ཚན་རྩལ་གྱི་རོགས་འདེགས་ལ་བརྟེན་ནས་རི་སྐྱེས་སྲོག་ཆགས་ཀྱི་གཞི་རྩའི་གནས་ཚུལ་ལ་རྒྱུས་ལོན་བྱེད།
2024.11.29 ཁུངས། ཀློག་གྲངས། 22

ཚན་རྩལ་གྱི་རོགས་འདེགས་ལ་བརྟེན་ནས་རི་སྐྱེས་སྲོག་ཆགས་ཀྱི་གཞི་རྩའི་གནས་ཚུལ་ལ་རྒྱུས་ལོན་བྱེད་པ་སྟེ། 

————རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་རྒྱལ་ཁབ་སྤྱི་གླིང་དུ་བསྐྱོད་པ།

རྣམ་སྲས་འགག་རོང་ཆེན་མོའི་བྲག་གཟར་ངོས་སུ་རང་དགར་རྒྱུ་བའི་གནའ་བ།

འབྲོག་དམངས་དག་གསའ་ལ་དགའ་བའི་ཚད་བརྒྱ་ཆའི་ལྔ་བཅུར་བསླེབས་ཡོད་པ་དང་། རྩྭ་ཐང་གི་སྤྱང་ཀིར་དགའ་ཚད་བརྒྱ་ཆའི་བཞི་མ་གཏོགས་མེད། རི་སྐྱེས་སྲོག་ཆགས་ཀྱིས་སྒོ་ཕྱུགས་ཁ་ཟས་སུ་བྱེད་པའི་དོན་རྐྱེན་ཁྲོད། རྩྭ་ཐང་གི་སྤྱང་ཀིས་བརྒྱ་ཆའི་བདུན་ཆུ་ཟིན་ཡོད་པ་དང་གསའ་ཡིས་བརྒྱ་ཆའི་ཉེར་ལྔ་ཟིན་ཡོད།

ཟླ11པའི་ཚེས11ཉིན། རྫ་སྟོད་རྫོང་མཁར་ནས་ལམ་དུ་ཆས་ཏེ་རྫ་ཆུའི་བཞུར་བརྒྱུད་དེད་དེ་མདུན་དུ་བསྐྱོད། རྣམ་སྲས་ཡུལ་ཚོའི་མངའ་ཁོངས་སུ་བསླེབས་ཚེ། ཆུ་འགྲམ་དུ་ལས་པའི་ཁ་དོག་དམར་སེར་ཅན་གྱི་ཁང་མིག་ཅིག་མིག་ལམ་དུ་གསལ་ལེར་མངོན་བྱུང་། གནས་དེ་ནི་རི་ཆུའི་རང་བྱུང་སྲུང་སྐྱོབ་ལྟེ་གནས་རྣམ་སྲས་བྱ་བའི་ས་ཚིགས་རེད། བྱ་བའི་ས་ཚིགས་ཀྱི་རྩིག་ངོས་སུ་དམར་ཕྱིའི་པར་ཆོས་བཀོལ་ནས་བླངས་པའི་གསའ་དང་གཟིག ཝ་དམར་སོགས་རི་སྐྱེས་སྲོག་ཆགས་རྩ་ཆེན་གྱི་པར་རིས་བཀལ་ཡོད་པ་དང་། སྲོག་ཆགས་རེ་རེའི་ཉམས་སྣང་སྣ་ཚོགས་སུ་མངོན་ཞིང་ཡིད་དུ་འོངས་པ་ཞིག་རེད། དམར་ཕྱིའི་པར་ཆས་ཀྱི་བརྙན་མིག་གི་མདུན་དུ་ལྷག་པར་སྙིང་རྗེ་བའི་རྣམ་འགྱུར་མངོན་འདུག

ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་རྫ་སྟོང་རྫོང་རྣམ་སྲས་ཡུལ་ཚོ་ནི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་རྫ་ཆུའི་མགོ་ཁུངས་ཀྱི་ལྟེ་གནས་ས་ཁོངས་ཡིན་ཞིང་། དེའི་མངའ་ཁོངས་ཀྱི་བརྒྱ་ཆའི་བདུན་ཅུའི་ས་ཁོངས་ནི་རི་མཐོའི་རྩྭ་ཐང་དང་རི་གསེང་གི་ནགས་ས་ཡིན། རི་སྐྱེས་སྲོག་ཆགས་ཀྱི་རིགས་སྣ་མང་བ་དང་ཐོན་ཁུངས་ཕུན་སུམ་ཚོགས། གསའ་དང་གཟིག གཡི་སོགས་གཅན་གཟན་མང་བོ་འགྲོ་འདུག་བྱེད་བཞིན་ཡོད་པས་གཅན་གཟན་ལུང་བ་ཞེས་སུ་འབོད།

རྣམ་སྲས་བྱ་བའི་ས་ཚིགས་དེ་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ནང་གི་ཚན་རིག་ཞིབ་འཇུག་དང་དང་བླངས་པ་ཟབ་ཞུགས་བྱེད་སའི་སྟེགས་བུ་ཡིན་པའི་ཆ་ནས། པེ་ཅིང་སློབ་ཆེན་དང་རྫ་སྟོད་རྫོང་མི་དམངས་སྲིད་གཞུང་། ཨ་ལཱ་ཧྲནSEEཐེབས་རྩ་ཚོགས་པ། རི་ཆུའི་རང་བྱུང་སྲུང་སྐྱོབ་ལྟེ་གནས་བཅས་ཀྱིས་མཉམ་དུ་འཛུགས་སྐྲུན་བྱས་པ་དང་། 2017ལོར་དངོས་སུ་བེད་སྤྱོད་བྱེད་མགོ་བརྩམས་ལ། རྣམ་སྲས་ཡུལ་ཚོའི་མངའ་ཁོངས་སུ་སྐྱེ་དངོས་སྣ་མང་ཅན་གྱི་རྟོག་ཞིབ་བྱ་བ་སྤེལ་བཞིན་ཡོད།

བྱ་བའི་ས་ཚིགས་ཀྱི་འགན་ཁུར་བ་ཆིན་ཞོན་གྱིས་མཚམས་སྦྱོར་བྱས་དོན། ང་ཚོས་རྣམ་སྲས་ཡུལ་ཚོར་ཕྱོགས་གཅིག་ནས་སྲོག་ཆགས་ཀྱི་སྐྱེ་ཁམས་རིག་པའི་ཞིབ་འཇུག་སྤེལ་བཞིན་ཡོད་དེ། དཔེར་ན་གསའ་དང་གཟིག སྤྱང་ཀི དྲེད་མོང་། གཙོད། གནའ། ཝ། སྲམ་སོགས་ལྟ་བུ་ཡིན། ཕྱོགས་གཞན་ཞིག་ནས་སྲོག་ཆགས་སྐྱེ་ཁམས་རིག་པར་རྒྱུས་ལོན་བྱས་པའི་རྨང་གཞིའི་སྟེང་། མདོ་དབུས་མཐོ་སྒང་གི་རི་སྐྱེས་སྲོག་ཆགས་དང་མིའི་མཉམ་འགུལ་འབྲེལ་བར་ཞིབ་འཇུག་བྱེད་པ་སྟེ། དཔེར་ན་མི་དང་དྲེད་མོང་བར་གྱི་འགལ་བ་དང་། རི་སྐྱེས་སྲོག་ཆགས་ཀྱིས་སྒོ་ཕྱུགས་ཁ་ཟས་སུ་བྱེད་པ། རྨིག་ལྡན་ཅན་གྱི་རི་དྭགས་དང་སྒོ་ཕྱུགས་ཀྱིས་རྩྭ་ས་འཕྲོག་རྩོད་བྱེད་པ་སོགས་ཡིན་ཟེར།

རྣམ་སྲས་བྱ་བའི་ས་ཚིགས་ཀྱིས་གཅན་གཟན་གསའ་ཡི་རྒྱུད་དང་ཁ་ཟས་སྤྱོད་སྟངས་ལ་དབྱེ་ཞིབ་བྱས་པ་དང་། འགྲོ་འདུག་བྱེད་སའི་ལམ་ཐིག་སྟེང་རྟུག་པའི་མ་དཔེ་འཚོལ་སྡུད་བྱས་ཤིང་། དེ་ནས་པེ་ཅིང་སློབ་ཆེན་གྱི་ཚོད་ལྟ་ཁང་གིས་དབྱེ་ཞིབ་བྱེད་བཞིན་ཡོད། 2017ལོ་ནས2018ལོའི་བར། ཚན་རིག་ཞིབ་འཇུག་མི་སྣས་བསྡོམས་པས་ཆེད་དོན་རྟོག་ཞིབ་ཐེངས་གསུམ་སྤེལ་ཏེ། མ་དཔེ228འཚོལ་སྡུད་བྱས་པ་དང་། དེའི་ནང་གཅན་གཟན་གསའ་ཡི་མ་དཔེ་རུ་གསལ་འབྱེད་བྱས་པའི་ཁ་གྲངས64ཡོད།

དབྱེ་ཞིབ་མཇུག་འབྲས་ལས་མངོན་པ་ལྟར་ན། རྣམ་སྲས་ཡུལ་ཚོའི་གསའ་དེ་མཚོ་སྔོན་ལྷོ་ཕྱོགས་ཀྱི་སྣ་མང་རང་བཞིན་ཅན་གྱི་གཅན་གཟན་གསའ་ཡི་ཁྱུ་ཚོགས་སུ་གཏོགས་པ་དང་། བྱང་ངོས་ཀྱི་མདོ་ལ་རི་བོའི་གསའ་ཡི་བར་དུ་རྒྱུད་རྒྱུའི་བརྗེ་རེས་ཅུང་བཟང་བར་མངོན། ཁ་ཟས་སྤྱོད་སྟངས་ཀྱི་ཞིབ་འཇུག་ལས་མངོན་པ་ལྟར་ན། གཅན་གཟན་གསའ་ཡིས་གཙོ་བོ་གནའ་ཁ་ཟས་སུ་བྱེད་པ་དང་། བཅུ་ཆའི་དྲུག་གི་ཡན་ཟིན་ཡོད་ལ། ཁ་དཀར་རྐྱང་དང་ཕག་རྒོད། འཕྱི་བ་སོགས་རི་སྐྱེས་སྲོག་ཆགས་གཞན་པའང་གཟན་དུ་བྱེད་པ་ཡིན་པས། སྒོ་ཕྱུགས་དེའི་ཁ་ཟས་སུ་འགྱུར་བའི་ཚད་བརྒྱ་ཆའི་ལང་ཙམ་ཡིན།

གཅན་གཟན་གསའ་དང་སྤྱང་ཀིས་འབྲོག་དམངས་ཀྱི་སྒོ་ཕྱུགས་ལ་གནོད་འཚེ་གཏོང་བ་སོགས་ཀྱི་སྣང་ཚུལ་ལ་དམིགས་ཏེ། རྣམ་སྲས་བྱ་བའི་ས་ཚིགས་ཀྱིས་ཞིབ་འཇུག་གྲུབ་འབྲས་གཞིར་བཟུང་ནས་དགོས་ངེས་ཀྱི་འཚོལ་ཞིབ་བྱ་འགུལ་སྤེལ། ཕྱོགས་གཅིག་ནས་ཡུལ་ཚོའི་སྲིད་གཞུང་བར་མཉམ་འབྲེལ་གྱིས་ཁ་གསབ་ཐེབས་རྩ་བཙུགས་ནས། འབྲོག་པ་མང་ཚོགས་ཀྱི་དཔལ་འབྱོར་གྱོང་གུད་ཞི་འཇགས་སུ་བཏང་བ་དང་། ས་དེའི་འབྲོག་དམངས་ཀྱི་རི་སྐྱེས་སྲོག་ཆགས་ཀྱི་ལྡོག་ཕྱོགས་ཀྱི་རྣམ་འགྱུར་མི་ལེགས་པ་སེལ་ཅི་ཐུབ་བྱས། ཕྱོགས་གཞན་ཞིག་ནས་དྲེད་མོང་གིས་ཁང་བར་གཏོར་བརླག་བཏང་ནས་འབྲོག་དམངས་ལ་རྒྱུ་ནོར་གྱོང་གུད་དང་ཐ་ན་མིར་རྨས་སྐྱོན་བཟོ་བའི་གནས་ཚུལ་ཐག་གཅོད་བྱེད་ཆེད། རྣམ་སྲས་བྱ་བའི་ས་ཚིགས་ཀྱི་ཞིབ་འཇུག་མི་སྣ་དང་སྲུང་སྐྱོབ་ལས་བྱེད་མི་སྣས་ཀྱང་རྒྱུན་ཆད་མེད་པར་སྡེ་ཁུལ་ནས་རྟོག་ཞིབ་བྱེད་སྐབས་འཚོལ་ཞིབ་བྱས་ཏེ། གློག་ལྡན་ལྕགས་ར་བསྐོར་བ་དང་སྒོ་དང་སྒེའུ་ཁུང་སྲ་བརྟན་དུ་གཏོང་བ། ཟས་རིགས་སོགས་ཉར་འཇོག་བྱེད་སའི་ལྕགས་སྒམ། དམར་ཕྱིའི་འོད་ཀྱི་པར་ཆས། ཉེན་བརྡའི་སྒྲིག་ཆས་སོགས་བྱེད་ཐབས་མང་བོ་ཚོད་ལྟ་ལག་བསྟར་བྱས།

ཆིན་ཞོན་གྱིས་བཤད་རྒྱུར། ཚོད་ལྟ་མང་བོ་བྱས་པ་བརྒྱུད། འགོག་སྲུང་བྱེད་ཐབས་ཅི་ལྟ་བུ་ཞིག་ལ་གནས་འདིར་ངེས་པ་དོན་གྱིས་ཕན་ནུས་ཐོན་པར་བལྟས་པ་དང་། དེ་ནས་ཉམས་མྱོང་མང་བོ་སྤྱི་བསྡོམས་བྱས་ཏེ། སྔར་ལས་ཁྱབ་རྒྱ་ཆེན་པོའི་སྒོ་ནས་དཔེར་ལེན་ཁྱབ་གདལ་བཏང་བ་ཡིན་ཟེར།

ཆིན་ཞོན་གྱིས་བལྟས་ན། གློག་ལྡན་ལྕགས་ར་བསྐོར་བ་དང་སྒོ་དང་སྒེའུ་ཁུང་སྲ་བརྟན་དུ་བའི་ཐབས་ཀྱིས་དྲེད་མོང་གི་འཇིགས་ཉེན་ཐད་ནུས་པ་མི་དམན་པ་ཐོབ་ཡོད་པར་འདོད། གློག་ལྡན་ལྕགས་རས་དྲེད་མོང་ཁང་བའི་ནང་འཛུལ་རྩིས་བྱེད་སྐབས་ཐོགས་རེག་བྱུང་ཚེ་གློག་གིས་བརྒྱག་སྲིད་པས། དྲེད་མོང་གི་བྱ་སྤྱོད་ངན་པ་ཡོ་བསྲང་བྱེད་ཐུབ་ཡོད། རིགས་གཞན་ཞིག་ནི་གྲི་ལེབ་ལྟ་བུའི་སྣེ་མོ་ཅུང་རྣོ་བའི་ལྕགས་ར་དེ་རིགས་ཀྱིས་ཁང་བ་ཧྲིལ་བོར་འགོག་སྲུང་བྱེད་ཐུབ་པ་དང་། ཆེས་ཉམས་ཞན་གྱི་སྒོ་དང་སྒེའུ་ཁུང་སོགས་ལ་སྲུང་སྐྱོབ་བྱས་ཏེ། དྲེད་མོང་དེ་ཁང་བའི་ནང་འཛུལ་ཐབས་མེད་པར་བྱས། མིག་སྔར་མཚོན་ན་བྱེད་ཐབས་རིགས་དེ་གཉིས་ཀྱི་ཕན་ནུས་ཅུང་བཟང་བོ་རེད་ཟེར།

ད་ལྟ་རྣམ་སྲས་བྱ་བའི་ས་ཚིགས་ཀྱིས་ཡུལ་ཚོ་ཧྲིལ་བོ་ནས་འབྲོག་དམངས་ཀྱི་ལྟ་ཞིབ་ཚད་ལེན་མཁན་མི93གསོ་སྦྱོང་བྱས་ཡོད་ཅིང་། ཁོ་ཚོས་དམར་ཕྱིའི་འོད་ཀྱི་པར་ཆས98ལ་དོ་དམ་དང་སྲུང་སྐྱོབ་བྱེད་པའི་འགན་ཁུར་ཡོད་པ་དང་། རྣམ་སྲས་ཡུལ་ཚོའི་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ1400ཁྱབ་ཁོངས་ཁེབས་ཡོད་ལ། དམར་ཕྱིའི་འོད་ཀྱི་པར་ཆས་ཀྱི་ལྟ་ཞིབ་ཚད་འཇལ་དྲ་རྒྱ་ཡོངས་ལ་ཁེབས་པར་བྱས་ཡོད།

ཚན་རིག་ཞིབ་འཇུག་གི་གྲུབ་འབྲས་བེད་སྤྱོད་དང་སྐྱེ་ཁམས་དོ་སྲུང་བའི་སྲུང་སྐྱོབ་ཤུགས་ཚད་ལ་ཤུགས་སྣོན་བྱས་ཏེ། རྣམ་སྲས་ཡུལ་ཚོའི་རི་སྐྱེས་སྲོག་ཆགས་ཀྱི་རིགས་སྣའི་ཁ་གྲངས་རྒྱུན་ཆད་མེད་པར་ཇེ་མང་དུ་སོང་ཡོད་ལ། མིག་སྔར་ལྟ་ཞིབ་ཚད་འཇལ་བྱས་པའི་མཇུག་འབྲས་ལས་མངོན་པ་ལྟར་ན། རྣམ་སྲས་ཡུལ་ཚོར་བསྡོམས་པས་གཅན་གཟན་དང་རི་དྭགས་རིགས24དང་འདབ་ཆགས་རིགས122ཐོ་འགོད་བྱས་ཡོད་པ་དང་། སྐྱེ་དངོས་སྣ་མང་ཅན་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་སུ་འགྲོ་བཞིན་ཡོད།


བསོད་ནམས་ཚེ་རིང་གིས་བསྒྱུར།