ལྗོན་ཤིང་བསྲུངས་ནས་ལྗང་མདོག་གི་ཡུལ་གྲུ་བསྐྲུན།
2024.10.30 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 6

 ཉེ་ལམ།  གསར་འགོད་པ་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་གྲོང་ཁྱེར་ཞོ་འོང་དཔྱིས་ཀྱི་ནགས་རར་སྐྱོད་སྐབས། སྟར་ཕྲེང་སྒྲིག་པའི་མཚོ་སྔོན་སྤྲིན་གསོམ་རེ་རེ་མིག་ལམ་དུ་མངོན་ཡོང་བ་དང་། དེ་དག་ཀྲོང་ངེར་འགྱིངས་ཤིང་སྣུམ་ཡུག་ཡུག་ཏུ་སྣང་།

ཞོགས་པའི་ཉི་གཞོན་ནགས་རར་འཕྲོ་སྐབས་ནགས་རའི་འགོ་གཙོ་སྒོམ་པ་ཚེ་རིང་གིས་ནགས་ཚལ་བདག་སྐྱོང་པའི་སྣེ་ཁྲིད་དེ་ཉིན་གཅིག་གི་ལས་ཀའི་འགོ་བརྩམས། ཁོ་ཚོའི་ལུས་ལ་བབ་ཆགས་པའི་ལས་གོས་གྱོན་པ་དང་།  རྒྱབ་ཏུ་ལག་ཆ་བཅུག་པའི་ཁུག་མ་ཁུར་བ།  གོ་རེ་བསྲེགས་མ་ཁྱེར་ནས།  ནགས་རའི་སྡོང་ཕྲུག་གསབ་འཛུགས་བྱེད་བཞིན་ཡོད།

ས་དོང་གི་ཆེ་ཆུང་ལ་སྣང་མེད་བྱེད་མི་རུང་། གཏིང་ཚད་ཟབ་པའམ་ཡང་ན་མི་ཟབ་པ། ཁོད་ཡངས་པ་དང་ཡང་ན་དོག་པ་བཅས་གང་ཡིན་རུང་སྡོང་ཕྲུག་གི་སྐྱེ་ཤུགས་ལ་གནོད་པ་ཐེབས་སྲིད”ཅེས་སྒོམ་པ་ཚེ་རིང་གིས་ཕྱོགས་གཅིག་ནས་ཚད་གཞི་ལྟར་ས་དོང་བརྐོ་ཞོར་ཕྱོགས་གཅིག་ནས་ནགས་རའི་བདག་སྐྱོང་པར་དེ་ལྟར་མངགས་བཅོལ་བྱེད་བཞིན་འདུག

སྒོམ་པ་ཚེ་རིང་གིས་གཟབ་གཟབ་ངང་བདམས་པའི་མཚོ་སྔོན་སྤྲིན་གསོམ་གྱི་སྡོང་ཕྲུག་ཅིག་བཟུང་ནས། ལག་པས་སྡོང་ཕྲུག་སྐྱོར་ཏེ་རྩ་བ་དག་ས་ནང་དུ་བཙུགས་པ་འཚམ་པོ་ཡོད་མེད་ལ་བརྟག་དཔྱད་ཞིབ་མོ་བྱས་རྗེས་སྡོང་ཕྲུག་གི་རྩ་བ་དེ་ས་དོང་དེའི་ནང་བཙུགས། ནགས་སྲུང་པས་ཁོ་ལ་གཞོགས་འདེགས་བྱས་ཏེ་ལྕགས་ཁེམ་གྱིས་ས་སྙི་མོ་དེ་དག་སྡོང་ཕྲུག་གི་རྩ་བར་བླུགས་པ་དང་། ས་ཐེངས་རེ་བླུགས་རྗེས་ཁོ་ཚོས་ད་དུང་སྡོང་ཕྲུག་ཕར་སྒུལ་ཚུར་སྒུལ་ཅུང་ཙམ་བྱས་པ་དང་། ས་རྒྱུ་དེ་དག་སྡོང་ཕྲུག་གི་རྩ་བའི་བར་གསེང་དུ་ཁེངས་ཡོད་པར་ཁག་ཐེག་བྱེད་བཞིན་ཡོད།

སྡོང་ཕྲུག་འཛུགས་རྒྱུ་ནི་ཧ་ཅང་གལ་འགངས་ཆེ་ལ་དེ་ནི་ལོ་གཅིག་གི་ནང་སྡོང་ཕྲུག་འཛུགས་པའི་འགག་རྩའི་དུས་ཡིན་པ་རེད།  ད་ལོར་ལོ46ཡིན་པའི་སྒོམ་པ་ཚེ་རིང་གིས་འབད་འཐབ་དང་དངོས་སྒྲུབ་ལ་བརྟེན་ནས་ནགས་ལས་ཀྱི་ལས་གནས་སུ་ལོ་ངོ25ཡི་ལང་ཚོ་ཕུལ་ཡོད།

མིག་མདུན་ན་ལྗང་ཡུག་ཡུག་ཏུ་སྣང་བའི་ནགས་ཚལ་མཐོང་སྐབས་ཁོའི་སྣང་བ་སྐྱིད་པོ་བྱུང་།  ཁོས་བཤད་རྒྱུར། སྟོན་དུས་ལྗོན་ཤིང་གི་ལོ་འདབ་རིམ་གྱིས་སར་ལྷུང་ཡང་རྩ་བར་སྔར་བཞིན་གསོན་ཤུགས་ཀྱིས་ཁེངས་ཡོད། སྐབས་དེར་སྡོང་ཕྲུག་བཙུགས་ན། སྡོང་ཕྲུག་གིས་སྟོན་དུས་དང་དགུན་དུས་སུ་ས་རྒྱུའི་ནང་གི་ཆུ་དང་ས་བཅུད་ལེན་ཐུབ་པར་མ་ཟད། ཉར་ཚགས་ཀྱང་བྱེད་ཐུབ་པས་ཕྱི་ལོའི་དཔྱིད་དུས་སུ་སྐྱེ་ཚད་ཤིན་ཏུ་མགྱོགས།

ཞོ་འོང་དཔྱིས་ཀྱི་ནགས་ར་ནི་སྲ་ཞིང་བརྟན་པའི་ལྗང་མདོག་གི་སྐྱེ་ཁམས་སྲུང་ཡོལ་ཞིག་དང་འདྲ་བར་ཐུན་རིན་གྱི་ཡུལ་གྲུ་ལ་སྐྱེ་སྟོབས་དང་གསོན་ཤུགས་རྒྱུན་མི་ཆད་པ་མཁོ་འདོན་བྱེད་བཞིན་ཡོད།

སྔོན་ཆད་གནས་དེར་བྱེ་རླུང་དྲག་པོ་ལྡང་བ་དང་སྔོ་ཁེབས་ཉུང་བས། ས་རྒྱུར་བྱེ་རླུང་གི་བསླད་སྐྱོན་ཐེབས་ཡོད། ད་སྐབས་ཐུན་རིན་དུ་ཡོང་མཁན་ཚང་མར་ཆུ་བོའི་གཤོང་ས་དང་ནགས་གསེབ་ཀྱི་སྔོ་ལྗང་གི་རྣམ་པས་ཧ་ལས་པའི་སྣང་བ་སྦྱིན་བཞིན་ཡོད།

སྒོམ་པ་ཚེ་རིང་དང་ལས་གྲོགས་ཚོས་ལོ་ངོ་མང་པོའི་རིང་ལ་བརྟན་སྲུང་དང་བློས་གཏོང་བྱས་པ་བརྒྱུད། ཤིང་ཕྲན་རེ་རེ་སྐྱེས་ནས་ནགས་ཚལ་གྱི་ཞིང་ཁམས་ལྟ་བུར་གྱུར་པ་དང་། ཆུ་ཁུངས་གསོག་སྐྱིལ་དང་ས་ཆུ་ཤོར་བ་སྔོན་འགོག་ཐུབ་ཡོད་པར་མ་ཟད། ད་དུང་མཁའ་རླུང་གི་བརླན་ཚད་ཆེ་རུ་བཏང་བ་དང་གནམ་གཤིས་སྙོམ་སྒྲིག་བྱས་ནས་ཐུན་རིན་གྲོང་ཁྱེར་ལ་སྔར་ལས་ཡིད་དུ་འོང་བའི་གནམ་གཤིས་ཁོར་ཡུག་ཅིག་བསྐྲུན་ཡོད།

སྡོང་ཕྲུག་གསབ་འཛུགས་ལས་གཞན། སྟོན་དུས་དང་དགུན་དུས་ཀྱི་ནགས་ཚལ་མེ་ཟོན་དང་ནད་འབུའི་གནོད་འཚེ་འགོག་བཅོས་བྱ་རྒྱུ་དེའང་ནགས་རའི་བྱ་བའི་ཁྲོད་ཀྱི་དོན་དག་གལ་ཆེན་ཞིག་རེད།

སྐོར་སྲུང་བྱེད་སྐབས། སྒོམ་པ་ཚེ་རིང་དང་ནགས་སྲུང་པས་ཤིང་ལོ་སེར་པོར་གྱུར་པ་དང་། འཁྱིལ་བ། ཁྲ་ཐིག་ལྷུང་བ་སོགས་རྒྱུན་ལྡན་མིན་པའི་གནས་ཚུལ་ཡོད་མེད་དང་སྡོང་རྐང་ལ་གནོད་འབུ་ཐེབས་ཡོད་མེད་དང་ཐང་ཆུ་བཞུར་གྱིན་ཡོད་མེད་ཀྱི་སྣང་ཚུལ་ལ་ལྟ་ཞིབ་ཞིབ་མོ་བྱེད་ཀྱིན་ཡོད།

སྒོམ་པ་ཚེ་རིང་གིས་བཤད་རྒྱུར། “གནོད་འབུ་མི་ཐེབས་པའི་ཆེད་དུ། ད་ལོ་གནོད་འབུ་རྒྱུན་དུ་ཐོན་པའམ་ཡང་ན་གནོད་འབུ་འདུས་སླ་བའི་གནས་དེར་གནོད་འབུ་འཛིན་པའི་ཡོ་ཆས270བཙུགས་པར་མ་ཟད་ལྗོན་ཤིང་ལ་འགོག་སྨན་བརྒྱབ་ཡོད། ང་ཚོས་ད་དུང་ཟླ5པ་དང6པར་ཁུང་བུ་འབིགས་པའི་འགོག་བཅོས་བྱ་བ་ཐེངས་གཉིས་ལ་སྤེལ་ཏེ་ཁྱོན་སྡོམ་ལྗོན་ཤིང་ཁྲི་གཅིག་དང་སྟོང་བདུན་བརྒྱད་བརྒྱ་ལྷག་ལ་སྔོན་འགོག་ཚོད་འཛིན་བྱས་ཡོད།

ཟླ10པ་ནི་སྐམ་ཤས་ཆེ་བའི་དུས་ཡིན་པས་སྔོན་འགོག་གི་འགག་རྩའི་དུས་ཚིགས་ཤིག་ཡིན། ནགས་ཚལ་བདག་སྐྱོང་པས་སྐོར་ཞིབ་བྱེད་ཤུགས་ཆེ་རུ་བཏང་ནས་དུས་དང་རྣམ་པ་ཀུན་ཏུ་ནགས་རིར་དུ་སྨུག་འཁྲིགས་ཀྱིན་ཡོད་མེད་ལ་དོགས་ཟོན་བྱེད་དགོས་པར་མ་ཟད། དུས་བཅད་ལྟར་ནགས་ཁུལ་གྱི་ཟུར་འཇོག་ཁུལ་ནང་གི་རྩྭ་ལྡུམ་དང་ཡལ་ག་སྐམ་པོ་སོགས་འབར་སླ་བའི་དངོས་པོ་གཙང་སེལ་བྱེད་ཀྱིན་ཡོད།

ད་ལོར་སྐྱེ་ཁམས་ནགས་སྲུང་པ130ཡི་ལག་འཁྱེར་ཁ་པར་དུ“སྐྱེ་ཁམས་ནགས་སྲུང་པའི་སྐོར་སྲུངApp”ནང་འཇུག་བྱས་པས།  སྐོར་སྲུང་ལམ་ཐིག་དང་ཤེས་རྟོགས་བྱུང་བའི་གནད་དོན་སྔར་ལས་ནུས་ལྡན་ངང་ཐོ་འགོད་ཐུབ་པ་དང་། ནགས་རའི་གནས་ཚུལ་སྣ་ཚོགས་དུས་ཐོག་ཏུ་ཤེས་ཐུབ་ཀྱིན་ཡོད།

བདག་སྐྱོང་པ་སྒྲོལ་མས་བཤད་རྒྱུར།  གལ་ཏེ་ལྗོན་ཤིང་ལ་ནད་དང་གནོད་འབུ་ཐེབས་པའི་གནས་ཚུལ་མཐོང་ཚེ། བདག་སྐྱོང་པས་འདྲ་པར་གསལ་པོ་བླངས་པ་དང་། Appཡི་ནང་དུ་ནད་དང་གནོད་འབུའི་གནོད་འཚེ་ཡི་རིགས་དང་། ལྗོན་ཤིང་གི་གནས་ཡུལ། གནོད་འཚེ་ཐེབས་ཚུལ་སོགས་ཀྱི་ཆ་འཕྲིན་གསལ་བོར་འབྲི་དགོས། དུས་མཚུངས་སུ་གནམ་གཤིས་ཀྱི་འགྱུར་ལྡོག་དང་རི་སྐྱེས་སྲོག་ཆགས་ཀྱི་རིགས་སོགས་ཐོ་འགོད་བྱེད་དགོས།   ལག་རྩལ་གསར་པའི་རོགས་སྐྱོར་ཡོད་པས་ང་ཚོས་ནགས་ར་དེ་སྔར་ལས་སྲུང་སྐྱོབ་ཡག་པོ་བྱས་ནས། བུ་རབས་ཚ་རྒྱུད་ལ་དེ་བས་མཛེས་སྡུག་ལྡན་པའི་ལྗང་མདོག་ཁྱིམ་གཞིས་འཇོག་ཐུབ།

ནགས་རའི་བདག་སྐྱོང་པས་དངོས་སྒྲུབ་ཀྱི་ཐོག་ནས་འགན་འཁྲི་དང་ཁག་ཁུར་གྱི་བྱ་བ་ལག་ཏུ་བསྟར་ཞིང་། སྐོར་སྲུང་རེ་རེ་དང་། སྡོང་ཕྲུག་འཛུགས་ཐེངས་རེ་རེ། གནོད་འབུ་འགོག་གསོད་དང་མེ་འགོག་གི་བྱ་བ་སྒྲུབ་ཐེངས་རེ་རེ་བཅས་མདོར་ན་ཡོད་ཚད་ནི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ནུས་པ་ཕྲན་བུ་འདོན་ཆེད་རེད།

སྒོམ་པ་ཚེ་རིང་གིས་བཤད་རྒྱུར།  ང་ཚོས་ནགས་རར་སྐྱེ་ཁམས་ལྟ་ཞིབ་ཚད་ལེན་ས་ཚིགས་སྔར་ལས་མང་པོ་བསྐྲུན་ནས། ནགས་རའི་སྐྱེ་ཁམས་ཀྱི་གཞི་གྲངས་ཐོ་འགོད་ཞིབ་ཚགས་བྱེད་རྩིས་ཡོད། དེའི་ནང་རྩི་ཤིང་སྐྱེ་འཚར་གྱི་མྱུར་ཚད་དང་། ས་རྒྱུའི་སྤུས་ཚད་ཀྱི་འགྱུར་ལྡོག གནམ་གཤིས་གཞི་གྲངས་སོགས་ཚུད་ཡོད། དེས་སྔར་ལས་གནད་ལ་འཁེལ་བའི་སྒོ་ནས་སྲུང་སྐྱོབ་སྲིད་ཇུས་བཟོ་རྒྱུར་ཕན་ཐོགས་ཡོད། ནགས་རའི་བདག་སྐྱོང་ཁྲོད་ཀྱི་ཚན་རྩལ་ཡིབ་ཤུགས་སྔར་ལས་སྔོག་འདོན་བྱས་ནས་མི་མེད་གནམ་གྲུ་སྤྱད་དེ་མཁའ་དབྱིངས་སུ་སྐོར་ཞིབ་བྱེད་པ་དང་འབྲེལ་དམར་ཕྱིའི་ཐིག་གི་ལྟ་ཞིབ་ཚད་ལེན་ཡོ་བྱད་སོགས་རིག་ནུས་ལྟ་ཞིབ་ཚད་ལེན་སྒྲིག་ཆས་སྒྲིག་སྦྱོར་བྱས་ཏེ། རི་སྐྱེས་སྲོག་ཆགས་ཀྱི་འགུལ་སྐྱོད་ལ་དུས་ཐོག་ཏུ་ལྟ་ཞིབ་ཚད་ལེན་བྱེད་རྒྱུར་ཤུགས་སྣོན་པ་དང་། སྐྱེ་དངོས་ཀྱི་སྣ་མང་རང་བཞིན་སྲུང་སྐྱོབ་སྔར་ལས་ལེགས་པོ་བྱེད་རྒྱུ་ཡིན་ཟེར།  སྒོམ་པ་ཚེ་རིང་གིས་དུས་དང་རྣམ་པ་ཀུན་ཏུ། ཁོ་ཚོའི་འབད་བརྩོན་ནི་ལྷུང་ལྷུང་དུ་འབབ་པའི་ཆུ་ཕྲན་ལྟར་མཇུག་མཐར་གཞི་གཅིག་ཏུ་འདུས་ཏེ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ཆུ་ཀླུང་ཆེན་པོ་ཞིག་ཏུ་འགྱུར་བར་ཡིད་ཆེས་བྱེད་ཀྱིན་ཡོད།

རྩོམ་སྒྲིག་པ།སྒྲོལ་མ་སྐྱིད།