རྨ་ཆུའི་བཞུར་བརྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་ཆེད་མཚོ་སྔོན་གྱིས་སྟོབས་ཤུགས་གང་ཡོད་འབུལ་དགོས།
2024.09.18 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 17

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་མཚོ་སྔོན་གྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ལ་མངགས་བཅོལ་བློ་ལ་བརྟན་པོར་ངེས་ནས་འགན་འཁྲི་འཁུར་དགོས་པའི་སྐུལ་ལྕག་གནང་།

ཟླ9ཚེས12ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀན་སུའུ་ཞིང་ཆེན་ལན་ཀྲོའུ་གྲོང་ཁྱེར་དུ་རྨ་ཆུའི་བཞུར་བརྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུར་མགོ་འཛིན་མཛད། རྨ་ཆུའི་བཞུར་བརྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ཁ་ཕྱོགས་གསལ་སྟོན་བྱས་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་རང་རེའི་ཞིང་ཆེན་གྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཁྲོད་ཚུར་སྣང་ཆེན་པོ་བྱུང་། ཚང་མས་མཚོ་སྔོན་ནི་གཙང་གསུམ་མགོ་ཁུངས་དང་ཀྲུང་ཧྭའི་ཆུ་མཛོད་ཡིན་པའི་ཆ་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་རྩ་བའི་གཞི་འཛིན་སར་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅིའི་བཀའ་མངགས་བློ་ལ་བརྟན་པོར་ངེས་ནས། རྨ་ཆུའི་བཞུར་བརྒྱུད་ཀྱི་སྐྱེ་ཁམས་་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཁྲོད་ཀྱི་འཐབ་ཇུས་ངེས་གནས་ཡང་དག་པར་བཙལ་ཏེ། རྨ་ཆུའི་བཞུར་བརྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་ཆེད་མཚོ་སྔོན་གྱི་སྟོབས་ཤུགས་གང་ཡོད་འབུལ་དགོས།

སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་འབྱུང་རྩའི་རྒྱུགས་ལན་ཡག་པོ་འདེབས་དགོས།

རྨ་ཆུའི་བཞུར་བརྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་ཆེན་པོ་དང་རོགས་ལས་ཆེན་པོའི་རྣམ་པ་རྒྱུན་མཐུད་ངང་འཐུས་ཚང་དུ་བཏང་ནས། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་འགོག་ཡོལ་ཇེ་བརྟན་དུ་གཏོང་དགོས།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཞུགས་མོལ་ཚོགས་འདུའི་ཐོག་སྐྱེ་ཁམས་་མ་ལག་གལ་ཆེན་སྲུང་སྐྱོང་དང་ཉམས་གསོ་བྱེད་པའི་ལས་གཞི་གལ་ཆེན་ལག་བསྟར་གཏིང་ཟབ་བྱས་ཏེ། བཞུར་བརྒྱུད་ཀྱི་སྐྱེ་ཁམས་མ་ལག་གི་བརྟན་ལྷིང་རང་བཞིན་ཆེ་རུ་གཏོང་དགོས་པ་ནན་བཤད་གནང་བ་རེད། མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན་རང་བྱུང་སྐྱེ་ཁམས་་སྲུང་སྐྱོང་ཁྲུའུ་ཡི་ལས་བྱེད་པ་མེའོ་ཧུའེ་ཐེན་གྱིས་བཤད་རྒྱུར། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་ངེས་ནས་ཐེངས་འདིའི་བཞུགས་མོལ་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ཏན་ཏན་ཏིག་ཏིག་གིས་ལས་དོན་ལ་བརྟེན་ནས་རྨ་ཆུའི་བཞུར་བརྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་རྒྱུན་མཐུད་ངང་ཇེ་མཐོར་གཏོང་བ་དང་། རྨ་ཆུའི་བདེ་འཇགས་སྲུང་སྐྱོང་བྱས་ནས་རྨ་ཆུ་དེ་མི་དམངས་ལ་བདེ་སྐྱིད་སྐྲུན་པའི་བདེ་སྐྱིད་ཀྱི་ཆུ་བོ་ཞིག་ཏུ་འགྱུར་བར་སྟོབས་ཤུགས་འབུལ་དགོས་ཟེར།

ཞིང་ཆེན་ཆུ་བེད་ཐིན་ཆུའི་ཐོན་ཁུངས་ཁྲུའུ་ཡི་ཁྲུའུ་ཀྲང་གཞོན་པ་ཀྲང་ཡུང་ལིས་ཀྱིས་བཤད་རྒྱུར། ང་ཚོས་བཞུགས་མོལ་ཚོགས་འདུའི་ཐབས་ཇུས་བཀོད་སྒྲིག་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། ཆུའི་ཐོན་ཁུངས་ཀྱི་འགྱུར་མེད་གཅུན་འདོམས་ལམ་ལུགས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། རྒྱལ་ཁབ་ཀྱི་ཆུ་གྲོན་ཆུང་གི་བྱ་སྤྱོད་ལག་བསྟར་གཏིང་ཟབ་བྱེད་པ་དང་སྐྱེ་ཁམས་དོ་དམ་ནན་པོ་བྱེད་དགོས་ཟེར།

གཅིག་རྒྱུན་གཅིག་འཛིན་དང་། འཆར་ངོས་གཉིས་ཀྱི་སྲུང་སྐྱོང་། ཁུལ་གསུམ་གྱིས་སྣེ་ཁྲིད། འཕྲེད་ལྔ་གཞུང་ལྔ་བཅས་ཀྱི་ཆུ་དྲའི་རྣམ་པ་མྱུར་དུ་འཛུགས་སྐྲུན་བྱས་ཏེ། རྨ་ཆུའི་བཞུར་བརྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གནས་སྟངས་གསར་པར་སྐུལ་འདེད་གཏོང་བའི་ཐད་མཚོ་སྔོན་གྱི་སྟོབས་ཤུགས་འབུལ་དགོས་ཟེར།

རྨ་ཆུ་ནི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་ཏེ་རྫོང་ཁོངས་ཀྱི་བཞུར་ཚད་སྤྱི་ལེ206ཡོད་པ་དང་བཞུར་བརྒྱུད་ཀྱི་སྤྱིའི་རྒྱ་ཁྱོན་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ4652ཟིན་ཡོད། རྫོང་ཨུའི་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་གཞོན་པ། རྫོང་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུས་ཀྱི་ཅུས་ཀྲང་ཏང་འཛིན་རྒྱལ་གྱིས་བལྟས་ན། རྨ་ཆུའི་བཞུར་བརྒྱུད་ཀྱི་སྐྱེ་ཁམས་་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྒྱལ་ཁབ་ཀྱི་འཐབ་ཇུས་དམ་འཛིན་བྱས་ཏེ། ཐུན་ཏེ་རྫོང་གིས་རང་བྱུང་སྐྱེ་ཁམས་མ་ལག་སྲུང་སྐྱོང་དང་ཉམས་གསོ་བསྟུད་མར་ཇེ་མགྱོགས་སུ་གཏོང་བ་དང་། རི་ཆུ་ནགས་གསུམ་དང་། ཞིང་མཚེའུ་རྩྭ། བྱེ་མ། འཁྱགས་རོམ་བཅས་ཀྱི་མ་ལག་བཅོས་སྐྱོང་ལ་གཅིག་འདོམས་བྱས་ནས་འཁྱག་གྲང་ཆེ་བའི་རྩྭ་ཐང་གི་སྐྱེ་ཁམས་ཞན་འགྱུར་ཕྱོགས་བསྡུས་བཅོས་སྐྱོང་གི་རྣམ་པ་གསར་གཏོད་བྱེད་རྒྱུ་ཡིན་ཟེར།

ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་འབྲི་སྟོད་རྫོང་བྲག་དཀར་ཡུལ་ཚོའི་ཁུག་ཆེན་སྡེ་བའི་སྐྱེ་ཁམས་དོ་སྲུང་བ་ནོར་བུ་བཀྲ་ཤིས་ཀྱིས་བཤད་རྒྱུར། ཕ་ཡུལ་གྱི་སྐྱེ་ཁམས་ཁོར་ཡུག་བཟང་བོ་དེ་འབྲོག་པ་མང་ཚོགས་ཀྱིས་སེམས་ཞིབ་མོས་སྲུང་སྐྱོབ་བྱས་པ་དང་འབྲལ་ཐབས་མེད། ཕྱིན་ཆད་ཀྱི་བྱ་བའི་ཁྲོད། ངས་ལྡབ་འགྱུར་གྱིས་འབད་པ་བྱས་ཤིང་། སྐྱེ་ཁམས་སྲུང་སྐྱོབ་ཀྱི་དང་བླངས་བྱ་བ་བཟང་བོར་བསྒྲུབས་ནས། དོན་དངོས་བྱ་སྤྱོད་ལས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལམ་གྱི་འབྱུང་རྩའི་རྒྱུགས་ལན་ཡག་པོ་འདེབས་རྒྱུ་ཡིན་ཟེར།

ཤུགས་ཆེན་པོས་ལྷད་མེད་འཕེལ་རྒྱས་མངོན་འགྱུར་བྱེད་པར་ཐོལ་བརྒལ་གསར་བ་བྱུང་།

འཕེལ་རྒྱས་བྱེད་ཐབས་ཕྱོགས་ཡོངས་ལྷད་མེད་ཚུལ་བསྒྱུར་བྱེད་པར་སྐུལ་འདེད་བཏང་ནས་ཁྱད་ལྡན་ཁྱད་སྟོབས་ཀྱི་དེང་རབས་ཐོན་ལས་མ་ལག་འཛུགས་སྐྲུན་བྱེད་དགོས།

ཞིང་ཆེན་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གི་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ཁྲུའུ་ཡི་ལས་བྱེད་པ་མཱེ་ཞིག་ཀོན་གྱིས་བསྟན་དོན། ཕྱོས་ཡོངས་ནས་རྨ་ཆུའི་བཞུར་བརྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུས་ང་ཚོས་རྨ་ཆུའི་བཞུར་བརྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་བརྩོན་པའི་ཁ་ཕྱོགས་གསལ་སྟོན་བྱས་ཡོད། ང་ཚོས་སི་ཁྲོན་དང་ཀན་སུའུ་སོགས་སྨད་བརྒྱུད་ཀྱི་ཞིང་ཆེན་དག་གིས་རོགས་ལས་མཉམ་འབྲེལ་བྱེད་པར་ཤུགས་སྣོན་པ་དང་། ས་ཁོངས་བརྒལ་བའི་བཞུར་བརྒྱུད་ཀྱི་གྲོས་མོལ་རྐྱེན་སྲོལ་འཛུགས་པར་སྐུལ་འདེད་བཏང་སྟེ། སྐྱེ་ཁམས་ཁོར་ཡུག་གི་མཉམ་སྲུང་མཉམ་བཅོས་དང་ལྷད་མེད་ཐོན་ལས་ཀྱི་རོགས་ལས་འཕེལ་རྒྱས། རྨང་གཞིའི་སྒྲིག་ཆས་ཀྱི་གཅིག་འབྲེལ་གཅིག་བརྟེན་སོགས་ཀྱི་ཐད་ནས་ཆུ་ཚད་སྔར་ལས་མཐོ་བའི་མཉམ་འཛུགས་མཉམ་བཅོས་མཉམ་སྤྱོད་བཅས་མངོན་འགྱུར་བྱེད་དགོས།

ཉེ་བའི་ལོ་འགའི་རིང་ལ། ཀྲུང་གོའི་ཞིང་ལས་འཕེལ་རྒྱས་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་གིས་ཆུ་བེད་དངུལ་ཁང་གི་ཁྱད་ལྡན་ཐོན་རྫས་ཚོང་རྟགས་ཀྱི་སྙན་གྲགས་རྒྱས་པར་བྱས། ཀྲུང་གོའི་ཞིང་ལས་འཕེལ་རྒྱས་དངུལ་ཁང་མཚོ་སྔོན་ཡན་ལག་དངུལ་ཁང་གི་རྨང་གཞིའི་སྒྲིག་ཆས་ཀྱི་སྐུ་མགྲོན་ཁྲུའུ་ཡི་ཁྲུའུ་ཀྲང་ཧི་ཡན་གྱིས་བཤད་རྒྱུར། གོམ་རིམ་རྗེས་མར་ཞིང་ལས་འཕེལ་རྒྱས་དངུལ་ཁང་གིས་ཆུ་བེད་དངུལ་བསྐྱིས་ཀྱི་གཞི་རྒྱ་དང་སྲིད་ཇུས་རྣམ་པ། འཕེལ་རྒྱས་ཕན་ནུས། ཚོང་རྟགས་ཀྱི་སྣང་བརྙན་སོགས་ཀྱི་ཐད་ནས་ཐོལ་བརྒལ་གསར་བ་འབྱུང་བར་བྱེད་རྒྱུ་ཡིན་ཟེར།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཤུགས་ཆེན་པོས་ལྷད་མེད་ཐཱན་ཉུང་གི་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བའི་ཐད་རེ་བ་བཏོན་པ་ལས་ཟི་ལིང་གི་དཔལ་འབྱོར་ལག་རྩལ་གསར་སྤེལ་ས་ཁུལ་དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཝང་ཀྲུང་དབྱེ་ཡིས་ཁ་ཕྱོགས་གསལ་བོ་བློ་ལ་ངེས་ཡོད། ཁོས་བཤད་རྒྱུར། ང་ཚོས་མ་འོངས་པའི་ཐོན་ལས་བཀོད་སྒྲིག་ཇེ་མགྱོགས་སུ་གཏོང་བ་དང་། ཁེ་ལས་གསར་གཏོད་ཀྱི་སྟེགས་བུ་གསར་བའི་འཛུགས་སྐྲུན་ལ་སྣེ་ཁྲིད་དང་རྒྱབ་སྐྱོར་གང་ལེགས་བྱས་ཏེ། ཕྱོགས་ཡོངས་ནས་ཐཱན་ཚི་སྣའི་ཁྱད་ལྡན་ཐོན་ལས་ཁྱུ་ཚོགས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། ཐོན་སྐྱེས་ནུས་ཤུགས་གསར་མའི་འཕེལ་རྒྱས་གསོ་སྤེལ་བྱས་ནས། ས་ཁོངས་དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་གསར་སྤེལ་ས་ཁུལ་གྱི་སྟོབས་ཤུགས་འབུལ་རྒྱུ་ཡིན་ཟེར།

མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་དུ། ཉི་འོད་ནུས་པའི་གློག་གསོག་ཤེལ་ལེབ་དེ་ཨ་སྔོན་དབྱིངས་ལྟར་མུ་མཐའ་བྲལ་བར་མངོན། མཚོ་སྔོན་ཀྲུང་ཁུང་ཉི་འོད་ནུས་པའི་གློག་འདོན་ཚད་ཡོད་ཀུང་ཟིའི་འགན་ཁུར་བ་ལིའུ་ཝུན་ཁྲོང་གིས་བསྟན་དོན། འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད་ང་ཚོས་ནམ་ཟླ་བཟང་དུས་ཉིན་གང་བོར་གཏན་འཇགས་ངང་གློག་གསོག་པ་མངོན་འགྱུར་བྱས་ཡོད། མུ་མཐུད་དུ་ལྷད་མེད་འཕེལ་རྒྱས་ཀྱི་འདུ་ཤེས་རྒྱུན་འཁྱོངས་དང་། དག་གཙང་ནུས་ཁུངས་ཁྱབ་ཁོངས་ཀྱི་དངུལ་གཏོང་དང་གསར་གཏོད་ལ་ཤུགས་སྣོན་བྱས་ནས། ནུས་ཁུངས་གྲུབ་ཚུལ་བསྟུད་མར་ཇེ་ལེགས་སུ་འགྲོ་བར་སྐུལ་འདེད་བཏང་སྟེ། ཐཱན་རྩེར་སོན་དང་ཐཱན་སྙོམས་སྒྲིག་གི་དམིགས་འབེན་མངོན་འགྱུར་བྱེད་པར་མཚོ་ནུབ་ཀྱི་སྟོབས་ཤུགས་འབུལ་རྒྱུ་ཡིན་ཟེར།

མཉམ་དུ་སྔར་ལས་མཛེས་སྡུག་ལྡན་པའི་མ་འོངས་པར་ཁ་ཕྱོགས་དགོས།

རྣམ་པ་གསར་བའི་མཁར་གྲོང་ཅན་དང་གྲོང་གསེབ་དར་སྤེལ་ལ་གཅིག་འདོམས་བྱས་ཏེ། གོམ་སྟབས་བརྟན་པོས་དམངས་འཚོའི་ཕན་བདེ་ཇེ་དྲག་ཏུ་གཏོང་དགོས།

རྨ་ཆུའི་བཞུར་བརྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་གསར་བསྐྲུན་བྱའི་པའི་ཐད་ནད་མཚོ་ཤར་གྲོང་ཁྱེར་སྐྱེ་ཁམས་ཁོར་ཡུག་ཅུའུ་ཡི་ཏང་ཙུའུ་ཧྲུའུ་ཅི། ཅུའུ་ཀྲང་ཀྲུའུ་ཧྥུན་ཅཱ་ཡིས་བཤད་རྒྱུར། མཚོ་ཤར་གྲོང་ཁྱེར་གྱིས་སྲུང་སྐྱོབ་གཙོར་བཟུང་ཞིང་བཅོས་སྐྱོང་གཙོ་ཐིག་ཏུ་བྱེད་པ། ཆུའི་མགོ་ཁུངས་ཉམས་གསོ་བྱེད་པ། སྐྱེ་ཁམས་ཐོན་རྫས་སྔར་ལས་མང་བོ་གསར་བཟོ་བྱེད་པ་གནད་དུ་བཟུང་སྟེ། མི་དམངས་ལ་བདེ་སྐྱིད་བསྐྲུན་པ་དང་མ་ཡུམ་གཙང་བོའི་སྐྱེ་སྟོབས་གསོན་ཤུགས་སྲུང་འཛིན་བྱེད་པ་དམིགས་འབེན་དུ་བྱས་ནས། ཕྱོགས་ཡོངས་ནས་མཚོ་ཤར་ས་ཁོངས་ཀྱི་རྨ་ཆུའི་བཞུར་བརྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལོ་གསུམ་འགུལ་སྐྱོད་སྤེལ་དགོས་ཟེར།  ཉེ་བའི་ལོ་འགའི་རིང་ལ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདའ་བཞི་རྫོང་གསེར་ཐང་ཡུལ་ཚོའི་ཏུང་ཏཱ་སྡེ་བའི་གསོ་སྤེལ་དང་འདེབས་འཛུགས་སོགས་ཐོན་ལས་ལ་ཕྱོགས་ཡོངས་ནས་གྲུབ་འབྲས་ཐོབ་ཡོད་ཅིང་། སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཉིག་ཧྲིན་ཡུག་གིས་བསྟན་དོན། ཏུང་ཏཱ་སྡེ་བས་མུ་མཐུད་དུ་གཞི་རིམ་ཏང་རྩ་འཛུགས་ཀྱི་འཛུགས་སྐྲུན་ལ་བརྟེན་ནས་གོང་བུར་འདྲིལ་ཤུགས་ཇེ་དྲག་ཏུ་གཏོང་བ་དང་། གཞིས་སྡོད་ལ་འཚམ་པའི་ཁོར་ཡུག་གསར་བསྐྲུན་བྱེད་པ། སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་སུ་བཏང་ནས་ཐོན་ལས་དར་སྤེལ་བྱེད་པ་དང་། དམངས་ཕན་གྱི་སྲིད་ཇུས་སྣ་ཚོགས་དངོས་འབེབས་བྱས་ནས་དམངས་འཚོར་འགན་སྲུང་བྱས་ཏེ། ངོ་མཚར་བའི་ཏུང་ཏཱའི་གཏམ་རྒྱུད་བཟང་བོར་བཤད་རྒྱུ་ཡིན་ཟེར།

རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་གྲོང་ཁྱེར་བཙན་མོ་ཡུལ་ཚོའི་བཙན་མོ་སྡེ་བའི་ཧྲུའུ་ཅི་དང་པོ་ཧོང་ཐིན་ཧྥུན་གྱིས་བཤད་རྒྱུར། ང་ཚོས་ཐོན་ཁུངས་འཛོམས་པོར་རྐང་བཙུགས་ཤིང་། ཤུགས་ཆེན་པོས་སྐྱེ་ཁམས་ཡུལ་སྐོར་དང་ཁྱད་ལྡན་གྱི་མི་རིགས་རིག་གནས་ཀྱི་བརྗེ་རེས་ལ་སྐུལ་འདེད་བཏང་སྟེ་ཁེ་ཕན་ཐོབ་པར་བྱེད་པ་དང་། དམར་པོའི་གཞི་རྒྱུའི་ཤུགས་གསོག་ནུས་སྩོལ་དང་སྐྱེ་ཁམས་དཔལ་འབྱོར་གྱི་གཉིས་ཕན་མཉམ་གནས་བྱེད་པ། གྲོང་གསེབ་འཛུགས་སྐྲུན་དེ་ཉིན་རེ་བཞིན་ཇེ་བཟང་དུ་འགྲོ་བ། དམངས་འཚོའི་ཕན་བདེ་སྔར་ལས་ཇེ་དྲག་ཏུ་གཏོང་བ་བཅས་མངོན་འགྱུར་བྱེད་རྒྱུ་ཡིན་ཟེར།

མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དེ་མཚོ་བོད་མཐོ་སྒང་གི་ལྟེ་བ་དང་གཙང་གསུམ་འབྱུང་ཡུལ་གྱི་དཀྱིལ་སྙིང་ས་ཁུལ་དུ་གནས་ཡོད་ཅིང་། ཀྲུང་ཧྭའི་ཆུ་མཛོད་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན། མགོ་ལོག་ཁུལ་དགའ་བདེ་རྫོང་ཁྱི་འབྲི་ཡུལ་ཚོའི་འབྲོག་པ་བསོད་ནམས་མགོན་གྱིས་བཤད་རྒྱུར། ཉེ་བའི་ལོ་འགའི་རིང་ལ། ཕ་ཡུལ་གྱི་སྐྱེ་ཁམས་ཇེ་བཟང་དུ་སོང་བར་མ་ཟད། བསྟུད་མར་གྲོང་གསེབ་དར་སྤེལ་ཐོན་ལས་སྤེལ་ནས་ཚང་མའི་ཡོང་འབབ་ཇེ་མང་དུ་སོང་ཡོད། ངས་ཀྱང་འབད་བརྩོན་སྔར་ལས་ཆེན་པོ་བྱས་ཏེ་མཛེས་སྡུག་ལྡན་པའི་ཕ་ཡུལ་འཛུགས་སྐྲུན་བྱེད་རྒྱུ་མ་ཟད་སྔར་ལས་ལྷག་པའི་འཚོ་བའི་ཕྱོགས་ལ་གོམ་ཁ་བསྒྱུར་རྒྱུ་ཡིན་ཟེར།

མཚོ་ནུབ་ཁུལ་ན་གོར་མོ་གྲོང་ཁྱེར་གདང་ལ་གྲོང་རྡལ་འབྲི་ཆུའི་མགོ་ཁུངས་སྡེ་བའི་ཧྲུའུ་ཅི་དང་པོ་ལིང་ལིང་གིས་ཡིད་ཆེས་ཡོད་པའི་སྒོ་ནས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་ང་ཚོས་གྲོང་གསེབ་དར་སྤེལ་གྱི་འཐབ་ཇུས་ལག་བསྟར་བྱེད་པར་སྒུལ་ཤུགས་གསར་བ་ཁ་སྣོན་བྱས་ཡོད། སྡེ་སྡོད་ཧྲུའུ་ཅི་དང་པོ་ཡིན་པའི་ཆ་ནས། ངས་སྡེ་མི་ཚང་མའི་སྣེ་ཁྲིད་དེ་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བགྲོད་ལམ་སྟེང་དཔའ་ངར་ཆེན་པོས་མདུན་བསྐྱོད་བྱས་ནས། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་གྲོང་གསེབ་ཀྱི་སྟོབས་ཤུགས་འབུལ་རྒྱུ་ཡིན་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།