འགལ་ཟླ་ནས་མཉམ་གནས་དང་དེ་ནས་འཆམ་མཐུན་དུ་གྱུར།
2025.01.13 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 8

 གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ནང་གི་མི་དང་སྲོག་ཆགས་བར་གྱི་འགལ་ཟླ་གཙོ་བོ་ནི་ཕྱོགས་གཉིས་ནས་མངོན་ཡོད། གཅིག་ནི་རྨིག་པ་ཅན་གྱི་རི་སྐྱེས་སྲོག་ཆགས་དང་སྒོ་ཕྱུགས་བར་གྱི་རྩྭ་ས་འཕྲོག་རྩོད་བྱེད་པ་དེ་ཡིན་ལ། རྐྱང་དང་དགོ་བ། འབྲོང་སོགས་དང་འབྲེལ་ཡོད། དགའ་འོས་པ་ཞིག་ནི་ས་གནས་དེ་གའི་འབྲོག་པས་རི་སྐྱེས་སྲོག་ཆགས་དེ་རིགས་ལ་ལྟོས་བཅས་ཀྱིས་མཛའ་མཐུན་གྱི་རྣམ་འགྱུར་བཟུང་ཡོད།  གཉིས་ནི་ཤ་གཟན་སྲོག་ཆགས་ཀྱིས་འབྲོག་པ་དང་དེའི་ནོར་ལུག་ལ་འཇབ་རྒོལ་བྱེད་པ་དེ་ཡིན་ཞིང་། “དོན་དག་སློང་མཁན”གཙོ་བོ་ནི་གསའ་དང་སྤྱང་ཀི དྲེད་མོང་སོགས་རེད། དེའི་ནང་དུ། དྲེད་མོང་ལ་ལྷག་པར་ཉེན་ཁ་ཆེ་ཞིང་། འབྲོག་པ་རྣམས་ལ་འཇབ་རྒོལ་བྱས་ནས་གསོད་པ་དང་རྨས་སྐྱོན་བཟོ་བའི་དོན་རྐྱེན་སྐབས་ལ་ལར་བྱུང་བས། འབྲོག་པ་རྣམས་དྲེད་མོང་ལ་སྙིང་ན་བཞིན་ཡོད།

མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་མཛོ་རྒན་རྭ་བར་གྲོང་རྡལ་འགྱུར་མེད་སྡེ་བའི་སྐྱེ་ཁམས་ལྟ་སྲུང་པ་ལྷ་སྐྱབས་ཀྱིས་བཤད་རྒྱུར། དྲེད་མོང་ནི་དངོས་གནས་སྲོག་ཆགས་ཞེ་མེར་བ་ཞིག་རེད། དེ་ཁང་པའི་ནང་དུ་འཛུལ་ནས་གང་འདོད་དུ་ཟ་འཐུང་བྱེད་པར་མ་ཟད། གཏོར་བརླག་ཆེན་པོ་བཏང་རྗེས་འགྲོ་ཁར་ཟས་རིགས་ལྷག་མ་དག་ཀྱང་ཁུར་ནས་བུད་འགྲོ། གལ་ཏེ‘དངོས་སུ་མཐོང་བའི་དཔང་མི’ལ་འཕྲད་པ་ན་ཚེ་སྲོག་གི་ཉེན་ཁ་བཟོ་སྲིད”ཟེར།

སྤྱི་བདེ་པུའུ་ཡིས་རགས་རྩིས་བྱས་པ་ལྟར་ན། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ཁོངས་གཏོགས་ཁུལ་གྱི་རྫོང་བཞིའི་ནང2015ལོར་བྱུང་བའི་མི་དང་སྲོག་ཆགས་བར་གྱི་འགལ་ཟླ་སྟོང1ཡང་མི་ཟིན་མོད། 2020ལོར་སླེབས་སྐབས་ཁྲི2ཙམ་ལ་འཕར་ཞིང་། དེ་དག་གཙོ་བོ་ནི་སྤྱང་ཀིས་ཕྱུགས་རིགས་ལ་གནོད་འཚེ་གཏོང་བ་དང་། དྲེད་མོང་ཁང་པའི་ནང་དུ་འཛུལ་ནས་གཏོར་བརླག་གཏོང་བ། མི་ལ་ཤི་རྨས་བཟོ་བ་སོགས་ཀྱི་ངོས་ནས་མངོན་ཡོད། བརྟག་དཔྱད་བྱས་པ་ལྟར་ན། རྨ་སྟོད་རྫོང་ཁོངས་སུ་རྐྱང་ཁྲི3ལྷག་ཡོད་པ་དེ་རྫོང་ཡོངས་ཀྱི་མི་གྲངས་བསྡོམས་འབོར་གྱི་ལྡབ་གསུམ་ཙམ་ཡིན་པ་དང་། དགོ་བ་ཁྲི2ལྷག་ཡོད། རྐྱང་དང་དགོ་བའི་གྲངས་འབོར་དེ་ལུག་གི་རྩིས་གཞི་ལ་བཀུག་ན་འབུམ་གཉིས་ལྷག་ཙམ་ཡིན་པ་དང་། རྨ་སྟོད་རྫོང་ལ་གཞུང་ལུགས་སྟེང་ནས་ཕྱུགས་ཟོག་ཐེག་ཚད་ནི་ལུག་གི་རྩིས་གཞི་ལྟར་བྱས་ན་འབུམ་བཞི་ལྷག་རེད།   མི་དང་སྲོག་ཆགས་བར་གྱི་འགལ་ཟླའི་ངོ་བོ་ནི་འཚོ་སྡོད་ཀྱི་བར་སྟོང་འཕྲོག་རྩོད་བྱེད་པ་དེ་རེད། མི་དང་སྲོག་ཆགས་བར་གྱི་འགལ་ཟླ་ཡིན་ནའང་འདྲ། མངའ་ཁོངས་ཀྱི་རྙོག་འཛིང་དང་ཐབས་ཟད་བཅས་ཀྱི་ཐོག་ནས་སྐྱེ་ཁམས་ཁོར་ཡུག་གི་འཕོ་འགྱུར་དང་མིའི་རིགས་ཀྱི་བྱ་འགུལ་ཁྱབ་ཁོངས་མུ་མཐུད་དུ་རྒྱ་བསྐྱེད་པའི་སྐབས་འདིར་འཚོ་སྡོད་ཀྱི་བར་སྟོང་འཕྲོག་རྩོད་ཇེ་ཆེར་འགྲོ་བཞིན་པ་མཚོན་ཡོད།

2024ལོའི་ཟླ11པའི་ཚེས13ཉིན་གྱི་ཞོགས་པར། རྫ་སྟོད་རྫོང་རྣམ་སྲས་ཡུལ་ཚོ་གནས་མདོ་སྡེ་བའི་འབྲོག་པ་སྟོབས་ལྡན་ཚང་གི་ནོར་ལ་སྤྱང་ཀིས་འཇབ་རྒོལ་བྱས་ཏེ་བསད། སྟོབས་ལྡན་གྱིས་ཤེས་རྗེས། འཕྲལ་མར་སྤྱང་ཁྱུ་ཕར་བདས་པར་མ་ཟད། སྡེ་བའི་ཕྱུགས་ཟོག་འགན་བཅོལ་ལ་འགན་འཁུར་མཁན་གྱི་སྐྱེ་ཁམས་ལྟ་སྲུང་པ་དགེ་དབྱངས་ལ་སྐད་བཏང་།

དགེ་དབྱངས་ཡུལ་དངོས་སུ་འབྱོར་རྗེས། ཐོག་མར་པར་བླངས་ནས་དཔང་རྟགས་འཚོལ་སྡུད་བྱས་པ་དང་།  འབྲེལ་ཡོད་ཆ་འཕྲིན་ཐོ་འགོད་བྱས།  དེ་ནས་དཔང་རྟགས་ཉེན་འགོག་སྟེགས་བུའི་ཐོག་བསྐུར་ནས་སྐྱིན་ཚབ་འཇལ་བའི་གོ་རིམ་སྤེལ་འགོ་བརྩམས་ལ། ཟོག་རོ་སྟོབས་ལྡན་ཚང་ནས་བཞག་སྟེ་དགུན་ཤ་བྱེད་དུ་བཅུག

དགེ་དབྱངས་ཀྱིས་བཤད་རྒྱུར།  ང་ཚོའི་ས་ཆ་འདིར་རི་སྐྱེས་སྲོག་ཆགས་ཀྱིས་རྨུགས་ནས་བསད་པའི་ནོར་ལ་ཆེ་ཆུང་མེད་པར་ཚང་མར་སྐྱིན་ཚབ་སྒོར2400ལེན་ཐུབ། གལ་ཏེ་ནོར་གྱི་རོ་ཆ་ཚང་ཡིན་ན་ད་དུང་ཁ་ཟས་བྱེད་ཆོག དེ་ལྟར་བྱས་ན་འབྲོག་པ་རྣམས་ཀྱི་གྱོང་གུན་ཇེ་ཆུང་དུ་གཏོང་ཐུབ་ཟེར།

ཉེ་བའི་ལོ་ཤས་རིང་སྲུང་སྐྱོབ་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་བ་དང་བསྟུན་ནས། རི་སྐྱེས་སྲོག་ཆགས་ཁྱུ་ཚོགས་ཀྱི་གྲངས་འབོར་བརྟན་བརླིང་ངང་ཇེ་མང་དུ་ཕྱིན་ཡོད། འབྲོག་པ་དང་རི་སྐྱེས་སྲོག་ཆགས་བར་ཕན་ཚུན་མཉམ་གནས་ཡོང་བར་འགན་ལེན་བྱེད་ཆེད། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དུ་ལས་གཞི་གལ་ཆེན་རབ་དང་རིམ་པ་ལག་བསྟར་བྱས་ཡོད།

རི་སྐྱེས་སྲོག་ཆགས་ཀྱིས་མི་ལ་ཤི་རྨས་བཟོས་པའི་གནས་ཚུལ་ལ་དམིགས་ནས། ཞིང་ཆེན་ཡོངས་ཀྱི་སྐམ་སའི་རི་སྐྱེས་སྲོག་ཆགས་ཀྱིས་མི་ལུས་དང་རྒྱུ་ནོར་ལ་གྱོང་གུན་བཟོས་པར་གཅིག་གྱུར་གྱིས་སྐྱིན་ཚབ་འཇལ་བའི་ཚོད་ལྟའི་བྱ་བ་དོན་འཁྱོལ་བྱས་ལ། ཐོལ་བྱུང་དོན་རྐྱེན་ལ་སྐྱིན་ཚབ་མཐོ་ཤོས་སྒོར་འབུམ་དྲུག་ཡོད། ཀྲུང་གོ་ཞི་བདེ་རྒྱ་མཚོ་ཆེན་པོའི་འགན་སྲུང(ཚོགས་སྒྲིལ)མ་རྐང་ཚད་ཡོད་ཀུང་སིར་མཉམ་འབྲེལ་གྱིས་སྐྱེ་ཁམས་ལྟ་སྲུང་པའི་མི་ལུས་ཀྱི་ཐོལ་བྱུང་དོན་རྐྱེན་འགན་བཅོལ་བྱ་བར་སྐུལ་འདེད་བཏང་བ་དང་། ལོ་ལྟར་སྐྱེ་ཁམས་ལྟ་སྲུང་པ་རེར་སྒོར144གྲབས་གསོག་བྱས་ནས། མི་ལུས་ཀྱི་ཐོལ་བྱུང་དོན་རྐྱེན་འགན་བཅོལ་ནང་ཞུགས་ཤིང་། དེའི་ཁྲོད་སྒོར48ནི་ཞི་བདེ་རྒྱ་མཚོ་ཆེན་པོའི་འགན་བཅོལ་ཚོགས་སྒྲིལ་གྱིས་ཞལ་འདེབས་བྱས་པ་ཡིན་ལ། སྐྱིན་ཚབ་སྤྲོད་པའི་འགན་བཅོལ་གྱི་དངུལ་གྲངས་མཐོ་ཤོས་སྒོར་འབུམ་ལྔ་རེད།

རྨིག་ཅན་སྲོག་ཆགས་དང་སྒོ་ཕྱུགས་ཀྱིས་རྩྭ་ས་འཕྲོག་རྩོད་བྱེད་པའི་གནད་དོན་ལ་དམིགས་ནས། ཀྲུང་དབྱང་ནོར་སྲིད་ཀྱི་མ་དངུལ་སྒོར་བྱེ་བ་གཉིས་བརྩོན་ལེན་བྱས་པ་དང་། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་ཁྱབ་ཁོངས་སུ་རི་སྐྱེས་སྲོག་ཆགས་དང་སྒོ་ཕྱུགས་ཀྱིས་རྩྭ་ས་འཕྲོག་རྩོད་བྱེད་པའི་ཁ་གསབ་ཚོད་ལྟ་རེས་སྐོར་གཉིས་སྤེལ།

རྨ་སྟོད་རྫོང་གི་དགོ་བའི་གྲངས་འབོར་ཇེ་མང་དུ་སོང་བ་དང་། སྲུང་སྐྱོབ་བྱེད་ཤུགས་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་བཏང་བ་དང་བསྟུན་ནས། དེའི་ཁྱུ་ཚོགས་ཀྱི་གཞི་ཁྱོན་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད། བསྡོམས་རྩིས་བྱས་པ་ལྟར་ན། རྨ་སྟོད་རྫོང་གི་མངའ་ཁོངས་སུ་དགོ་བའི་གྲངས་འབོར་ཁྲི2ལྷག་ཡོད། དགོ་བ་འབོར་ཆེན་འབྲོག་པའི་རྩྭ་སར་ཡོང་ནས་ནོར་ལུག་དང་རྩྭ་ས་འཕྲོག་རེས་བྱེད་བཞིན་ཡོད། རྩྭ་ས་དང་ཕྱུགས་རིགས་དོ་མཉམ་རྒྱུན་འཁྱོངས་བྱེད་ཆེད། འབྲོག་པ་ཁ་ཤས་ཀྱིས་ཐ་ན་ཕྱུགས་རིགས་གསོ་སྤེལ་བྱེད་ཚད་ཇེ་ཉུང་དུ་མི་གཏོང་ཐབས་མེད་བྱུང་ཡོད།

བརྟག་དཔྱད་བསྡོམས་རྩིས་བྱས་པའི་འབྲས་བུ་ལས་མངོན་པ་ལྟར་ན། གཙང་གསུམ་འབྱུང་ཡུལ་ས་ཁུལ་གྱི་རི་སྐྱེས་སྲོག་ཆགས་ཀྱི་ཁྱུ་ཚོགས་མངོན་གསལ་གྱིས་ཇེ་མང་དུ་སོང་བ་དང་། གཙོད་ནི་སྲུང་སྐྱོབ་བྱེད་པའི་ཐོག་མའི་དུས་སུ་ཁྲི2ལ་མི་ལོངས་པ་ནས་ཁྲི7ལྷག་བར་སླར་གསོ་བྱུང་བ་དང་། དེའི་ཉེན་ཁའི་རིམ་པ་དེ“སྟོངས་ལ་ཉེ་བ”ནས“ཉེན་ཁ་ལ་ཐག་ཉེ་བའི”བར་དུ་མར་ཆག་པ་དང་། ཁྱུ་ཚོགས་ཀྱི་གྲངས་འབོར་མུ་མཐུད་དུ་རྒྱས་བཞིན་ཡོད་པས། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་མཚོན་རྟགས་རང་བཞིན་གྱི་གྲུབ་འབྲས་ཤིག་ཏུ་གྱུར་ཡོད། སྔོན་ཆད་མཐོང་དཀའ་བའི་གསའ་དང་གཟིག སྲམ་བཅས་ཡང་ཡང་མངོན་པ་དང་། རྔོན་གླག་དང་ཁྲུང་ཁྲུང་སྐེ་ནག གླག་སོགས་གཏུམ་བྱའི་རིགས་ཀྱིས་བར་སྣང་དུ་ལྡིང་སྐོར་རྒྱག་ཅིང་། ས་རྟ་གྲོ་ལི་དང་སྦྲེ་སོགས“དྲ་གྲགས་སྲོག་ཆགས”རྩྭ་ཐང་དུ་སྐྱེ་འཕེལ་བྱེད་བཞིན་ཡོད།

ད་ལྟའི་གཙང་གསུམ་འབྱུང་ཡུལ་ནི་ས་ཁམས་ཀྱི་གོ་དོན་ཁོ་ན་ཙམ་ཞིག་མ་ཡིན་པར་དེ་ནི་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་འདུ་ཤེས་དང་ལག་ལེན་གྱི་གསོན་ཉམས་ལྡན་པའི་མཚོན་རྟགས་ཤིག་ཀྱང་ཡིན། དེས་འཛམ་གླིང་ཡོངས་ལ་མིའི་རིགས་ཀྱིས་སེམས་ན་གུས་བཀུར་ཡོད་པ་དང་། རང་བྱུང་ཁམས་ལ་བརྩི་འཇོག་དང་། རང་བྱུང་ཁམས་དང་བསྟུན་པ། རང་བྱུང་ཁམས་སྲུང་སྐྱོབ་བཅས་བྱས་ན། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་བདེ་བླག་ངང་མངོན་འགྱུར་ཐུབ་པ་དང་། མཉམ་དུ་མཛེས་སྡུག་ལྡན་པའི་སའི་གོ་ལའི་ཁྱིམ་གཞིས་གསར་གཏོད་ཐུབ་པ་ར་སྤྲོད་ལེགས་པོ་བྱས་ཡོད། །

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།