བརླན་ས་ནི་མཚོ་སྔོན་གྱི་ཆེས་མཛེས་པའི་ཡུལ་ལྗོངས་ཤིག་ཏུ་གྱུར་ཡོད།
2024.12.27 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 7

 བརླན་ས་ནི་རང་བྱུང་ཁམས་ཀྱིས་མིའི་རིགས་ལ་གནང་བའི་སྐྱེ་ཁམས་ཐོན་ཁུངས་གལ་ཆེན་ཞིག་ཡིན། བརླན་སའི་རྒྱ་ཁྱོན་རྒྱལ་ཡོངས་ཀྱི་ཞིང་ཆེན་ཨང་དང་པོ་ཡིན་པའི་མཚོ་སྔོན་གྱིས་བརླན་ས་ལ་བརྟེན་ནས་ཚེ་སྲོག་ཁྲི་སྟོང་མང་པོར་སྲུང་སྐྱོབ་དང་འཚོ་བཅུད་སྦྱིན་ཏེ། མཛེས་སྡུག་ལྡན་པའི་ཡུལ་ལྗོངས་ཤིག་གྲུབ་ཡོད།

ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་སྐྱེ་ཁམས་ཁོར་ཡུག་ཅུའུ་ཆ་འཕྲིན་དྲིལ་སྒྲོག་ཁོ་ཡི་འགོ་གཙོ་བསམ་གྲུབ་བརྙན་ཐུང་ལེན་རྒྱུར་དགའ་བས། པར་ཆས་དང་མི་མེད་གནམ་གྲུ་སོགས་ཀྱི་ཆེད་ལས་སྒྲིག་ཆས་སྤྱད་དེ་བརྙན་ཐུང་མང་པོ་བླངས་པ་དང་། ལྷག་པར་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཐད་ཀྱི་བརྙན་ཐུང་མང་པོ་བླངས་ཡོད། ཁོས་བཤད་རྒྱུར། “ལོ་མང་པོའི་རིང་ལ། རྒྱལ་ཁབ་ཀྱིས་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་ལ་ཚད་མཐོའི་མཐོང་ཆེན་བྱས་པས། སྐྱེ་ཁམས་ཁོར་ཡུག་རྒྱུན་ཆད་མེད་པར་ཇེ་ལེགས་སུ་འགྲོ་བཞིན་པ་དེ་ཟིན་ཐོ་ལེགས་པོར་དགོད་རྒྱུ་ནི་ང་ཚོས་ངེས་པར་བསྒྲུབ་དགོས་པའི་འགན་འཁྲི་ཡིན་ཟེར།

བསམ་གྲུབ་རྒྱུན་དུ་འགྲོ་སའི་ས་ཆ་ནི་རོང་པོ་ཐང་བརླན་ས་རེད། རོང་པོ་ཐང་བརླན་སའི་སྐོར་གླེང་བ་ན་བསམ་གྲུབ་ལ་བརྗོད་མི་ཚར་བའི་སྐད་ཆ་མང་པོ་ཡོད། ཁོས་བཤད་རྒྱུར། གནས་འདི་ནི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་ཡིན་ལ་གཙང་གསུམ་འབྱུང་ཡུལ་དུ་གནས་པའི་སྲུང་སྐྱོབ་ཁུལ་ཡང་ཡིན་པ་དང་། ཁྲུང་ཁྲུང་སྐེ་ནག་དང་བྱ་ལོང་ལྟག་ཁྲ་འདུས་སྡོད་བྱ་ཡུལ་ཞིག་ཡིན་པས་སྙན་གྲགས་གང་སར་ཁྱབ་ཡོད།

རོང་པོ་ཐང་བརླན་ས་དེ་སྐྱེ་རྒུ་མདོ་གྲོང་རྡལ་དང་ཐག་ཉེ་བས་རླངས་འཁོར་ལ་བསྡད་དེ་ཡུས་ཧྲུའུ་ཁུལ་ཡུས་ཧྲུའུ་གྲོང་ཁྱེར་རོང་པོ་གྲོང་རྡལ་དུ་བསྐྱོད་པར་སྐར་མ་བཅུ་ལྷག་ལས་མི་དགོས། བརླན་སའི་ཡུལ་ལྗོངས་ལ་བཀྲག་མདངས་འཚེར་ཞིང་སྔོ་མདངས་བཀྲ་བའི་ཆུ་ཕྲན་དེ་ལྗང་མདོག་གི་རྩྭ་ཐང་དུ་དལ་གྱིས་བཞུར། ད་དུང་མཚེའུ་ཆེ་ཆུང་སྣ་ཚོགས་རྩྭ་ཐང་དུ་བཀྲམ་ཡོད་པ་ནི་དུང་མདོག་གི་ཟླ་བ་དང་སྐར་ཚོགས་རྩྭ་ཐང་དུ་ལྷུང་བ་དང་འདྲ།

སྐབས་འདིའི་རྩྭ་ཐང་ནི་ལྷིང་ཞིང་འཇགས་པ་དང་། རང་བྱུང་ཁམས་ལས་མཆེད་པའི་དྲི་བསུང་སྣ་ལམ་དུ་མཆེད་མ་ཐག་སེམས་ཁམས་ལྷོད་པོར་བཏང་འགྲོ། བསམ་གྲུབ་ཀྱིས་ད་ལོར་མཐོང་བའི་གནས་ཚུལ་ཕྱིར་དྲན་བྱེད་བཞིན་བཤད་རྒྱུར། ཐག་རིང་ན་འབྲོང་ཁྱུ་གཤར་བ་དང་བྱ་ཁྱུ་སྐབས་རེར་ས་ཐོག་ཏུ་བབས་ཤིང་ལན་རེར་མཁའ་དབྱིངས་སུ་འཕུར་ལྡིང་བྱེད་བཞིན་པའི་རྣམ་པ་མཐོང་ལ། དེ་མིན་དགའ་མགུར་རོལ་བའི་ཁྲུང་ཁྲུང་སྐེ་ནག་ཆ་གཅིག་ཀྱང་མཐོང་བྱུང་།

ཁྲུང་ཁྲུང་སྐེ་ནག་ནི་མཐོ་སྒང་དུ་རྒྱུད་འཕེལ་དང་འཚོ་གནས་བྱེད་པའི་ཁྲུང་ཁྲུང་ཁོ་ན་ཡིན་པ་དང་། “མཚོ་སྔོན་ཞིང་ཆེན་གྱི་ཞིང་ཆེན་འདབ་ཆགས”ཞེས་པའི་མཚན་སྙན་ཡོད། གལ་ཏེ་ཁྲུང་ཁྲུང་སྐེ་ནག་ལ་བལྟ་འདོད་ན། རོང་པོ་ཐང་བརླན་ས་རུ་འགྲོ་དགོས། འདབ་ཆགས་དེའི་སྐེ་རིང་ལ་ཁ་དོག་ནག་པོ་ཡིན་པ་དེ་ནི་ཁྲུང་ཁྲུང་གཞན་དག་དང་ཁྱད་པར་འབྱེད་ཆོས་སུ་གྱུར་ཡོད། དེ་ནི་སྤྱིར་བཏང་དུ་ལོ་རེའི་ཟླ4པ་ནས་ཟླ5པའི་བར་སྐྱེ་འཕེལ་བྱེད་པ་དང་། སྤྱིར་བཏང་དུ་སྒོ་ང་གཉིས་གཏོང་གི་ཡོད། སྒོ་ང་རུམ་རྗེས། ཁྲུང་ཁྲུང་སྐེ་ནག་གི་བྱ་ཕྲུག་ཨ་མའི་རྗེས་སུ་འབྲངས་ནས་མགྱོགས་མྱུར་ངང་ཉེ་འཁོར་གྱི་ཁོར་ཡུག་ལ་ལོབས་འགྲོ་བ་རེད།

བྱ་ལོང་ལྟག་ཁྲ་ཡང་གནས་དེའི་རྒྱུན་ཕེབས་མགྲོན་པོ་ལྟ་བུ་ཡིན་ལ། དེའི་མགོ་ཐོག་ན་ཁྲ་རིས་སྙིང་རྗེ་པོ་ཞིག་ཡོད། གཙང་གསུམ་འབྱུང་ཡུལ་དང་མཚོ་སྔོན་པོའི་འགྲམ་དུ་རྒྱུན་དུ་བྱ་ལོང་ལྟག་ཁྲ་མང་པོ་མཐོང་ཐུབ་པས། མཚོ་སྔོན་མཐོ་སྒང་དུ་བྱ་ལོང་ལྟག་ཁྲ་མང་པོ་ཡོད། ལོ་རེའི་དཔྱིད་ཀ་ནས་དབྱར་ཁའི་བར་རྒྱུད་སྤེལ་བ་དང་བྱ་ལོང་ལྟག་ཁྲ་ཁྱུ་དང་ཁྱུ་བྱས་ནས་དེ་གར་རྩེད་འཇོར་རོལ་གྱིན་ཡོད་པ་དང་། སྐབས་རེར་མཁའ་དབྱིངས་སུ་ལྡིང་སྐོར་རྒྱག་པ་དང་སྐབས་རེར་རྩྭ་ཐང་དུ་རྩེ་དགར་རོལ་བས། བརླན་ས་ནི་འདབ་ཆགས་དེ་དག་གི་ཞིང་ཁམས་དང་ཕ་ཡུལ་དུ་གྱུར་ཡོད།

བསམ་གྲུབ་ཀྱིས་ད་དུང་དགའ་ཚོར་ཆེན་པོས་བཤད་རྒྱུར། རོང་པོ་ཐང་བརླན་ས་རུ་གསའ་ཡང་པར་ལེན་ཐུབ་བྱུང་།  གསའ་ལ“མཐོ་སྒང་གི་རྒྱལ་པོ”ཞེས་འབོད། དེ་ལམ་དུ་སྐྱོད་སྐབས་ཉམས་ཤིག་མངོན་པ་དང་། ལུས་སྟེང་གི་ཐིག་ལེ་ཧ་ཅང་མཛེས་ལ་མཇུག་མ་ཡང་ཤིན་ཏུ་ཡག  ཉེ་བའི་ལོ་ཤས་རིང་སྐྱེ་ཁམས་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་ཕྱིན་པ་དང་ཆབས་ཅིག་གསའ་ཡི་གྲངས་ཀ་ཡང་རྒྱུན་ཆད་མེད་པར་ཇེ་མང་དུ་ཕྱིན་ནས། ཚད་གཞི་ངེས་ཅན་ཞིག་གི་ཐོག་ནས་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་ཁོར་ཡུག་ཇེ་ལེགས་སུ་འགྲོ་བཞིན་ཡོད་པ་མཚོན་གྱིན་ཡོད།

བསམ་གྲུབ་ཀྱིས་དགོ་བ་ཡང་པར་དུ་བླངས་ཡོད། དགོ་བ་དང་དགོ་སྐྱ་གཉིས་མི་འདྲ་སྟེ། དགོ་བའི་ལུས་བོངས་ནི་དགོ་སྐྱ་ལས་ཅུང་ཆུང་ལ། ལུས་པོའི་ལྗིད་ཚད་ཀྱང་དགོ་སྐྱ་དང་མི་འདྲ་ཞིང་རྭ་ཅོ་ཡང་མི་འདྲ། དགོ་བ་ནི་རྩྭ་ཐང་ཐོག་གི་སྲོག་ཆགས་དཀོན་པོ་ཞིག་ཡིན་ཞིང་། དེ་ཚོས་རང་དགར་རྒྱུག་ཤར་གློད་པ་དང་། མཁའ་རླུང་གཙང་མ་རྔུབ་པ། འཇམ་མཉེན་གྱི་སྔོ་རྩྭ་ཟ་བ། ཕན་ཚུན་རྩེད་འཇོར་རོལ་བ་རེད།

བརླན་སའི་མཛེས་སྡུག་ལྡན་པའི་མཚེའུའི་ནང་དུ་ད་དུང་ཉ་དང་མཐོ་སྒང་གི་འདམ་ཉ་ཡོད།

ལོ་མང་པོའི་རིང་ལ། བརླན་ས་དང་དེའི་ཉེ་འཁོར་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་ཆེད། ས་གནས་དེ་གའི་ལས་བྱེད་པ་དང་མང་ཚོགས་ཀྱིས་ནུས་ཤུགས་ཡོད་རྒུས་ནགས་ཚལ་གྱི་རྒྱ་བསྐྱེད་པ་དང་། རྩྭ་རྩི་ཤིང་འཕེལ་བ། ཆུ་བོ་རྒྱས་པ། སྲོག་ཆགས་ཀྱི་ཁྱུ་ཚོགས་ཇེ་མང་དུ་འགྲོ་བ་སོགས་ཀྱི་ཐད་ཤུགས་བརྒྱབ་ཡོད།

བསམ་གྲུབ་ཀྱིས་བཤད་རྒྱུར། གཙང་གསུམ་འབྱུང་ཡུལ་གྱི་ཆུའི་སྤུས་ཚད་ཐོག་མཐའ་བར་གསུམ་དུ་ལེགས་པོ་ཡོད་པ་དང་། ས་རྒྱུའི་ཁོར་ཡུག་ཡུན་རིང་བརྟན་པོ་ཡོད་པ། མཁའ་རླུང་གི་སྤུས་ཚད་ཐོག་མཐའ་བར་གསུམ་དུ་ཚད་གཞིར་སླེབས་པ། སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ངང་ཇེ་ལེགས་སུ་སོང་བ་དང་བསྟུན་ནས་བརླན་སའི་སྐྱེ་ཁམས་ཁོར་ཡུག་ཡང་ཇེ་ལེགས་སུ་འགྲོ་བཞིན་པ་ནི་སྨོས་མ་དགོས་པ་ཞིག་རེད། འདབ་ཆགས་ཇེ་མང་ནས་ཇེ་མང་དང་རྩ་ཆེའི་སྲོག་ཆགས་ཀྱི་གྲངས་ཀ་ཡང་ཉིན་རེ་བཞིན་ཇེ་མང་དུ་འགྲོ་བཞིན་ཡོད་ཟེར།

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།