བཀྲ་ཤིས་དར་རྒྱས་དང་ཁོའི་ལས་གྲོགས་གསུམ་པོའི་ལས་ཀ་ལས་ཡུལ་ནི་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཆུ་དམར་ལེབ་རྫོང་གི་སྨྲི་ཏི་ཆུ་འགོའི་གད་སྙིགས་བར་བརྒྱུད་ས་ཚིགས་ཡིན་ལ། སྤྱི་ལེ100ལྷག་གི་ཕྱི་རོལ་གྱི་སྒལ་གྲོ་ཡོག་ཏུ། ད་དུང་གད་སྙིགས་བར་བརྒྱུད་ས་ཚིགས་ཤིག་ཀྱང་ཡོད། ཁོ་ཚོའི་ལས་གྲོགས་གཞན་པ་བཞི་ཡིས་ནམ་ཡང་དེ་གར་བརྟན་སྲུང་བྱེད་ཀྱིན་ཡོད།
མཚོ་བོད་གཞུང་ལམ་ནི་འཛམ་གླིང་དུ་མཚོ་འཕང་མཐོ་ཤོས་དང་ལམ་ཐག་རིང་ཤོས་ཀྱི་སྣུམ་ལམ་ཞིག་ཡིན་ལ། བོད་ལྗོངས་སུ་བསྐྱོད་པར་ལམ་ཐག་ཅུང་ཐུང་བ་དང་། ལམ་བབ་ལེགས་ཤོས། བདེ་འཇགས་ལྡན་ཤོས་བཅས་ཀྱི་གཞུང་ལམ་ཞིག་ཀྱང་ཡིན། ལོ་གཅིག་གི་དུས་ཚིགས་བཞི་པོར་རླངས་འཁོར་ཤར་གཏོང་ཐུབ་ཅིང་བོད་དུ་སྐྱོད་པའི་ལམ་ཐིག་ཚང་མའི་ཁྲོད་བྲེལ་འཚུབ་ཆེ་ཤོས་ཀྱི་གཞུང་ལམ་ཞིག་རེད།
“འགྲོ་འོང་བྱེད་མཁན་གྱི་རླངས་འཁོར་ཇེ་མང་དུ་ཕྱིན་པ་དང་ལམ་རྒྱུད་དུ་གད་སྙིགས་ཀྱང་རང་ཤུགས་ཀྱིས་ཇེ་མང་དུ་སོང་ཡོད་པས། ང་ཚོ་དཀའ་ལས་ལ་སྐྲག་ཚེ་ལམ་རྒྱུད་ནི་གད་སྙིགས་ར་བར་འགྱུར་ངེས་རེད།”རང་ས་རང་ཡུལ་གྱི་འབྲོག་པ་དང་ལྷག་པར་སྐྱེ་ཁམས་བདག་སྐྱོང་པ་ཡིན་པའི་བཀྲ་ཤིས་དར་རྒྱས་ཀྱིས་འགྱིག་རིགས་གད་སྙིགས་ཀྱིས་རྩྭ་ཐང་གི་སྐྱེ་ཁམས་དང་འབྲོག་པའི་ཐོན་སྐྱེད་དང་འཚོ་བར་གནོད་འཚེ་ཇི་འདྲ་ཞིག་ཐེབས་ཀྱིན་པ་གསལ་པོར་ཤེས་ཡོད།
མཐོ་སྒང་དུ་བྱེ་རླུང་ཆེ་བ་དང་ལྷག་པར་དཔྱིད་དུས་སུ་བྱེ་རླུང་གིས་གད་སྙིགས་གང་སར་ཁུར་འགྲོ་བས། རླུང་འཚུབ་འཇགས་པའི་ཚེ་ན། གཙང་འགྲམ་དང་རྒྱལ་ལམ་གཡས་གཡོན་དུ་གད་སྙིགས་མང་པོ་སྤུངས་ཡོད།
ཨ་ཆེན་གངས་རྒྱབ་ས་ཁུལ་ལ“སྐྱེ་ཁམས་ས་རྒོད”ཅེས་འབོད་ལ། བཀྲ་ཤིས་དར་རྒྱས་ཀྱིས་བལྟས་ན། དེ་གར་སྐྱེ་ཁམས་སྲུང་སྐྱོབ་ཀྱི་བྱ་བ་སྒྲུབ་པ་དང་དེ་གའི་རི་ཆུ་སྲུང་སྐྱོབ་བྱ་རྒྱུ་ནི་གཟི་བརྗིད་ལྡན་པའི་བྱ་བ་ཞིག་ཡིན་པར་བརྟེན། དཀའ་སྡུག་ཇི་འདྲ་མང་པོར་འཕྲད་ཀྱང་ཁོའི་སེམས་ལ་དགའ་སྤྲོ་དཔག་མེད་སྐྱེ་བཞིན་འདུག
བཀྲ་ཤིས་དར་རྒྱས་ནི་ཆུ་དམར་ལེབ་རྫོང་ཆུ་དམར་ཡུལ་ཚོ་མདོ་ཕྱུག་སྡེ་བའི་མི་ཡིན་པ་དང་། 2017ལོར་ན་གོར་མོ་གྲོང་ཁྱེར་དུ་གནས་སྤར། 2022ལོར་ཆུ་དམར་ལེབ་རྫོང་གིས་སྨྲི་ཏི་ཆུ་འགོ་དང་སྒལ་གྲོ་ཡོག་གད་སྙིགས་བར་བརྒྱུད་ས་ཚིགས་བཙུགས་ནས་དབུལ་ཐར་ཁྱིམ་ཚང་ལ་ལས་གནས་བརྒྱད་བཀོད་སྒྲིག་བྱས་པས། སྐབས་དེ་དང་བསྟུན་ནས་ཁོ་རང་སྨྲི་ཏི་ཆུ་འགོར་ཡོང་བ་ཞིག་རེད།
“ཐོག་མར་ཅུང་ཙམ་མིན་ན་ལས་ཀ་དེའི་མཇུག་སྐྱོང་མ་ཐུབ། དེ་ནི་དཀའ་ལས་ཆེ་བའི་རྐྱེན་གྱིས་མིན་པར། གཙོ་བོ་ནི་ཤིན་ཏུ་སྦགས་བཙོག་ཆེ་བའི་རྐྱེན་གྱིས་ཡིན་ལ། བསམ་ཡུལ་ལས་འདས་པའི་སྦགས་བཙོག་ཆེ་བ་ཞིག་རེད།”2022ལོའི་ཟླ4པར་བར་བརྒྱུད་ས་ཚིགས་སུ་སླེབས་མ་ཐག་པའི་ཉིན་དེ་དག་གི་ནང་དུ་ཕར་འགྲོ་ཚུར་འོང་བྱེད་མཁན་གྱི་ཟོག་འདྲེན་རླངས་འཁོར་གྱི་ཁ་ལོ་པ་དང་ཡུལ་སྐོར་པས་རླངས་འཁོར་གྱི་སྒེའུ་ཁུང་ནས་གཡུགས་པའི་གད་སྙིགས་མཐོང་བས་བཀྲ་ཤིས་དར་རྒྱས་དཔའ་ཞུམ་སོང་།
འོན་ཀྱང་བསམ་བློ་ཞིབ་མོ་ཞིག་བཏང་ན། “གལ་སྲིད་དཀའ་ངལ་འདི་ཙམ་ལས་ཀྱང་བརྒལ་མ་ཐུབ་ཚེ་ཕ་ཡུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་རྒྱུ་ཞེས་པ་ནི་སྐད་ཆ་སྟོང་པ་ཞིག་མ་ཡིན་ནམ། ཁྱིམ་དུ་ལོག་རྗེས་ཕ་མ་དང་བུ་ཕྲུག་ལའང་རང་ཉིད་ཀྱི་དཔའ་ཇི་ལྟར་ཞུམ་ཚུལ་བཤད་མ་ཐུབ།”
ཉི་མ་རེ་རེར། རང་གིས་རང་ལ་སྙིང་ཕུར་བརྡབས་ནས་དུས་ཡུན་རིང་པོ་སོང་རྗེས་ཁོ་རང་ལོབས་པར་གྱུར་ཅིང་། ལམ་བརྒྱུད་ཀྱི་གངས་རི་དང་རྩྭ་ཐང་། གཙང་པོ་དང་མཚེའུ། ཐང་རྒོད་བཅས་སོང་མྱོང་བའི་ས་ཆ་རེ་རེ་ཡིས་ཆེས་ཐོག་མའི་དག་གཙང་གི་བཞིན་མདངས་མངོན་ཏེ། ཡོད་ཚད་ཀྱིས་ཁོ་ལ་ཇི་ལྟར་བསྒྲུབས་ན་དེ་ལྟར་གྲུབ་འབྲས་ཐོབ་པའི་ཚོར་སྣང་སྦྱིན་བྱུང་། “ང་ཚོའི་ལས་ཀ་དེ་ཕལ་ཆེར་ཆེས་སྦགས་བཙོག་གི་ལས་ཀ་ཞིག་ཡིན་སྲིད་མོད། འོན་ཀྱང་ང་ཚོ་ས་ཆ་གང་དུ་བསྐྱོད་ཀྱང་། ཤུལ་དུ་བསྐྱུར་པ་ནི་དག་གཙང་གི་ས་གཞི་ཡིན། ”
མཚོ་འཕང་མུས4500ལྷག་བརྒལ་བའི་ཨ་ཆེན་གངས་རྒྱབ་ཏུ་གད་སྙིགས་བཏུ་བ་དང་གཙང་སེལ་བྱ་རྒྱུ་ནི་ལས་སླ་བའི་བྱ་བ་ཞིག་གཏན་ནས་མིན། མཐོ་སྒང་གི་གནམ་གཤིས་ལ་འགྱུར་ལྡོག་ཤིན་ཏུ་རྒོད། སྔུན་ཏག་ཏག་ལ་ནམ་མཁའ་གཡའ་དག་ནའང་། དེ་མ་ཐག་ཏུ་གློག་འཁྱུག་ཅིང་ཆར་འབབ་ལ། ལྷག་པར་དགུན་དཔྱིད་གཉིས་ཀྱི་དུས་སུ། གློ་བུར་དུ་བབས་པའི་བུ་ཡུག་གིས་ཁོ་ཚོ་ག་བྱེད་འདི་བྱེད་མེད་པར་བཏང་ནས་ལམ་ངོས་སུ་ཁ་བ་སྤུངས་ཏེ་དར་ཆགས་ཤིང་། ཁོ་ཚོའི་བགྲོད་ལམ་ཁ་བས་བཀག་འགྲོ་བ་རེད།
ད་ལོའི་ཟླ5པའི་ཟླ་སྟོད་དུ། བཀྲ་ཤིས་དར་རྒྱས་དང་སྒལ་གྲོ་ཡོག་བར་བརྒྱུད་ས་ཚིགས་ཀྱི་འགན་འཁུར་པ་རྡོ་རྗེ་གཉིས་ནམ་རྒྱུན་དང་འདྲ་བར། ཁ་ཆད་ལྟར་རང་རང་ས་ནས་ལམ་ལ་ཆས་ཏེ་ཁུ་ནུ་རི་བོའི་ཉག་ག་དང་རླུང་མེ་ལའི་ཉག་ག་བར། མཚོ་བོད་གཞུང་ལམ་བརྒྱུད་དེ་གད་སྙིགས་འཐུ་བཞིན་ལམ་བར་དུ་མཉམ་འཛོམས་བྱ་རྒྱུའི་འཆར་གཞི་བཟོས། བསམ་ཡུལ་ལས་འདས་པ་ཞིག་ལ་ལམ་ཕྱེད་དུ་སེར་བ་བབས་ནས་གྲང་ངར་ཆེ་བའི་མཐོ་སྒང་གི་གྲང་རླུང་ཁྲོད་གློ་བུར་དུ་རྒྱལ་ལམ་སེར་བས་བཀླུབས་བྱུང་།
སེར་བ་འབབ་མཚམས་བཞག་སྟེ། སྤྲིན་ནག་རང་སར་ཡལ་རྗེས་ས་ཡང་རིམ་གྱིས་རུབ་བྱུང་ནའང་རླངས་འཁོར་མདུན་དུ་གོམ་གང་ཡང་བགྲོད་ཐབས་མ་བྱུང་། ཁོ་གཉིས་རླངས་འཁོར་ནང་ནས་ཞག་གང་བོར་འཁུམས་ཉལ་བྱས་ཏེ། ཕྱི་ཉིན་ཞོགས་པར་ད་གཟོད་ཕྱིར་ལོག
2023ལོའི་ཟླ3པའི་ཉིན་ཞིག བཀྲ་ཤིས་དར་རྒྱས་ཀྱིས་བར་བརྒྱུད་ས་ཚིགས་ཀྱི་རླངས་འཁོར་བསྐོར་ཏེ། ཁུ་ནུ་རི་བོའི་ཉག་གར་གད་སྙིགས་གཙང་དབོར་བྱེད་དུ་སྐྱོད་ཀྱིན་ཡོད། ཕྱིར་ལོག་པའི་ལམ་བར་དུ་རླངས་འཁོར་ཁེགས་ནས་ཞོགས་པའི་དུས་ཚོད4བར་བསྒུགས་པ་དང་འགྲིམ་འགྲུལ་སླར་གསོ་བྱུང་སྐབས་རླངས་འཁོར་ལ་གློ་བུར་དུ་ཆག་སྐྱོན་བྱུང་བས། ཕྱི་ཉིན་གྱི་མཚན་གུང་དུ་ད་གཟོད་བར་བརྒྱུད་ས་ཚིགས་སུ་ལོག
བཀྲ་ཤིས་དར་རྒྱས་ཀྱིས་བཤད་རྒྱུར། “བྱ་བ་འདི་དཀའ་ཚེགས་ཧ་ཅང་ཆེ་མོད། འོན་ཀྱང་ང་ཚོ་ཁེར་རྐྱང་དུ་འབད་འཐབ་ལ་ཞུགས་པ་ཞིག་མ་ཡིན་པར། ཕ་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་བྱེད་པའི་དོན་དུ། ཚང་མས་ཧུར་ཐག་འབད་ཐག་བྱེད་ཀྱིན་ཡོད། ” ཁོ་ཚོ་གཏན་འཁེལ་ལྟར་ཟླ་རེར་ཐེངས་བཞི་ཡོང་གིན་ཡོད། མདོ་ཕྱུག་སྡེ་བའི་ཚོ་ཆུང12ཀྱི་སྐྱེ་ཁམས་བདག་སྐྱོང་པ360ལྷག་ས་ཕྱོགས་སོ་སོ་ནས་འདུས་ཏེ། ཕྱར་བ་གྲུ་འདེགས་ཀྱིས་ཁོར་ཡུག་བཅོས་སྒྲིག་གི་བྱ་བ་བསྒྲུབ་པ་དང་མི་མང་པོ་ཞིག་གིས་རང་གི་རླངས་འཁོར་བསྐོར་ཞིང་རས་གུར་དང་ཉལ་ཆས་ཁྱེར་ཡོང་ལ། ཡོང་ཐེངས་རེར་འགན་འཁྲིའི་ས་ཁོངས་ཀྱི་ལས་འགན་རྦད་དེ་ལེགས་གྲུབ་བྱུང་རྗེས་ད་གཟོད་ཁ་འབྲལ་གྱིན་ཡོད།
བཀྲ་ཤིས་དར་རྒྱས་དང་ལས་གྲོགས་ཀྱི་སྒར་ས་ཆེན་པོ་སྟེ་སྨྲི་ཏི་ཆུ་འགོའི་གད་སྙིགས་བར་བརྒྱུད་ས་ཚིགས་ནི་ས་ཁྱོན་སྨི་གྲུ་བཞི་མ3195ཡོད་པའི་དེང་རབས་ཅན་གྱི་གད་སྙིགས་ས་ཚིགས་ཤིག་ཡིན་པ་དང་། གད་སྙིགས་ཐག་གཅོད་འཁོར་ཁང་དེ་ཤིང་རྒྱུ་ཁུལ་དང་། རིགས་དབྱེ་ཁུལ། ཚུར་བསྡུའི་ཁུལ་སོགས་ས་ཁོངས་མང་པོ་ཞིག་ཏུ་དབྱེ་ཡོད། ཚུར་བསྡུའི་ཁུལ་དེ་ལྕགས་ཀྲིན་དང་འགྱིག་དམ། ལྕགས་སྙིགས་ཤོག་སྙིགས་སོགས་ཀྱི་ཁུལ་ཞིབ་ཅིང་ཕྲ་བར་དབྱེ་ཡོད།
རྩོམ་སྒྲིག་པ། ཤ་བོ་རིན་མཚོ།