ཏང་འཛུགས་སྐྲུན་གྱིས་ལྗང་མདོག་སྐྱེ་ཁམས་ལ་སྣེ་ཁྲིད་བྱས།
2024.12.14 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 9

 ཉེ་ལམ། གསར་འགོད་པ་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་འབྲི་སྟོད་རྫོང་བྲག་དཀར་ཡུལ་ཚོར་སླེབས་པ་ན། སྔོ་ཞིང་བསངས་པའི་ནམ་མཁའ་དང་ལང་ལོང་གཡོ་བའི་སྤྲིན་དཀར་གྱི་འདབས་རོལ་དུ་མུ་མཐའ་མེད་པའི་རྩྭ་ཐང་ཡོད་ལ། དྭངས་ཤིང་གཙང་བའི་ཆུ་བོའི་འགྲམ་དུ་ནོར་གནག་བརྒྱ་ཕྲག་བག་ཡངས་སུ་རྒྱུ་བཞིན་འདུག

དེ་དག་ནི་འབྲི་སྟོད་རྫོང་བྲག་དཀར་ཡུལ་ཚོ་ཏང་ཨུ་དང་སྲིད་གཞུང་གིས་མཐའ་གཅིག་ཏུ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་བྱས་པ་ལས་ཐོན་པ་རེད།

ཞོགས་པའི་དུས་ཚོད8ཀྱི་སྟེང་། བྲག་དཀར་ཡུལ་ཚོའི་སྐྱེ་ཁམས་ལྟ་སྲུང་པ་ནོར་ཚེ་དང་ཁོའི་རུ་མི་རྣམས་ཀྱིས་ཉིན་གཅིག་གི་སྐོར་སྲུང་བྱ་བ་སྒྲུབ་འགོ་བརྩམས།

གད་སྙིགས་ཇེ་ཉུང་ནས་ཇེ་ཉུང་དང་། རྩྭ་ཐང་ཇེ་ཡག་ནས་ཇེ་ཡག་ཏུ་གྱུར་སོང་། ནོར་ཚེ་ཡི་སྐད་ཆ་དེ་བབ་ཆགས་ཤིག་ཡིན་མོད། འོན་ཀྱང་དེ་ནི་བྲག་དཀར་ཡུལ་ཚོའི་འབྲོག་པ་མང་ཚོགས་ཀྱི་ལོ་འདི་དག་གི་མྱོང་ཚོར་ཟབ་མོ་རེད།

ནོར་ཚེ་ཡིས་གསར་འགོད་པར་བཤད་རྒྱུར། ད་ལྟ། བྲག་དཀར་ཡུལ་ཚོར་གད་སྙིགས་འདོར་མཁན་ཇེ་ཉུང་ནས་ཇེ་ཉུང་དང་།  མཉམ་དུ་ཁོར་ཡུག་སྲུང་སྐྱོབ་བྱེད་མཁན་ཇེ་མང་ནས་ཇེ་མང་དུ་གྱུར་ཡོད།  ད་ལྟ། ང་ཚོའི་ཡུལ་ཚོར་གཙང་སྦྲ་བྱེད་མཁན་དང་ལྟ་སྲུང་པ། དེ་མིན་མང་ཚོགས་དང་ཡང་ན་ཏང་ཡོན་སུ་ཡིན་རུང་། ཚང་མས་གད་སྙིགས་མཐོང་ཚེ་རང་འགུལ་གྱིས་འཐུ་བཞིན་ཡོད་ཟེར།

ད་ལོ་ནས་བཟུང་། བྲག་དཀར་ཡུལ་ཚོས་བཅོས་བསྒྱུར་གསར་སྐྲུན་གྱི་ཤུགས་ཚད་རྒྱུན་ཆད་མེད་པར་ཇེ་ཆེར་གཏོང་བ་དང་། སྐྱེ་ཁམས་དཔལ་ཡོན་གྱི་ལམ་སྲོལ་བཅོས་བསྒྱུར་ཇེ་དྲག་ཏུ་གཏོང་བ། ཁྱབ་ཁོངས་སོ་སོ་དང་ཕྱོགས་སོ་སོའི་བཅོས་བསྒྱུར་གཉིས་ཀྱིས་ཕྱོགས་གཅིག་ཏུ་ཤུགས་འདོན་པར་ཧུར་ཐག་གིས་སྐུལ་འདེད་བྱེད་པ། དོ་དམ་ལམ་སྲོལ་གསར་སྐྲུན་བྱེད་པ། ཏང་འཛུགས་སྐྲུན་གྱིས་སྐྱེ་ཁམས་བཅོས་སྐྱོང་གི་ཐབས་ལམ་གསར་པ་ཧུར་ཐག་གིས་འཚོལ་ཞིབ་བྱེད་པར་སྣེ་ཁྲིད་དེ། སྐྱེ་ཁམས་དཔལ་ཡོན་ཕན་ནུས་མཐོ་བའི་འཛུགས་སྐྲུན་བྱེད་པར་མཐུན་སྦྱོར་བྱས།

བྲག་དཀར་ཡུལ་ཚོ་ཏང་ཨུའི་ཧྲུའུ་ཅི་རྡོ་རྗེ་ཚེ་རིང་གིས་བཤད་རྒྱུར།  ང་ཚོའི་ཡུལ་ཚོས་ཏང་ཡོན་དང་སྐྱེ་ཁམས་ལྟ་སྲུང་པ།  སྐྱེ་ཁམས་དཔལ་ཡོན་ལྟ་ཞིབ་པའི་སྟོབས་ཤུགས་གཅིག་བསྡུས་དང་།    ཆུ་དཔོན་དང་མཚེའུ་དཔོན། ནགས་དཔོན། རྩྭ་དཔོན་གྱི་འགན་ནུས་གཅིག་སྒྲིལ་བྱེད་པ།  ནུས་ཤུགས་ཕྱོགས་གཅིག་ཏུ་འདོན་པ། གཅིག་གྱུར་གྱིས་བཀོད་གཏོང་བཀོད་འདོམས་དང་ལྟ་ཞིབ་སྐོར་ཞིབ་མཉམ་འགུལ། རོགས་ལས་གྲོས་སྡུར་ཞིབ་གཅོད་བཅས་བྱེད་པར་བརྟེན་ནས།  སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་ཁྲོད་མཉམ་ཞུགས་བྱས་ཏེ། མཉམ་ལས་མཉམ་སྐྱོང་བྱེད་པ་མངོན་འགྱུར་བྱུང་ཡོད། མིག་སྔའི་བར་དུ། ཡུལ་ཚོ་ཡོངས་སུ་བཀག་སྡོམ་གྱི་འགན་འཁྲི་མ་ལག་གྲུབ་ཅིང་། ལམ་ལུགས་ལག་བསྟར་ལ་ཤུགས་བསྣན་ཏེ། ཁོར་ཡུག་བཅོས་སྐྱོང་ནུས་པའི་དེང་རབས་ཅན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོར་འདེགས་བཏང་ཡོད་ཟེར།

མིག་སྔར། བྲག་དཀར་ཡུལ་ཚོས་སྒྲུབ་མཁས་པ་དང་ཕན་ནུས་མཐོ་བ། འགན་འཁྲི་འཁུར་བའི་སྐྱེ་ཁམས་ཁོར་སྲུང་དཔུང་སྡེ་ཞིག་བཙུགས་པ་དང་། དེའི་ཁྲོད་དུ་ཏང་ཡོན419ཡོད་པ་དང་། རྩྭ་སའི་སྐྱེ་ཁམས་ལྟ་སྲུང་པ2008ཡོད་ལ། སྐྱེ་ཁམས་དཔལ་ཡོན་ལྟ་ཞིབ་པ22ཡོད་པར་མ་ཟད། ཆུ་དཔོན་དང་མཚེའུ་དཔོན6དང་ཆུ་བོ་དང་མཚེའུ་གཙང་སྦྲ་བྱེད་མཁན64བཅས་ཡོད།

བྲག་དཀར་ཡུལ་ཚོ་ཁོད་ཁྱིམ་སྡེ་བ་ཚན་ཆུང་གཉིས་པའི་འབྲོག་པ་མཁར་རྒྱལ་ནི་དེའི་ཁྲོད་ཀྱི་གཅིག་ཡིན་ལ་ཏང་ཡོན་རྒན་པ་ཞིག་ཀྱང་རེད། མཁར་རྒྱལ་གྱིས་བཤད་རྒྱུར།  ཏང་ཡོན་གྱིས་གནས་དེ་རུ་སྣེ་ཁྲིད་ཀྱི་ནུས་པ་འདོན་དགོས། གནམ་གཤིས་ཇེ་འཁྱག་ནས་ཇེ་འཁྱག་ཏུ་སོང་རུང་། ལྟ་སྲུང་བྱ་བ་མུ་མཐུད་དུ་བསྒྲུབ་དགོས། ང་ཚོ་ཏང་ཡོན་གྱིས་ངེས་པར་དུ་སྣེ་ཁྲིད་ནས་བསྒྲུབ་དགོས་ཟེར།

སྐོར་སྲུང་བྱེད་ཐེངས་རེར། མཁར་རྒྱལ་ནི་སླེབས་སྔ་བ་དང་འགྲོ་རྗེས་མ་ཡིན་པར་མ་ཟད། ལས་ཀ་ལྗིད་མོ་ཡང་འཕྲོག་རེས་བྱས་ཏེ་ལས་པ་རེད།  ཉིན་གུང་ཚང་མ་མཉམ་དུ་བསྡད་ནས་ཟ་མ་ཟ་སྐབས། མཁར་རྒྱལ་གྱིས་ཚང་མར་ཏང་གི་སྲིད་ཇུས་བཟང་པོ་མཉམ་རོལ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལས་ཐོན་པའི་བཟང་ཆ་འབྲོག་པ་མང་ཚོགས་ལ་བཤད།

མཁར་རྒྱལ་གྱིས་བཤད་རྒྱུར།  ཏང་ཡོན་ཚོའི་སྣེ་ཁྲིད་འོག  ཕ་ཡུལ་གྱི་ཁོར་ཡུག་ཉིན་རེ་ནས་ཉིན་རེར་ཇེ་ཡག་དང་། འབྲོག་པ་མང་ཚོགས་ཀྱི་བདེ་སྐྱིད་ཀྱི་འཚོ་བ་ཡང་ཇེ་བཟང་ནས་ཇེ་བཟང་རེད་ཟེར།

རྒྱུས་ལོན་བྱུང་བ་ལྟར་ན། བྲག་དཀར་ཡུལ་ཚོའི་སྐྱེ་ཁམས་ལྟ་སྲུང་པའི་དཔུང་སྡེའི་ཁྲོད། ཏང་ཡོན་གྱིས16.5%ཟིན་པ་དང་། ཡུལ་ཚོ་དང་སྡེ་བ་རིམ་པ་གཉིས་ཀྱི་རྩ་འཛུགས་རྐང་འཛིན་སྟོབས་ཤུགས་གཞན་དག་གིས2%ཟིན་ཞིང་། ཕྱོགས་སོ་སོའི་ཐོན་ཁུངས་དང་སྟོབས་ཤུགས་མཉམ་འདྲེས་ཟབ་མོ་བྱུང་སྟེ། “ཏང་འཛུགས་སྐྲུན”མ་དཔེ་ཡི་གཞི་རིམ་ཏང་རྩ་འཛུགས་བཅོས་སྐྱོང་བྱེད་ཐབས་དེ་མང་ཚོགས་ཀྱི“སྒོ་འགྲམ”དུ་སླེབས་ཡོད།

ཡུལ་ཚོ་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཆོས་སྲུང་ལྷ་བཟང་གིས་བཤད་རྒྱུར།  ང་ཚོས་ཏང་ཡོན་སྐར་བསགས་དོ་དམ་གྱིས་ཁོར་ཡུག་བཅོས་སྐྱོང་གི་བྱེད་ཐབས་ནང་འདྲེན་བྱས་པ་བརྒྱུད། ཏང་ཡོན་གྱི་གདོང་མཆོང་དཔེ་སྟོན་ནུས་པ་འདོན་སྤེལ་བྱེད་པ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དྲིལ་སྒྲོག་དང་འཚོ་སྡོད་ཁོར་ཡུག་བཅོས་སྐྱོང་སོགས་ཀྱི་བྱ་འགུལ་རྒྱུན་དུ་སྤེལ་ཞིང་། མང་ཚོགས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཁྲོད་ཧུར་ཐག་གིས་ཞུགས་པར་སྣེ་ཁྲིད་དེ། ཏང་དམངས་མཉམ་འགུལ་དང་སྐྱེ་ཁམས་སྲུང་སྐྱོབ་ཀྱི་སྟོབས་ཤུགས་ཆེན་པོ་ཞིག་གྲུབ་ཡོད།  སྐྱེ་ཁམས་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་སྐྱེ་ཁམས་ཁོར་སྲུང་ཁྱབ་ཁོངས་ཀྱི་དམངས་གཙོའི་ལྟ་ཞིབ་ཐབས་ལམ་རྒྱ་བསྐྱེད་པ་དང་། ཐོན་སྐྱེད་རུ་གཙོ་དང་སྡེ་བའི་ཀྲི་པུའུ་ཧྲུའུ་ཅི་ཟུར་པ། སྡེ་མིའི་འཐུས་མི་དང་ལྟ་སྲུང་པའི་འཐུས་མི་སོགས་ཀྱིས་གྲུབ་པའི་ཁོར་སྲུང་པས། མང་ཚོགས་ཀྱི་སེམས་ཁུར་དང་ཐུགས་ཁུར་བྱེད་པའི་གནད་དོན་ལ་དམིགས་ཤིང་། དམངས་གཙོའི་ལྟ་སྐུལ་གྱིས་ཁོར་ཡུག་འཕྲོད་བསྟེན་གྱི་ཚད་མཐའ་བརྟན་པོར་བསྐྲུན་ཏེ།  ཡུལ་ཚོ་ཡོངས་ཀྱི་སྐྱེ་ཁམས་ཁོར་སྲུང་བྱ་བར་སྐུལ་འདེད་བྱས།

སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་བྱས་རྗེས་དེང་འདིར་འཇོག་པ་དང་ཕན་འབྲས་བསྐལ་བརྒྱར་གནས་པ། མི་རབས་གཅིག་གིས་མི་རབས་གཅིག་གི་བྱ་བ་ལེགས་པོར་སྒྲུབ་པ་དང་། མི་རབས་གཅིག་གིས་མི་རབས་གཅིག་གི་ལས་འགན་འཁུར་དགོས། བྲག་དཀར་ཡུལ་ཚོས་གཞི་རིམ་ཏང་རྩ་འཛུགས་ཀྱི་འཐབ་འཛིང་བཙན་རྫོང་ནུས་པ་དང་ཏང་ཡོན་གྱི་གདོང་མཆོང་དཔེ་སྟོན་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། སྐྱེ་ཁམས་ཐོན་ཁུངས་དེ་འཕེལ་རྒྱས་ཀྱི་ལེགས་ཆར་བསྒྱུར་བར་རྩ་འཛུགས་དང་སྣེ་ཁྲིད་པ་རྒྱུན་འཁྱོངས་བྱས་པར་བརྟེན། སྐྱེ་ཁམས་དམིགས་སུ་འཛིན་པའི་འདུ་ཤེས་ཀྱིས་རྩྭ་ཐང་བཅོས་སྐྱོང་བྱེད་པའི་ལམ་བུ་གསར་པ་ཞིག་བཏོད་ཡོད། །

རྩོམ་སྒྲིག་པ།  སྒྲོལ་མ་སྐྱིད།