རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་ལྟ་སྲུང་བ།
2024.11.25 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 12

----------རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དུ་བསྐྱོད་པ།

གད་སྙིགས་འཐུ་བཞིན་པའི་རྣམ་པ།

ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་འབྲི་སྟོད་རྫོང་དུ་ལག་ཤུབས་དཀར་པོ་གྱོན་ཞིང་ལས་ལྭ་ལྗང་ཁུ་གོན་པ། ལག་ལ་ཁུག་མ་བཟུང་བའི་མི་སྐོར་ཞིག་ཡོད་དེ། གཞུང་ལམ་དང་སྲང་ལམ། རྩྭ་ཐང་སོགས་ག་ས་གང་དུ་ཁོ་ཚོས་གད་སྙིགས་འཐུ་བའི་རྣམ་པ་མཐོང་ཐུབ།

ཁོ་ཚོ་ལ་ལས་ལས་བཟོ་པ་ཡིན་ཞིང་། ལ་ལས་སློབ་མ་དང་འབྲོག་པ་རེད། ཁོ་ཚོར་ཐོབ་ཐང་འདྲ་མིན་སྣ་ཚོགས་ཡོད་ཀྱང་། ཚང་མར་ཐུན་མོང་གི་སེམས་འདུན་ཞིག་ཡོད་པ་ནི་འབྲི་ཆུའི་འགོ་ཁུངས་སྲུང་སྐྱོབ་བཟང་པོ་བྱ་རྒྱུ་དེ་རེད།

འབྲི་སྟོད་རྫོང་ནི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་འབྲི་ཆུའི་འགོ་ཁུངས་ཨ་ཆེན་གངས་རྒྱབ་ལྟེ་གནས་ཁུལ་དུ་ཆགས་ཡོད་ཅིང་། དེ་འབྲི་ཆུའི་འགོ་ཁུངས་གཙོ་བོ་ཡིན་ལ། འབྲི་ཆུའི་འགོ་ཁུངས་ཀྱི་རྫོང་དང་པོ་ཞེས་པའི་མིང་སྙན་མོ་ཞིག་ཐོགས་ཡོད། ཁུལ་ཁོངས་སུ་གཏེར་ཐོན་ཐོན་ཁུངས་དང་ཆུ་ནུས་ཐོན་ཁུངས། སྐྱེ་དངོས་ཐོན་ཁུངས་དང་ཉི་ནུས་ཐོན་ཁུངས་སོགས་ཕུན་སུམ་ཚོགས་པ་ཡོད་པར་མ་ཟད། ཨ་ཆེན་གངས་རྒྱབ་འཛམ་གླིང་རང་བྱུང་ཤུལ་བཞག་ས་ཁུལ་ཡིན།

ཟླ11པའི་ཚེས14ཉིན། གསར་འགོད་པ་འབྲི་སྟོད་རྫོང་གི་རྒྱལ་ལམ215འགྲམ་རྒྱུད་དུ་ཡོང་སྟེ་ལས་ལྭ་ལྗང་ཁུ་གྱོན་ནས་ཁོར་སྲུང་དང་བླངས་རུ་ཁག་གི་གྲས་སུ་ཞུགས་པ་དང་། ཁོ་ཚོའི་ཉིན་གཅིག་གི་འཚོ་བ་དངོས་སུ་རོལ་མྱོང་བྱས། ད་སྐབས། རྩྭ་ཐང་དེ་ང་ཚོའི་སྣང་ངོར་ཤར་བ་ལྟར་གད་སྙིགས་དང་རྫབ་རྫོབ་ཀྱིས་ཁེངས་པ་ཞིག་མིན་མོད། འོན་ཀྱང་ནུས་པ་གང་ཡོད་བཏོན་ནས་རྩྭ་གསེང་དང་རྡོ་གསེང་དུ་ལུས་པའི་སིལ་ཏོག་གི་ཤུན་པ་དང་། ཆུ་ངོས་ཀྱི་འགྱིག་ཤོག མཐེབ་འབྱེད་ལྕགས་ཀྲིན་སོགས་གཙང་སེལ་བྱེད་དགོས།

རུ་གཙོ་འཇམ་དབྱངས་ཕུན་ཚོགས་ཀྱིས་འགྱིག་ཤོག་འཐུ་ཞོར་བཤད་རྒྱུར། སྔོན་ཆད་དང་བསྡུར་ན་ད་བར་རྩྭ་ཐང་དུ་གད་སྙིགས་མང་པོ་འཐུ་རྒྱུ་མི་འདུག སྔོན་ཆད་རྩྭ་ཐང་དུ་ཆང་དམ་ཆག་རོ་མང་པས་དེ་འཐུས་ན་དཀའ་ལས་ཆེ་བར་མ་ཟད་སེམས་ཆུང་མ་བྱས་ན་ལག་པའང་རྨས་སྲིད། ད་བར་ཚང་མས་དམ་བེ་རྙིང་བ་ཤོག་སྒམ་དུ་བཅུག་ནས་ལམ་འགྲམ་དུ་བཞག་འདུག་ཟེར།

འཇམ་དབྱངས་ཕུན་ཚོགས་ནི་འབྲི་སྟོད་ཁོར་སྲུང་དང་བླངས་རུ་ཁག་འཛུགས་མཁན་ཡིན་ལ། ཁོས་རྩྭ་ཐང་དུ་གང་སར་གཡུགས་པའི་གད་སྙིགས་མཐོང་ན་སེམས་པ་སྐྱིད་པོ་མིན་པར་འཐུ་འདོད་པ་ཞིག་རེད་ཅེས་པ་ལྟར་འཇམ་དབྱངས་ཕུན་ཚོགས་ཀྱིས་དང་བླངས་རུ་ཁག་འཛུགས་པའི་པའི་ཐོག་མའི་སེམས་འདུན་གཙང་མ་རེད།

2010ལོར། འཇམ་དབྱངས་ཕུན་ཚོགས་དང་གྲོགས་པོ་རྣམས་ཀྱིས་རྩེད་འཇོར་རོལ་སྐབས་རྩྭ་ཐང་དུ་ཆང་དམ་དང་འགྱིག་སྣོད། གོས་ལྷམ་རལ་པོ་སོགས་གད་སྙིགས་མང་པོ་དོར་ཡོད་པ་མཐོང་བས་རང་འགུལ་གྱིས་ཁོར་སྲུང་དང་བླངས་རུ་ཁག་གཅིག་བཙུགས།  ཁོར་སྲུང་དང་བླངས་རུ་ཁག་བཙུགས་མ་ཐག་མི་བཞི་ལྔ་ཙམ་ལས་མེད་མོད། གཅིག་གིས་བཅུ་ལ་བསྒྲགས་པ་དང་བཅུ་ཡིས་བརྒྱ་ལ་བཤད་པས། ཁོར་སྲུང་དང་བླངས་རུ་ཁག་མང་དུ་ཞུགས་མཁན་ཇེ་མང་ནས་ཇེ་མང་དུ་གྱུར་ཞིང་། ལས་ཁུངས་དང་སློབ་གྲྭ སྨན་ཁང་བཅས་ཀྱི་ལས་བཟོ་པ་དང་སློབ་མ་མང་པོ་ཞིག་ཀྱང་དང་བླངས་རུ་ཁག་ནང་ཞུགས།

གསར་འགོད་པས་རྩྭ་ཐང་ལ་བདག་པོ་རྒྱག་མཁན་ཁྲོད་ཀྱི་མགོའི་སྐྲ་དཀར་པོར་གྱུར་ཞིང་སྒལ་བ་ཅུང་སྒུར་ཡོད་པའི་རྒད་པོ་ཞིག་ལ་དོ་སྣང་བྱས།

ལོ་ང་དགུར་བུད་པའི་ཚེ་རིང་དོན་གྲུབ་ཀྱི་ཁ་ཤོ་ཡོད་པས་སྐད་ཆ་བཤད་སྐབས་གསལ་བོ་མིན་ལ། དང་བླངས་པར་འབྲེལ་འདྲིས་བྱེད་སྐབས་དཀའ་ཁག་ཅུང་ཆེ། ཡིན་ནའང་། ཁོར་སྲུང་དང་བླངས་པ་ཚོས་ཁོར་སྡུག་རུས་ཆེ་བ་དང་སེམས་བཟང་ཅན། ལས་ཀར་ནན་ཏན་རེད་ཅེས་བསྟོད་པ་བྱེད་ཀྱིན་ཡོད།

ཁོར་སྲུང་དང་བླངས་རུ་ཁག་ནང་མ་ཞུགས་གོང་། ཚེ་རིང་དོན་འགྲུབ་ཀྱིས་རང་ངོས་ནས་གད་སྙིགས་བཏུས་པ་དང་། ལོ་ངོ་བཅུ་ལྷག་གི་རིང་ལ་ལས་ཀ་འདི་རྒྱུན་འཁྱོངས་བྱས། ན་ནིང་གི་ཟླ་གསུམ་པར། ཁོས་འཇམ་དབྱངས་ཕུན་ཚོགས་ངོ་ཤེས་རྗེས་ཁོར་སྲུང་དང་བླངས་རུ་ཁག་གི་རུ་མི་ཞིག་ཏུ་གྱུར།

ཚེ་རིང་དོན་གྲུབ་ཀྱིས་འཛུམ་དམུལ་དམུལ་ངང་བཤད་རྒྱུར། མི་གཅིག་གིས་ལས་ན་ཕན་ཐོགས་ཆེན་པོ་མེད་པས། ཚང་མས་མཉམ་དུ་བསྒྲུབ་ན་ད་གཟོད་ངར་ཤུགས་ལྡན་ཟེར་བཞིན་གཞུང་ལམ་སྟེང་གི་རྡོ་དང་སྡོང་བོའི་ཡལ་ག་སོགས་འཐུ་མཚམས་མ་བཞག

གཡུ་སྒྲོན་གྱིས་དམ་བེ་འདིར་ཆག་སྐྱོན་ཅང་མེད་པས་མེ་ཏོག་བུམ་པ་བྱས་ཆོག་ཟེར། ཁོ་མོ་ནི་དང་བླངས་རུ་ཁག་ནང་གི་ལག་ཤེས་པ་ཡིན་པས། གང་དགར་གཡུགས་པའི་ཤེལ་དམ་ལ་མདོག་སྣ་ཚོགས་ཀྱི་སྐུད་པས་དཀྲིས་ནས་ཚོན་ལྡན་གྱི་མེ་ཏོག་བུམ་པ་ཞིག་ཏུ་གྱུར།

ནམ་རྒྱུན་གད་སྙིགས་འཐུ་སྐབས་རུ་མི་ཚོས་མར་སྣོད་དང་ཤེལ་དམ་ཕྱིར་ཁྱེར་སྲིད་ལ། ཆང་དམ་སྒྲིག་ནས་མེ་ཏོག་ལྡུམ་ར་ཆུང་ཆུང་བཟོ་བ་དང་། མར་སྣོད་དེ་དྲས་ནས་གད་སྙིགས་སྣོད་ལ་བསྒྱུར་ངེས། འཇམ་དབྱངས་ཕུན་ཚོགས་ཀྱིས་བཤད་རྒྱུར། གཞུང་སྒྲུབ་ཁང་གི་སྨྱུག་སྣོད་དང་ཤིང་ཏོག་སྡེར་མ། སོ་ཤིང་སྒམ་ཚང་མ་རུ་མི་ཚོས་བཟོས་པ་ཡིན་ལ། འདི་ལ་ད་གཟོད་གད་སྙིགས་བསྐྱར་སྤྱོད་ཟེར།

ད་སྐབས། རྨ་འབྲི་རྫ་གསུམ་འབྱུང་ཡུལ་ས་ཁུལ་གྱི་ཁོར་ཡུག་སྲུང་སྐྱོབ་བྱེད་ཤུགས་སྔར་ལས་ཇེ་ཆེར་བཏང་སྟེ། ཁོར་སྲུང་དང་བླངས་རུ་ཁག་གི་མིང་ལ་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་འབྲི་སྟོད་སྐྱེ་ཁམས་ཁོར་སྲུང་མཐུན་ཚོགས་ཟེར་ཞིང་། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་འབྲི་ཆུའི་འགོ་ཁུངས་ཨ་ཆེན་གངས་རྒྱབ་གླིང་ཁུལ་གྱི་འབྲི་སྟོད་དོ་དམ་ཁྲུའུ་ཡི་ཁོངས་གཏོགས་མཐུན་ཚོགས་སུ་གྱུར།

གད་སྙིགས་འཐུ་བ་ལས་གཞན། ཁོ་ཚོས་ནམ་རྒྱུན་ཡུལ་ཚོ་དང་གྲོང་རྡལ། སྡེ་ཁུལ། སྲང་ལམ་བཅས་སུ་ཁོར་སྲུང་སྒྲོག་འགྲེལ་བྱས་པ་དང་། སློབ་གྲྭའི་སློབ་ཁྲིད་སྐབས་ཁོར་སྲུང་ཤེས་བྱ་དྲིལ་སྒྲོག་བྱས་ནས། བྱིས་པ་ཚོར་ཆུང་དུས་ནས་ཁྱིམ་གཞིས་ལ་གཅེས་སྐྱོང་བྱེད་པ་དང་རི་ཆུར་སྲུང་སྐྱོབ་བྱེད་པའི་འདུ་ཤེས་ཆགས་པར་བྱས་ཤིང་། སློབ་གྲྭ་མི་ཉུང་བ་ཞིག་གིས་སློབ་མ་རྩ་འཛུགས་བྱས་ནས་ཁོར་སྲུང་དང་བླངས་རུ་ཁག་ནང་ཞུགས་པ་དང་། གཟའ་མཇུག་སྐབས་ཁོ་ཚོ་དང་མཉམ་དུ་གད་སྙིགས་འཐུས་པ་རེད།

ཁོར་སྲུང་བ་རྣམས་དཀའ་ཁག་ལ་མི་སྐྲག་པར་ཕ་ཡུལ་གྱི་རྩྭ་ཐང་ལ་སྲུང་སྐྱོབ་བྱེད་ཀྱིན་ཡོད་པ་དང་། འཇམ་དབྱངས་ཕུན་ཚོགས་ཀྱིས་བཤད་རྒྱུར། ང་ཚོས་གད་སྙིགས་འཐུ་བ་ཙམ་གྱིས་མི་ཆོག་པར། ད་དུང་གད་སྙིགས་རིགས་དབྱེ་དང་ཕྱིར་བསྡུ་བྱས་ནས། འབྲི་ཆུའི་འགོ་ཁུངས་ལ་མཉམ་དུ་སྲུང་སྐྱོབ་བཟང་པོ་བྱེད་དགོས་ཟེར།

ལྷ་མོ་འཚོས་བསྒྱུར།