་ཡོན་མཐོ་ས་འཛུགས་སྐྲུན། དཔལ་འབྱོར་སྤྱི་ཚོགས་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་མངོན་འགྱུར་ཡོང་བ་བཅས་ལ་དོན་སྙིང་གལ་ཆེན་ལྡན་ཟེར།
ཉེ་ལམ་གསར་འགོད་པས་ཀུན་དགའ་རང་ཉིད་མཐོང་དུས། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྐྱེ་ཁམས་ལྟ་སྲུང་བ་ཞིག་ཡིན་པའི་ཆ་ནས་ཁོ་འཕྲུལ་རྟར་བྱོན་ནས་རྩྭ་ས་དང་རྒྱང་རིང་རི་ཁུལ་དུ་སྐོར་གཡེང་བྱེད་བཞིན་ཡོད། ཁོས་བཤད་རྒྱུར། ང་ཚོས་པར་ཆས་དང་ཟིན་བྲིས་འཁྱེར་ནས་ཕ་ཡུལ་གྱི་རི་སྐྱེས་སྲོག་ཆགས་དང་། རྩི་ཤིང་གི་འགྱུར་ལྡོག་ཟིན་ཐོར་བཀོད་པ་ཡིན། དུས་རྒྱུན་ལམ་བར་དུ་རྨས་སྐྱོན་ཕོག་པའི་རི་སྐྱེས་སྲོག་ཆགས་སོགས་ལ་འཕྲད་ཀྱིན་ཡོད། གནས་ཚུལ་འདི་རིགས་ལ་འཕྲད་ཚེ་རང་ཉིད་སྐྱེ་ཁམས་ ལྟ་སྲུང་པ་ཞིག་ཡིན་པའི་ཆ་ནས་མྱུར་དུ་ས་གནས་ཁྲིམས་འཛིན་ལས་ཁུངས་ལ་འབྲེལ་གཏུག་བྱས་པ་ཡིན་ཟེར།
འཛམ་གླིང་གི་རང་བྱུང་ཤུལ་བཞག་ཨ་ཆེན་གངས་རྒྱབ་ཀྱི་ཆེས་དམའ་བའི་དྲོད་གྲངས་གོར་ཐིག་མན་གྱི་ཏུའུ40ལྷག་ཡིན་ལ། དེ་ནི“མིའི་རིགས་ཀྱི་ཚེ་སྲོག་ཐར་དཀའ་བའི་གནས”ཡིན་པ་དང་། རི་དྭགས་གཙོད་ཀྱི་དགའ་ཚལ་ཡང་རེད། སྔོན་ཆད་རི་དྭགས་ལྐོག་རྔོན་མཁན་མང་པོས་རྒྱལ་ཁབ་ཀྱི་བཀག་སྡོམ་བཀའ་རྒྱ་སྣང་མེད་དུ་བཞག་ནས་ཨ་ཆེན་གངས་རྒྱབ་ཏུ་བསྐྱོད་དེ། རི་དྭགས་གཙོད་ལྐོག་རྔོན་བྱས་པ་རེད།
ད་ལོའི་ཟླ8པའི་ཟླ་མཇུག་ཏུ། མཚོ་སྔོན་ཞིང་ཆེན་སྤྱི་བདེ་ཐིན་ནགས་ཚལ་ཉེན་རྟོག་སྤྱི་ཁྱབ་རུ་ཆེན་ཨ་ཆེན་གངས་རྒྱབ་ནགས་ཚལ་སྤྱི་བདེ་ཅུས་ཀྱི་སྐོར་ཞིབ་པ་རྣམས་ཡང་བསྐྱར་མི་མེད་ས་ཁུལ་དུ་བསྐྱོད་ནས་སྐོར་ཞིབ་བྱས། ཨ་ཆེན་གངས་རྒྱབ་ནགས་ཚལ་སྤྱི་བདེ་ཅུས་ཀྱི་ཅུས་ཀྲང་ངག་དབང་བསྟན་པས་བཤད་རྒྱུར། སྐོར་ཞིབ་རུ་ཁག་གིས་ལོ་རེར་གཞི་ཁྱོན་ཆེ་བའི་སྐོར་ཞིབ་ཐེངས12བྱེད་དགོས་ལ། ད་ལྟའི་བར་རྒྱུན་ཆད་མ་མྱོང་། རུ་མི་རྣམས་ཀྱི་སྐོར་ཞིབ་ནི་གཙོ་བོ་རི་དྭགས་ལྐོག་རྔོན་དང་། གཏེར་ཁ་ལྐོག་འདོན་སོགས་ཁྲིམས་འགལ་ཉེས་སྤྱོད་ལ་རྡུང་རྡེག་གཏོང་ཆེད་དང་། ཨ་ཆེན་གངས་རྒྱབ་ཀྱི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་ཆེད་ཡིན་ཟེར།
ལམ་ལུགས་ཧ་ཅང་ནན་ཞིང་ཁྲིམས་སྐྱོང་ཧ་ཅང་དམ་པའི་སྒོ་ནས་སྐྱེ་ཁམས་ཁོར་ཡུག་ལ་རྒྱུན་རྣམ་ཅན་གྱི་སྐོར་ཞིབ་བྱས། ལོ་ངོ20ལྷག་རིང་གི་སྲུང་སྐྱོབ་ལྷོད་མེད་བརྒྱུད། ཨ་ཆེན་གངས་རྒྱབ་ཏུ་རི་དྭགས་ལྐོག་རྔོན་གྱི་མདའ་སྐད་མི་གོ་བར་གྱུར་བ་དང་། གཙོད་ཀྱི་གྲངས་ཀ་ཡང་དུས་རབས་སྔོན་མའི་ལོ་རབས80བའི་མཇུག་གི་ཁྲི2ནས་ད་ལྟའི་ཁྲི7ལྷག་ལ་འཕར་ཡོད།
ཉེ་ལམ། མདོ་དབུས་མཐོ་སྒང་ཕྱོགས་བསྡུས་ཚན་ཞིབ་དང་རྟོག་ཞིབ་ཐེངས་གཉིས་པའི་གྲུབ་འབྲས་ལ་གཞིགས་ན། འདས་པའི་ལོ15ཡི་རིང་མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་མ་ལག་སྤྱིའི་ཆ་ནས་ཇེ་ལེགས་སུ་སོང་ཡོད། ནང་སྒོས་སུ་སྤུས་ལེགས་རྩྭ་ས་དང་ནགས་ཚལ་གྱི་རྒྱ་ཁྱོན་སོ་སོར6%དང12%འཕར་ཡོད། ལྟག་ཆུ་བསྐྱིལ་གསོག་དང་ས་རྒྱུ་སྲུང་སྐྱོབ། རླུང་འགོག་བྱེ་འགོག་གི་ཞབས་ཞུ་བྱེད་ནུས་སོ་སོར1%དང2%། 70%བཅས་ཇེ་ལེགས་སུ་ཕྱིན་ནས། སྐྱེ་ཁམས་མ་ལག་གི་ཞབས་ཞུ་བྱེད་ནུས་རིམ་བཞིན་ཇེ་མཐོར་སོང་ཡོད། དེ་དང་ཆབས་ཅིག མདོ་དབུས་མཐོ་སྒང་གི་ལོ་རེའི་ཐཱན་ཏུན་བྱེ་བ་དྲུག་དང་ས་ཡ་ལྔར་ བརྒལ་བ་ཇེ་ཉུང་དུ་བཏང་ཡོད་པ་མངོན་ཡོད་པས་རྒྱལ་ཡོངས་སུ་ཐཱན་སྙོམས་སྒྲིག་ཐད་ལ་ལེགས་སྐྱེས་ཕུལ་ཡོད།
ཀྲུང་གོའི་ཚན་རིག་གླིང་ནུབ་བྱང་སྐྱེ་དངོས་ཁོར་ཡུག་ཐོན་ཁུངས་ཞིབ་འཇུག་གླིང་གི་ཞིབ་འཇུག་པ་ཧྲིན་ཡུང་ཕེན་གྱིས་བཤད་རྒྱུར། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་བཅའ་ཁྲིམས་ལག་བསྟར་བྱས་པ་དེས་མདོ་དབུས་མཐོ་སྒང་གི་གངས་རི་དང་འཁྱགས་རོམ། བརླན་ས་བཅས་སྲུང་སྐྱོབ་བྱེད་པའི་བྱ་བ་འཐུས་ཚང་དང་། གངས་རི་དང་འཁྱགས་རོམ། བརླན་སར་ལྟ་སྐུལ་ཚད་ལེན་དང་སྔོན་བརྡའི་ཐད་ཤུགས་སྣོན་པ་སོགས་ལ་ཁ་ཕྱོགས་བསྟན་ཡོད། ཐེངས་འདིའི་མདོ་དབུས་མཐོ་སྒང་ཚན་ཞིབ་ཐེངས་གཉིས་པའི་ལས་འགན་དང་འབྲེལ་ཡོད་ཀྱི་ཚན་ཞིབ་དཔྱད་གཞི་ཟུང་འབྲེལ་བྱས་ཏེ། ཁོ་དང་ཚན་ཞིབ་པ་གཞན་དག་གིས་མཉམ་གཅིག་ཏུ་ཨེ་ཤ་ཡའི་ཆུ་མཛོད་དང་མདོ་དབུས་མཐོ་སྒང་གི་འཁྱགས་རོམ་དང་གངས་རིའི་སྐྱེ་ཁམས་ཀྱི་གཞི་རྟེན་སོགས་ལ་ཞིབ་འཇུག་བྱས་ནས། འབྲེལ་ཡོད་སྲིད་གཞུང་གི་ཇུས་ཆོད་ལ་དཔྱད་གཞིའི་རྒྱུ་ཆ་འདོན་རྒྱུ་ཡིན་ཟེར།
མཚོ་སྔོན་དུ་ད་ལྟ་བརླན་སའི་རྒྱ་ཁྱོན་སྤྱི་ཆིང་ས་ཡ་བདུན་དང་འབུམ་གཅིག་ལྷག་ཡོད་ཅིང་། དེས་རྒྱལ་ཡོངས་བརླན་སའི་སྤྱིའི་རྒྱ་ཁྱོན་གྱི12.64%ཟིན་ཡོད།
མཚོ་སྔོན་ཞིང་ཆེན་ནགས་ལས་རྩྭ་ཐང་ཅུས་བརླན་ས་དོ་དམ་ཁྲུའུ་ཡི་འབྲེལ་ཡོད་འགན་ཁུར་པས་བཤད་རྒྱུར། ད་ལྟ་མཚོ་སྔོན་དུ་ཐིན་དང་ཆུས18ཞུགས་པའི་ཞིང་ཆེན་རིམ་པའི་བརླན་ས་སྲུང་སྐྱོབ་བཞུགས་མོལ་གྲོས་ཚོགས་ཀྱི་ལམ་ལུགས་བཙུགས་ཡོད་ལ། མཚོ་སྔོན་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་དང་མཉམ་དུ་བརླན་ས་སྲུང་སྐྱོབ་དང་སྤྱི་ཕན་ཁྲིམས་འཛིན་མཉམ་ལས་ཀྱི་ལམ་ལུགས་བཟོས་ནས་བརླན་ས་སྲུང་སྐྱོབ་བྱེད་ཀྱིན་ཡོད་ཟེར།
མཚོ་སྔོན་པོའི་བྱང་ངོགས་ཀྱི་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ནི་མཚོ་སྔོན་གྱི་སྐྱེ་དངོས་སྣ་མང་རང་བཞིན་འཛོམས་པའི་ས་ཁུལ་གྲས་ཀྱི་གཅིག་ཡིན།
མཚོ་བྱང་ཁུལ་མི་དམངས་ཞིབ་དཔྱོད་ཁང་གི་ཏང་ཙུའུ་ཧྲུའུ་ཅི་གཞོན་པ། ཞིབ་དཔྱོད་དཔོན་གཞོན་པ་དབྱི་ཅུན་གྱིས་བཤད་རྒྱུར། ཁུལ་དེས་མདོ་ལ་རི་བོ་དང་། མཚོ་སྔོན་པོ་རྒྱལ་ཁབ་སྤྱི་གླིང་གཉིས་སུ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་འབྲེལ་གཏུག་ཁང3དང་། འབྲེལ་གཏུག་ས་ཚིགས7བཙུགས་ཡོད་ཅིང་། འབྲེལ་གཏུག་པ163བཀོད་སྒྲིག་བྱས་ནས་དྲ་མིག་ཅན་གྱི་སྐྱེ་ཁམས་སྲུང་སྐྱོབ་དོ་དམ་རྣམ་པ་ཆགས་ཡོད་པ་དང་། སྐྱེ་ཁམས་གཏོར་བརླག་གི་བྱ་སྤྱོད་ལ་དུས་ཐོག་ཏུ་ལྟ་ཞིབ་བྱེད་ཐུབ་པས། རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ལ་རམ་འདེགས་བྱེད་ཐུབ་ཟེར།
རྐང་ཚ་རྫོང་དཔལ་དགེ་གྲོང་རྡལ་གྱི་རྒྱལ་ལམ315ཡི་ལེ་བར186ནས188མཚམས་སུ་རྒྱལ་ཁབ་ཀྱི་སྲུང་སྐྱོབ་རིམ་པ་དང་པོའི་སྲོག་ཆགས་དགོ་དམར་གྱི་འཚོ་སྡོད་བྱེད་ས་ཡོད། རྫོང་དེའི་ཞིབ་དཔྱོད་ཁང་གིས་སྤྱི་ཕན་ཞུ་གཏུག་ཞིབ་དཔྱོད་ལྟ་སྐུལ་གྱི་ལས་འགན་སྒྲུབ་པའི་སྐབས་སུ། ཉེན་བརྡ་སྟོན་བྱེད་མཚོན་རྟགས་དང་དམིགས་བསལ་གྱི་མྱུར་ཚད་འགོག་པའི་སྲུང་སྐྱོབ་སྒྲིག་ཆས་བཀོད་སྒྲིག་མ་བྱས་པར་བརྟེན། འགྲོས་མྱུར་བའི་འགྲོ་འོང་རླངས་འཁོར་གྱིས་ནམ་རྒྱུན་ལམ་གྱི་དགོ་དམར་ལ་གདོང་ཐུག་རྒྱག་པའི་དོན་རྐྱེན་བྱུང་བཞིན་ཡོད། གྱོད་དོན་ཐོ་འགོད་བྱས་རྗེས། སྡེ་ཁག་མང་པོས་ཐེངས་མང་གྲོས་སྡུར་བྱས་ཏེ། མ་དངུལ་སྒོར་འབུམ་གཉིས་ལྷག་བརྩོན་ལེན་བྱས་ཏེ། དགོ་དམར་གྱི་སྲོག་སྐྱོབ་བརྒྱུད་ལམ་ཐོག་མ་བསྐྲུན།
མཚོ་སྔོན་སློབ་ཆེན་ཞིང་ཆེན་དང་པུའུ་གཉིས་ཀྱི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་དང་མཐོ་སྒང་ཞིང་ཕྱུགས་ལས་མཉམ་སྐྲུན་བྱེད་པའི་རྒྱལ་ཁབ་གཙོ་གནད་ཉམས་ཞིབ་ཁང་གི་ཀྲུའུ་རིན་ཀྲའོ་ཞིན་ཆུན་གྱིས་བཤད་རྒྱུར་། ཁྲིམས་སྐྱོང་དེ་མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་སྟོབས་ཤུགས་གལ་ཆེན་དུ་གྱུར་ན། སྐྱེ་ཁམས་ཀྱི་ཉེན་ཁ་འགོག་ཟོན་ཆུ་ཚད་ཇེ་མཐོར་གཏོང་བ་དང་། ཇུས་འགོད་རྩེ་གྲ་འཐུས་ཚང་དུ་གཏོང་བ་བཅས་ལ་ཕན་པར་མ་ཟད། མཐར་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཡོང་བར་ཕན་པ་རེད་ཟེར།
རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།