དཔལ་ཡོན་གཙང་པོ་སྲུང་སྐྱོབ་ལ་ཕན་འབྲས་བཟང་བོ་ཐོབ།
2024.11.01 ཁུངས། མཚོ་སྔོན་ཁྲིམས་ལུགས་ཚགས་པར། ཀློག་གྲངས། 10

  མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གཏེར་ལེན་ཁ་གྲོང་ཁྱེར་གྱི་མཛེས་ལྗོངས་རེ་རེ་ནི་དཔལ་ཡོན་ཆུ་བོའི་དྲིན་ལས་བྱུང་བ་དང་། དཔལ་ཡོན་ཆུ་བོར་སོག་སྐད་དུ“བདེ་སྐྱིད་ཆུ་བོ”ཞེས་འབོད་ལ། མདོ་ལ་རིང་མོའི་ཡན་ལག་རི་རྒྱུད་ལས་བྱུང་བ་རེད། ལྷུང་ལྷུང་བཞུར་བའི་ཆུ་བོ་དེ་ནི་གཡུ་ཡི་སྐེ་རགས་ཤིག་དང་མཚུངས། ཆུ་བོ་ཡོད་ན་ཆུ་ངོགས་ཡོད་པ་དང་། ཆུ་ངོགས་ཡོད་པས་ད་ལྟའི“དེང་རབས་སྙན་ངག་གྲོང་ཁྱེར་དང་། འཆར་ཡན་གྱི་རྒྱལ་ཁམས”ཡོད་པར་གྱུར་པས། དཔལ་ཡོན་ཆུ་བོ་ལ་གཏེར་ལེན་ཁ་གྲོང་ཁྱེར་གྱི“མ་ཡུམ་ཆུ་བོ”ཞེས་བསྔགས་བཞིན་ཡོད།

སྔོན་ཆད་ཀྱི“ཉེན་ཁ་ཆེ་བའི་ཆུ་བོ“དང“དྲི་ངན་ཆེ་བའི་ཆུ་བོ”ནས་ད་ལྟ་ཁོར་ཡུག་མཛེས་ཤིང་ལྟ་ན་སྡུག་པའི་ཡུལ་ལྗོངས་ཆུ་བོ་དང་། རྩྭ་ཆུ་འཛོམས་པའི་སྐྱེ་ཁམས་ཆུ་བོ། དྭངས་ཤིང་གཙང་བའི་བདེ་འཇགས་ཆུ་བོ། ཐོན་ཁུངས་ཕུན་སུམ་ཚོགས་པའི་ཐོན་ཁུངས་ཆུ་བོ། མི་དམངས་བདེ་སྡོད་ལས་བརྩོན་གྱི་བདེ་སྐྱིད་ཆུ་བོ་བཅས་སུ་གྱུར་པ་དང་། དཔལ་ཡོན་ཆུ་བོའི་འཕོ་འགྱུར་ཆེན་པོ་དེ་ནི་ཆུ་བོ་ཞིག་གི་བྱུང་རབས་ཡིན་པར་མ་ཟད། གཏེར་ལེན་ཁ་གྲོང་ཁྱེར་གྱི་ཆུའི་སྐྱེ་ཁམས་ཁོར་ཡུག་གི་བསྡུས་གཟུགས་ཡིན་ལ། དེས་གཏེར་ལེན་ཁ་གྲོང་ཁྱེར་ཏང་ཨུ་དང་གྲོང་ཁྱེར་སྲིད་གཞུང་གིས“ཆུ་གྲོན་ཆུང་བྱེད་པ་དང་། བར་སྟོང་དོ་མཉམ་ཡོང་བ། མ་ལག་བཅོས་སྐྱོང་བྱེད་པ། ཕྱོགས་གཉིས་ནས་ཤུགས་འདོན་པ”བཅས་ཀྱི་ཆུ་བཅོས་བསམ་ཕྱོགས་ལག་བསྟར་བྱས་ཏེ་ཕུལ་དུ་བྱུང་བའི་རྒྱུགས་ཤོག་སྤྲད་པ་མཚོན་ཡོད།   དཔལ་ཡོན་ཆུ་བོའི་ཆུ་ལམ་དོ་དམ་པས་སྒྲིག་ཆས་ཆ་ཚང་བཟུང་སྟེ།  ཉིན་ལྟར་སྔ་འགྲོ་འཕྱི་ལོག་ངང་རྐང་ཐང་དུ་ཆུ་ངོགས་གཉིས་སུ་སྐོར་སྲུང་དང་དོ་དམ་བྱེད་ཀྱིན་ཡོད། ཆུ་ཁར་གཡེང་བའི་སྙིགས་རོ་འདོན་པ་དང་གཙང་བཤེར་བྱེད་པ། ཆུ་ལམ་གྱི་ཆུ་བེད་སྒྲིག་བཀོད་སྲུང་སྐྱོང་བྱེད་པ། ཆུ་འགྲམ་གྱི་སྟེགས་བུ་གཙང་སྦྲ་བྱེད་པ་སོགས་ནི་ཁོ་ཚོའི་སྐོར་སྲུང་ལས་འགན་ཡིན།

གཏེར་ལེན་ཁ་གྲོང་ཁྱེར་ཆུ་བེད་ཕྱོགས་བསྡུས་ཞབས་ཕྱི་ལྟེ་གནས་ཀྱི་ཀྲུའུ་རིན་དབྱང་ཀྲིན་ཧྥུའུ་ཡིས་ངོ་སྤྲོད་བྱས་པ་ལྟར་ན། དཔལ་ཡོན་ཆུ་བོའི་གྲོང་ཁྱེར་གྱི་དུམ་མཚམས་ཆུ་ལམ་གྱི་དོ་དམ་བྱ་བ་སོ་སོ་ཡག་པོར་བསྒྲུབས་ནས་ཆུ་ལམ་སྔར་ལས་མཛེས་བཟོ་དང་མཐའ་འཁོར་གྱི་མི་སྡོད་ཁོར་ཡུག་ཇེ་ལེགས་སུ་གཏོང་ཆེད། ཆུ་བེད་ཕྱོགས་བསྡུས་ཞབས་ཕྱི་ལྟེ་གནས་ཀྱིས2015ལོ་ནས་བཟུང་ཆུ་ལམ་དོ་དམ་པ6གདན་ཞུ་བྱས་ཏེ། ཉིན་ལྟར་ཆུ་བོའི་ངོགས་གཉིས་སུ་སྐོར་ཞིབ་བྱེད་ཀྱིན་ཡོད།

དབྱང་ཀྲིན་ཧྥུའུ་ཡིས་བཤད་རྒྱུར། ཆུར་ནུབ་པར་སྔོན་འགོག་བྱེད་པའི་བྱ་བ་ཡག་པོ་བསྒྲུབ་རྒྱུ་ནི་ཧ་ཅང་གལ་འགངས་ཆེ་བ་ཞིག་ཡིན་པས། ཉེ་ལམ་ཚང་མས་རང་འགུལ་ངང་ལས་སྣོན་བྱས་ནས་དུས་ཚོད22ཡོལ་ཙམ་ལ་གཞི་ནས་ཁྱིམ་དུ་ལོག་གིན་ཡོད། ད་ལྟ་ཆུ་ནང་དུ་སྡོང་པོའི་ཡལ་ག་སྐམ་པོ་ཐར་ཐོར་རེ་མ་གཏོགས་མིས་ཆུ་ནང་དུ་གཡུགས་པའི་གད་སྙིགས་ཕལ་ཆེར་མེད། ཆུ་ལམ་དོ་དམ་པ་མང་པོ་ཞིག་ནི་གཏེར་ལེན་ཁ་གྲོང་ཁྱེར་གྱི་མི་ཡིན་ལ། ཁོ་ཚོས་དཔལ་ཡོན་ཆུ་བོ་ཇེ་ཡག་ཏུ་འགྲོ་བ་དངོས་སུ་མཐོང་བ་དང་། ད་ལྟ་ཡང་རང་ཉིད་ལ་གཏོགས་པའི་བྱེད་ཐབས་ལ་བརྟེན་ནས་སེམས་ཞིབ་མོས་ཆུ་བོ་དེར་སྲུང་སྐྱོབ་བྱེད་ཀྱིན་ཡོད།

2017ལོ་ནས་བཟུང་། གཏེར་ལེན་ཁ་གྲོང་ཁྱེར་གྱིས་ཆུ་དཔོན་དང་མཚེའུ་དཔོན་ལམ་ལུགས་ཕྱོགས་ཡོངས་ནས་ཁྱབ་གདལ་གཏོང་མགོ་བརྩམས་པ་དང་། དཔལ་ཡོན་ཆུ་བོར་ཞིང་ཆེན་དང་གྲོང་ཁྱེར་གྱི་སྲང་ལམ(ཤང་གྲོང)སྡེ་ཁུལ(སྡེ་བ)བཅས་ཀྱི“རིམ་པ་ལྔའི་ཆུ་དཔོན་ལམ་ལུགས”ལག་བསྟར་བྱས་ཏེ། ཆུ་དཔོན་ལམ་ལུགས་ཀྱི་དམིགས་ཚད་དོ་དམ་འགན་འཁྲིའི་ཡི་གེར་རིམ་པ་དབྱེ་ནས་མིང་རྟགས་བཀོད་ཅིང་། ཆུ་བོ་དང་མཚེའུ་ཡི་དོ་དམ་ཁྱབ་ཁོངས་དབྱེ་འབྱེད་དང་བྱ་བར་ལྟ་སྐུལ་མཛུབ་སྟོན་དང་ཞིབ་བཤེར་བྱས་ནས། ཆུ་ལམ་སྐོར་ཞིབ་པ་དང་གཙང་སྦྲ་པ་གཏན་འཁེལ་བྱས་པ་དང་། དང་བླངས་པའི་ཆུ་སྲུང་རུ་ཁག་བཙུགས་ཤིང་། ཆུ་ལམ་སྐོར་ཞིབ་དང་གཙང་སྦྲའི་བྱ་འགུལ་སྤེལ་ལ། ཆུ་ལམ་དང་ཆུ་ངོས་གཙང་མ་ཡོང་བ་དང་ཆུ་བོ་ཤར་གཏོང་ཐུབ་པར་ཡང་ཁག་ཐེག་བྱས་ཏེ། ཁོར་ཡུག་སྦགས་བཙོག་སོགས་ཀྱི་གནད་དོན་མི་འབྱུང་བར་ཁག་ཐེག་བྱས་ཡོད།

ཆུ་དཔོན་དང་མཚེའུ་དཔོན་ལམ་ལུགས་རྒྱུན་ཆད་མེད་པར་ཤུགས་ཆེར་བཏང་བས་དཔལ་ཡོན་ཆུ་བོར་ཆེད་གཏོགས་ཀྱི“ལྟ་སྲུང་པ”ཡོད་པ་དང་། དཔལ་ཡོན་ཆུ་བོའི་འཛུགས་སྐྲུན་ལས་གཞི་ལག་བསྟར་བྱས་པ་དེས་མཛེས་སྡུག་ལྡན་པའི་ཆུ་བོ་དང་མཚེའུར་སྲུང་སྐྱོབ་ཀྱི་སྟོབས་ཤུགས་སྦྱིན་ཡོད།

2022ལོར། གཏེར་ལན་ཁ་གྲོང་ཁྱེར་གྱིས་དཔལ་ཡོན་ཆུ་བོའི་ངོགས་གཉིས་སུ་དྭངས་གསལ་བརྙན་ལེན་འཕྲུལ་ཆས76དང་། ཆུའི་གནས་ཚུལ་ལྟ་ཞིབ་ཚད་ལེན་མཐའ་སྣེ4དང་། སྐད་བརྡའི་ཉེན་བརྡ་གཏོང་བའི་རླུང་འཕྲིན་མ་ལག41སོགས་རིག་ནུས་མཐའ་སྣེའི་སྒྲིག་ཆས་དང་མཉེན་ཆས་མ་ལག་སྒྲིག་སྦྱོར་བྱས།

དབྱང་ཀྲིན་ཧྥུའུ་ཡིས་བཤད་རྒྱུར།  བློ་གྲོས་ཆུ་བོ་དང་མཚེའུ་དོ་དམ་བྱ་རྒྱུ་ནི་བློ་གྲོས་ཆུ་བེད་ཀྱི་ཉེར་སྤྱོད་རྣམ་པ་གལ་ཆེན་ཞིག་ཡིན་པས་དེང་རབས་ཀྱི་ཆ་འཕྲིན་ལག་རྩལ་ཕྱོགས་བསྡུས་བེད་སྤྱོད་བྱས་པ་བརྒྱུད། ཆུ་བོ་དང་མཚེའུ་ཡི་ཆུའི་སྤུས་ཚད་དང་། ཆུ་ཁོངས་ཀྱི་གནས་ཚུལ། ཆུའི་ཐོན་ཁུངས་དོ་དམ་སོགས་ཀྱི་ཐད་ཕྱོགས་ཡོངས་ནས་ལྟ་སྐུལ་ཚོད་འཛིན་དང་དོ་དམ་ཐུབ་པ་བྱས་ན། ཆུ་བོ་དང་མཚེའུའི་བཅོས་སྐྱོང་དང་དོ་དམ་ཆུ་ཚད་མཐོ་རུ་གཏོང་ཐུབ་ལ་སྤྱི་དམངས་ཀྱི་ཁོར་ཡུག་སྲུང་སྐྱོབ་ཀྱི་འདུ་ཤེས་དང་དེའི་ནང་ཞུགས་ཚད་ཀྱང་ཇེ་མཐོར་གཏོང་ཐུབ།

མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་ཆུ་བོ་དང་མཚེའུ་ཡུན་རིང་དྭངས་གཙང་ཡོང་བར་སྲུང་སྐྱོབ་བྱ་རྒྱུ་དེ་ནི། ཉིན་གཅིག་གི་བྱས་རྗེས་མིན་པར། དེ་ནི་གཏེར་ལེན་ཁ་གྲོང་ཁྱེར་གྱིས་ཆུ་བོ་དང་མཚེའུ་དོ་དམ་སྲུང་སྐྱོང་བྱེད་ཤུགས་སྔར་ལས་ཆེ་རུ་བཏང་ནས་ཆུ་ལོག་རྒྱུག་ལམ་ཤར་གཏོང་དང་། མཛེས་ལྗོངས་ལྟ་ན་སྡུག་པ་རྒྱུན་འཁྱོངས་བྱེད་པའི་རྨང་གཞིའི་ཐོག་སྐྱེ་ཁམས་དང་དཔལ་འབྱོར། སྤྱི་ཚོགས་བཅས་ཕན་འབྲས་ཆེན་པོ་གསུམ་གྱི་ཐད་འབད་བརྩོན་བྱས་པ་ལས་བྱུང་བ་ཡིན་པས། མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་ཆུ་བོ་དེ་ཕན་འབྲས་ཆེ་བའི་ཆུ་བོར་ཕྱོགས་ཡོངས་ནས་རིམ་འཕར་ཡོང་བར་སྐུལ་འདེད་མགྱོགས་པོ་གཏོང་བ་དང་། གཏེར་ལེན་ཁའི་མི་དམངས་ལ་དངོས་གནས་དྲང་གནས་ཀྱི་བདེ་སྐྱིད་སྦྱིན་ཏེ། དཔལ་ཡོན་ཆུ་བོ་ནི་མི་དམངས་ལ་བདེ་སྐྱིད་བསྐྲུན་པའི་ཆུ་བོ་ཞིག་ཏུ་འགྱུར་བར་བྱེད་དགོས།

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།