2024ལོའི་ཟླ་དྲུག་པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་རྟོག་ཞིབ་གནང་སྐབས་གསུང་བཤད་གལ་ཆེན་གནང་ནས་མཚོ་སྔོན་ལ་འཆར་གཞི་བཀོད་དེ། མཐོ་སྒང་གི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ཁ་ཕྱོགས་དང་ཐབས་ལམ་གསལ་སྟོན་གནང་།
མཚོ་སྔོན་ནི་འབྲི་ཆུ་དང་། རྨ་ཆུ། རྫ་ཆུ་བཅས་ཀྱི་འབྱུང་ཁུངས་ཡིན་ལ་སྐྱེ་དངོས་སྣ་མང་གི་མཚོན་བྱེད་རང་བཞིན་ཆེ་ཤོས་ལྡན་པའི་ས་ཁོངས་ཀྱི་གྲས་ཤིག་ཀྱང་ཡིན། ཀྲུང་གོའི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་གལ་ཆེན་ཞིག་ཡིན་པའི་ངོས་ནས། གཙང་གསུམ་འབྱུང་ཡུལ་སྲུང་སྐྱོབ་ཡག་པོ་དང“ཀྲུང་ཧྭའི་ཆུ་མཛོད”སྲུང་སྐྱོབ་ཡག་པོ་བྱེད་རྒྱུ་ནི་མཚོ་སྔོན་གྱི་འདོར་ཐབས་མེད་པའི་ཆབ་སྲིད་ཀྱི་འགན་འཁྲི་ཞིག་ཡིན། “རྒྱལ་དོན་གྱི་ཆེ་ཕྱོགས”བློ་ལ་བརྟན་པོར་ངེས་ནས་མཚོ་སྔོན་གྱིས་འགན་འཁྲི་མཐའ་གཅིག་ཏུ་འཁུར་བ་དང་། བློ་བརྟན་འགྱུར་མེད་ངང“ཀྲུང་ཧྭའི་ཆུ་མཛོད”སྲུང་སྐྱོབ་བྱེད་པ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་ནུས་ཤུགས་ཡོད་རྒུས་བསྐྲུན་པ་བཅས་བྱས་ཏེ། གཙང་གསུམ་འབྱུང་ཡུལ་གྱི་ཆུ་མོ་དྭངས་གཙང་དང་། “ཀྲུང་ཧྭའི་ཆུ་མཛོད”གི་ཆུ་འགོ་དྭངས་གཙང་ཡོང་བ་བྱས་ཡོད།
མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟ་གོ་སྐབས་སུ་བྱས་ནས་སྐྱེ་ཁམས་སྲུང་སྐྱོབ་ལམ་སྲོལ་གསར་གཏོད་དང་། སྐྱེ་ཁམས་སླར་གསོའི་བཟོ་འགོད་གལ་ཆེན་ལག་བསྟར་བྱས་པས། སྔོན་ཆད་ཉམས་ཞན་དུ་གྱུར་བའི་རྩྭ་ཐང་དང་བརླན་སར་སླར་ཡང་གསོན་ཤུགས་རྒྱས་ཡོད།
གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་བསྐྲུན་རྗེས་གླིང་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་སླར་གསོ་བྱུང་ཡོད། ས་ནག་ཐང་བཅོས་སྐྱོང་བྱེད་པའི་བརྒྱུད་རིམ་ཁྲོད་དར་ལག་རྫོང་གིས་མཉམ་བསྲེས་རྩྭ་འདེབས་སོགས་ཞིང་ལས་ལག་རྩལ་གྱི་བྱེད་ཐབས་སྣ་ཚོགས་ཕྱོགས་བསྡུས་ལག་བསྟར་བྱས་ནས་རྩྭ་ས་ཞན་འགྱུར་གྱི་རྣམ་པ་སླར་གསོ་བྱས་པས། རྩྭ་ཐང་གི་སྐྱེ་ཁམས་ནུས་པ་ཇེ་ལེགས་སུ་སོང་བ་དང་ཐོན་སྐྱེད་ནུས་ཤུགས་མངོན་གསལ་སྒོས་ཇེ་མཐོར་སོང་ཞིང་། རྩྭ་ཕྱུགས་དོ་སྙོམས་ཀྱི་གནད་དོན་ཐག་གཅོད་ལེགས་པོ་བྱས།
མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གཅིག་སྒྲིལ་རྫོང་ནི་འབྲི་ཆུ་དང་རྨ་ཆུའི་ཆུ་རྒྱུད་ཆེན་པོ་གཉིས་ཀྱི་གསོ་འཁྱོངས་ཁུལ་དུ་གནས་པ་དང་ཆུའི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པས། “ཀྲུང་ཧྭའི་ཆུ་མཛོད”གི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ། སྐྱེ་ཁམས་ཀྱི་གོ་གནས་ཧ་ཅང་གལ་ཆེ། གཙང་བོ་དང་མཚེའུ་ཡི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་ཤུགས་སྣོན་བྱེད་ཆེད། གཅིག་སྒྲིལ་རྫོང་གིས་རྫོང་དང་། ཡུལ་ཚོ། སྡེ་བ་བཅས་རིམ་པ་གསུམ་གྱི་ཆུ་དཔོན་དང་ དང་བླངས་ཞབས་ཞུ་ཟུང་དུ་འབྲེལ་བའི“མཉམ་འགོག་མཉམ་བཅོས་དང་མཉམ་འགུལ་གྱི་དོ་དམ་ལམ་སྲོལ་བཙུགས་པ་དང་། རིམ་པ་གསུམ་གྱི་ཆུ་དཔོན་དང་མཚོ་དཔོན་དོ་དམ་མ་ལག་བཙུགས་ནས། རྫོང་ཡོངས་ཀྱི་ཆུའི་སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ངང་ཇེ་ལེགས་སུ་སོང་ཡོད།
རྩྭ་ཐང་ལ་དོ་དམ་བྱེད་མཁན་དང་གཙང་པོར་སྲུང་སྐྱོབ་བྱེད་མཁན་ཡོད་པ་སོགས་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་ཁོངས་གཏོགས་ཀྱི་ཡུལ་ཚོ་དང་གྲོང་རྡལ44ཡི་ནང་ནས་ཡུལ་ཚོ་དང་གྲོང་རྡལ30རྨ་ཆུའི་འབབ་རྒྱུད་དུ་ཡོད་པ་དང་། ཡུལ་ཚོ་དང་གྲོང་རྡལ་ 14འབྲི་ཆུའི་འབབ་རྒྱུད་དུ་གནས་ཡོད། 2005ལོ་ནས་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་གྱི་དུས་སྐབས་དང་པོ་དང་གཉིས་པའི་ལས་གཞི་ལེགས་འགྲུབ་བྱུང་ནས་ལས་གཞི་ས་ཁུལ་གྱི་རྩྭ་ཐང་གི་སྔོ་ཁེབས་ཁྱབ་ཚད་ཆ་སྙོམས་ཀྱིས14%ཇེ་མཐོར་སོང་བ་དང་། ས་ནག་ཐང་བཅོས་སྐྱོང་ཁུལ་གྱི་སྔོ་ཁེབས་ཁྱབ་ཚད20%ནས85%བར་ཇེ་མཐོར་སོང་ཡོད། དེ་དང་ཆབས་ཅིག་རིམ་པ་སོ་སོའི་ཆུ་དཔོན་དང་མཚོ་དཔོན474དང་། གཙང་པོ་དང་མཚེའུ་ཡི་ལྟ་སྲུང་པ5989བཀོད་སྒྲིག་བྱས་ནས། གཙང་པོ་དང་མཚེའུ་ཡི་ཆུ་ཁོངས་ཁྱོན་ཡོངས་ལ་ཁྱབ་པར་བྱས་པ་དང་། མི་འབུམ་གཅིག་ཁྲི་ལྔ་ལྷག་གིས་སྐྱེ་ཁམས་ཀྱི་ཁ་གསབ་ལོངས་སུ་སྤྱོད་བཞིན་ཡོད།
ད་ལྟ་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་ཀྱི་རྣམ་པ་སྔར་ལས་མཛེས་སྡུག་ལྡན་པ་དང་། ཆུ་ཁུངས་གསོ་འཁྱོངས་དང་ས་རྒྱུ་སྲུང་འཛིན་སོགས་སྐྱེ་ཁམས་ཞབས་ཞུའི་ནུས་པ་མངོན་གསལ་དོད་པོས་ཇེ་མཐོར་སོང་ནས། ས་ཁོངས་དང་ཐ་ན་རྒྱལ་ཡོངས་ཀྱི་སྐྱེ་ཁམས་དོ་སྙོམས་རྒྱུན་འཁྱོངས་བྱེད་པར་ནུས་པ་གལ་ཆེན་ཐོན་ཡོད། དྭངས་གཙང་གི་ཆུ་མོ་ཤར་ཕྱོགས་སུ་བཞུར་བར་འགན་ལེན་བྱས་པ་མ་ཟད། སྨད་རྒྱུད་མི་དམངས་ཀྱི་སྐྱེ་ཁམས་བདེ་འཇགས་ལའང་འགན་ལེན་བརྟན་པོ་བྱས་ཡོད།
གཞི་གྲངས་ལས་མངོན་པ་ལྟར་ན། མིག་སྔར་མཚོ་སྔོན་ཞིང་ཆེན་དུ་རི་སྐྱེས་སྲོག་ཆགས་རིགས665ཡོད་པ་དང་། རི་སྐྱེས་རྩི་ཤིང་རིགས2867ཡོད། ཉེ་བའི་ལོ་ཤས་རིང་། མཚོ་སྔོན་ཞིང་ཆེན་གྱིས་བཅའ་ཁྲིམས་དང་ཁྲིམས་སྲོལ་བཏོན་ནས་ཆེད་དོན་བྱ་སྤྱོད་སྤེལ་ཏེ་ཁྲིམས་འགལ་ངང་རི་སྐྱེས་སྲོག་ཆགས་ཉོ་ཚོང་བྱེད་པར་རྡུང་རྡེག་གཏོང་བ་དང་། རྩ་ཆེ་ཞིང་སྟོངས་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་སྲུང་སྐྱོབ་ལ་སྐུལ་འདེད་གཏོང་བ། རྒྱལ་ཁབ་སྤྱི་གླིང་གཙོ་བོར་བྱེད་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་མ་ལག་འཛུགས་པ་སོགས་ཀྱི་ཞིབ་ཕྲའི་བྱེད་ཐབས་རབ་དང་རིམ་པ་ལག་བསྟར་བྱས་ཤིང་། སྲོག་ཆགས་གསའ་ལ་ལྟ་ཞིབ་ཚད་ལེན་བྱས་པའི་གྲངས་ཀ་དེ་ད་ལྟ1200ལས་བརྒལ་བ་དང་། སྲོག་ཆགས་དགོ་དམར་གྱི་གྲངས་ཀ་དེ300ནས3400བར་ཇེ་མང་དུ་ཕྱིན་པ། ཁྲུང་ཁྲུང་སྐེ་ནག་གི་ཁྱུ་ཚོགས་ཀྱི་གྲངས་ཀ་དེ་ལོ་བཅུའི་རིང1400ལྷག་ནས2600བར་ཇེ་མང་དུ་ཕྱིན་པ། མཚོ་སྔོན་པོའི་ཙོང་ཉའི་གསོག་ཚད་ཏུན་འབུམ་གཅིག་དང་ཁྲི་གཉིས་བར་ཇེ་མང་དུ་ཕྱིན་ཡོད།
མཚོ་སྔོན་གྱི་སྐྱེ་ཁམས་པར་ལེན་པའི་བརྩམས་ཆོས་མང་པོ་ལས་སྐྱེ་ཁམས་ཁོར་ཡུག་དང་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་གི་འཚོ་སྡོད་གནས་ཚུལ་མཚོན་པ་དང་ཆབས་ཅིག སྤྱི་དམངས་ཀྱི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་། ཚན་རིག་ཞིབ་འཇུག་དང་ལྟ་ཞིབ་ཚད་ལེན། ཁོར་ཡུག་འགྱུར་ལྡོག་ཐོ་འགོད་བཅས་བྱེད་པར་རྒྱབ་སྐྱོར་བྱས་ནས། གཙང་གསུམ་འབྱུང་ཡུལ་གྱི་རི་སྐྱེ་སྲོག་ཆགས་དང་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་བྱེད་པར་དགེ་མཚན་ལྡན་པའི་ནུས་པ་ཐོན་ཡོད་ལ། མཚོ་སྔོན་གྱི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཕན་འབྲས་མངོན་གསལ་དོད་པོས་མཐོར་འདེགས་བཏང་ཡོད།
ཆུ་ནི་ཚེ་སྲོག་གི་འབྱུང་ཁུངས་ཡིན་ལ་སྐྱེ་ཁམས་ཀྱི་རྨང་གཞི་ཡང་ཡིན། མཚོ་སྔོན་ཞིང་ཆེན་གྱིས་སྡོང་འཛུགས་ནགས་སྐྲུན་དང་། རྨོ་བསྐྱུར་རྩྭ་གསོ་སོགས་ཀྱི་བྱེད་ཐབས་སྤྱད་དེ་གཙང་གསུམ་འབྱུང་ཡུལ་གྱི་ཆུ་ཁུངས་གསོ་འཁྱོངས་ནུས་པ་ཆེ་རུ་བཏང་ཡོད། བརླན་སའི་རྒྱ་ཁྱོན་ཆེ་རུ་ཕྱིན་པ་དང་སྔོ་ཁེབས་ཀྱི་ཁྱབ་ཚད་ཆེ་རུ་ཕྱིན་པ་དེས་ས་ཁོངས་ཀྱི་སྐྱེ་ཁམས་མཉེན་ཤུགས་ཆེ་རུ་བཏང་བར་མ་ཟད། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་འཇལ་བར་ ཇུས་གཞི་མཁོ་འདོན་བྱས་ཡོད།
2024ལོའི་ཡོངས་བསྒྲགས་དཔྱད་ཡིག་ལས་མངོན་པ་ལྟར་ན། མཚོ་སྔོན་ཞིང་ཆེན་གྱི་བརླན་སའི་རྒྱ་ཁྱོན་སྤྱི་ཆིང་ས་ཡ་བདུན་འབུམ་གཅིག་ཁྲི་གཉིས་ཟིན་ཡོད། ཉེ་བའི་ལོ་ཤས་རིང་། མཚོ་སྔོན་གྱིས《མཚོ་སྔོན་ཞིང་ཆེན་གྱི་ཆེས་གཟབ་ནན་གྱི་ཆུའི་ཐོན་ཁུངས་དོ་དམ་ལམ་ལུགས་ཀྱི་བསམ་འཆར》དང་། 《མཚོ་སྔོན་ཞིང་ཆེན་གྱི་གཙོ་གནད་འབབ་རྒྱུད་ཀྱི་ སྐྱེ་ཁམས་སྲུང་སྐྱོབ་ཁ་གསབ་བྱེད་ཐབས(ཚོད་ལྟའི་ལག་བསྟར)》། 《མཚོ་སྔོན་ཞིང་ཆེན་གྱི་འཐུང་ཆུའི་འགོ་ཁུངས་སྲུང་སྐྱོབ་སྲོལ་ཡིག》《ཆུའི་ཐོན་ཁུངས་དོ་དམ་ལས་དོན་ལ་སྔར་ལས་ཤུགས་སྣོན་པའི་སྐོར་གྱི་ལག་བསྟར་བསམ་འཆར》སོགས་ཁྲིམས་སྲོལ་བཏོན་པའི་དམིགས་ཡུལ་ནི་དོ་དམ་ལམ་ལུགས་ནན་མོ་སྤྱད་དེ་བཅའ་ཁྲིམས་ཀྱི་བྱེད་ཐབས་ལ་བརྟེན་ནས་ཆུའི་ཐོན་ཁུངས་སྲུང་སྐྱོབ་དང་སླར་གསོ་བྱ་རྒྱུ་དེ་རེད།
《2023ལོའི་མཚོ་སྔོན་ཞིང་ཆེན་གྱི་ས་ཆུ་སྲུང་འཛིན་སྤྱི་བསྒྲགས》ཀྱི་བསྡོམས་རྩིས་ལྟར་ན། 2023ལོར་མཚོ་སྔོན་ཞིང་ཆེན་གྱི་ས་ཆུ་ཤོར་ཚད2022ལོ་དང་བསྡུར་ན་སྟོང་སྨི་གྲུ་བཞི་མ1395ལྷག་ཇེ་ཉུང་དུ་སོང་ནས་མར་ཆག་ཚད0.87%ཟིན་པ་དང་། ས་ཆུ་སྲུང་འཛིན་བྱེད་ཚད77.2%ཟིན་ནས2022ལོ་ལས0.2%འཕར་ཡོད། མཚོ་སྔོན་ཞིང་ཆེན་གྱི་ས་ཆུ་ཤོར་བ་འགོག་བཅོས་ཀྱི་སྤྱི་ཡོངས་ཇེ་ལེགས་སུ་འགྲོ་བའི་རྣམ་པ་སྔར་ལས་སྲ་བརྟན་དུ་ཕྱིན་པ་དང་ས་ཆུ་ཤོར་བའི་གཞི་ཁྱོན་དང་གནོད་སྐྱོན་ཐེབས་ཚད་ མུ་མཐུད་དུ་ཇེ་དམའ་རུ་སོང་ཡོད།
ད་ལྟའི་མཚོ་སྔོན་དུ་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་དང“ཀྲུང་ཧྭའི་ཆུ་མཛོད”ཇེ་བརྟན་དུ་ཕྱིན་ནས། རི་ཆུ་དྭངས་ཤིང་གཙང་བའི་སྐྱེ་དངོས་ཡོད་ཚད་ཀྱི་མཛེས་སྡུག་ལྡན་པའི་རི་མོ་ཞིག་མངོན་ཡོད། ངོ་མཚར་ཆེ་བའི་ས་གཞི་དེའི་ཐོག་མཚོ་སྔོན་གྱིས་བྱ་སྤྱོད་དངོས་ཀྱི་ཐོག་ནས་མཐོ་སྒང་གི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་ནུས་ཤུགས་ཡོད་རྒུས་བསྐྲུན་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་སྐྱེ་ཁམས་འཛུགས་སྐྲུན་ལ་བཀྲག་མདངས་འཚེར་བའི་རྣམ་པ་ཞིག་བཏོད་པར་མ་ཟད། མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མུ་མཐུད་དུ་སྐུལ་འདེད་བཏང་སྟེ། “ཀྲུང་ཧྭའི་ཆུ་མཛོད”ལ་ནམ་ཡང་སྐྱེ་སྟོབས་ཀྱི་དཔལ་རབ་ཏུ་འབར་བ་དང་དྭངས་གཙང་རྒྱུན་མཐུད་ཐུབ་པ་བྱས་ཡོད།
སྒྲོལ་མ་སྐྱིད་ཀྱིས་བསྒྱུར།