མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་མ་ལག་སྣ་མང་ཕུན་སུམ་ཚོགས་པ་ཞིག་ཡིན་མོད། འོན་ཀྱང་ཧ་ཅང་ཉམས་ཞན་ཆེ་བས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་ཤུགས་བསྣན་ནས། སྐྱེ་ཁམས་བྱེད་ནུས་མངོན་འགྱུར་བྱེད་པ་ནི་ཁུལ་ཁོངས་འདིའི་ལས་འགན་གཙོ་བོ་ཞིག་རེད། མཚོ་སྔོན་དེ་མཚོ་བོད་མཐོ་སྒང་གི་ཁུལ་ཁོངས་གཙོ་བོ་ཞིག་ཡིན་པའི་ཆ་ནས། སྐྱེ་ཁམས་ཁོར་ཡུག་དེ་རྒྱལ་ཁབ་འཕེལ་རྒྱས་ཀྱི་ཁྱོན་ཡོངས་དང་ཀྲུང་ཧྭ་མི་རིགས་རྒྱུན་མཐུད་འཕེལ་རྒྱས་དང་འབྲེལ་ཡོད། ཐོག་མཐའ་བར་གསུམ་དུ་སྐྱེ་ཁམས་སྲུང་སྐྱོབ་དང་པོར་འཇོག་པ་དང་། སྐྱེ་ཁམས་བྱེད་ནུས་ཀྱི་ཆེས་ཆེ་ཤོས་མངོན་འགྱུར་བྱེད་པར་དམིགས་ནས། ཆུ་ཚད་མཐོ་བའི་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཅིག་འདོམས་བྱེད་དགོས།
མཚོ་སྔོན་གྱིས་ཐོག་མཐའ་བར་གསུམ་དུ་སྐྱེ་ཁམས་གཙོ་བོར་འཛིན་པ་དང་ལྗང་མདོག་འཕེལ་རྒྱས་རྒྱུན་འཁྱོངས་བྱས་ཤིང་། ཆེས་ཆེ་བ་གསུམ་གྱི་ཞིང་ཆེན་གྱི་ངེས་གནས་དང་སྔར་ལས་གལ་ཆེ་བ་གསུམ་གྱི་འཐབ་ཇུས་ཀྱི་ངེས་གནས་དམ་འཛིན་ནན་མོ་བྱས་པ་དང་། མཉམ་འདྲེས་དང་རྒྱལ་ཡོངས་ཆེ་ཕྱོགས་ལ་ཞབས་འདེགས་ཞུ་བར་དམ་པོར་དམིགས་ནས། ནུས་ཤུགས་ཡོད་རྒུས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པའི་ཐད་གྲུབ་འབྲས་གསར་བ་བླངས་པ་དང་། རྨ་འབྲི་རྫ་གསུམ་འབྱུང་ཡུལ་དང་ཀྲུང་ཧྭའི་ཆུ་མཛོད་ལ་སྲུང་སྐྱོབ་ལེགས་པོ་བྱས་ཏེ། རི་སྔོ་ཆུ་དྭངས་དེ་མཚོ་སྔོན་གྱི་དགེ་མཚན་དང་གཟི་བརྗིད་དུ་འགྱུར་བར་བྱས།
བློ་གཅིག་སེམས་གཅིག་གིས་ཆུ་མཛོད་སྲུང་ནས་འགོག་ར་བརྟན་པོ་སྐྲུན།
མཚོ་སྔོན་པོའི་ཁེ་རན་ཐང་ལ་སླེབས་པ་ན། སྐྱེ་ཁམས་ལྟ་སྲུང་བ་ཚེ་རིང་དོན་གྲུབ་ཀྱིས་ལས་གྲོགས་ཚོ་དང་མཉམ་དུ་མཚོ་འགྲམ་དུ་སྐོར་སྲུང་བྱེད་ཀྱིན་ཡོད་པར་མ་ཟད། སྐོར་ཞིབ་བྱེད་སྐབས་མཐོང་བའི་རི་སྐྱེས་སྲོག་ཆགས་དང་རྩྭ་རར་འབྲེལ་ཡོད་ཀྱི་གནས་ཚུལ་ཚང་མ་སྐོར་སྲུང་ལག་དེབ་ཏུ་ཕབས། ལོ་ངོ་དུ་མའི་རིང་། ཚེ་རིང་དོན་གྲུབ་ཀྱིས་ས་གནས་འདིའི་སྐྱེ་ཁམས་ཁོར་ཡུག་གི་འགྱུར་ལྡོག་ལེགས་པོ་མཐོང་ཡོད་ལ། ཁོས་བཤད་པ་ལྟར། སྔོན་ཆད་ས་གནས་འདིར་རྩྭ་སྟུག་པོ་མི་སྐྱེས་མོད། ད་སྐབས་རྩྭ་སྐྱེ་བར་མ་ཟད་བརླན་སའི་རྒྱ་ཁྱོན་ཇེ་ཆེར་གྱུར་བ་དང་། དབྱར་ཁར་བྱ་རིགས་མང་པོ་འཕུར་ཡོང་ནས་གནས་འདིར་ཚང་བཅས་ཡོད།
མཚོ་སྔོན་པོ་ནི་ཀྲུང་གོའི་ཆེས་ཆེ་བའི་སྐམ་སའི་ཚྭ་མཚོ་ཡིན་པའི་ཆ་ནས། ཆུ་བྱའི་རིགས་དང་སྲོག་ཆགས་རིགས་ཀྱི་གྲངས་ཀ་ཇེ་མང་དུ་སོང་ཞིང་། འགག་རྩའི་སྐྱེ་ཁམས་དམིགས་ཚད་དག་རྒྱུན་མཐུད་སྒོས་བཟང་ཕྱོགས་སུ་འཕེལ་བས། མཚོ་སྔོན་པོའི་སྐྱེ་ཁམས་འགྱུར་ལྡོག་ནི་མཚོ་སྔོན་གྱིས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པའི་ཐད་གྲུབ་འབྲས་མངོན་གསལ་བླངས་པའི་གསོན་ཉམས་ལྡན་པའི་བསྡུས་གཟུགས་ལྟ་བུ་ཞིག་རེད།
མཚོ་སྔོན་གྱི་སྐྱེ་ཁམས་ནི་ཞིང་ཆེན་འཛུགས་པའི་གཞི་མ་དང་འཕེལ་རྒྱས་ཀྱི་དགོས་མཁོ་ཡིན་ལ། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཕྱོགས་སོ་སོར་འབྲེལ་ཡོད། ཞིང་ཆེན་གོང་འོག་ཡོངས་ཀྱིས་མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་ལེགས་པོ་བྱེད་པ་ནི་རྒྱལ་དོན་གྱི་ཆེ་ཕྱོགས་ཡིན་པ་ཡིད་ལ་དམ་པོར་འཛིན་པ་དང་།བློ་བརྟན་འགྱུར་མེད་སྒོས་ཀྲུང་ཧྭའི་ཆུ་མཛོད་སྲུང་སྐྱོབ་མཁན་བྱས་ཏེ། སེམས་ཤུགས་ཡོད་ཚད་བཀོལ་ནས་རི་ཆུ་ནགས་རྩྭ་དང་སྐྱེ་དངོས་སྣ་མང་ལ་སྲུང་སྐྱོབ་བྱེད་དགོས།
སྐྱེ་ཁམས་བདེ་འཇགས་སྲུང་སྐྱོབ་ཀྱི་འགན་འཁྲི་ལྕི་མོ་ལག་ལེན་དུ་བསྟར་བ་དང་། མཚོ་སྔོན་གྱིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་ལག་བསྟར་གྱི་མཐོ་ས་གསར་བ་བསྐྲུན་པ་དེ་སྣེ་ཁྲིད་བྱས་ནས། ནུས་ཤུགས་ཡོད་རྒུས་སྐྱེ་ཁམས་བདེ་འཇགས་ཀྱི་འགོག་ར་དང་ལྗང་མདོག་འཕེལ་རྒྱས། རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན། མི་དང་རང་བྱུང་ཚེ་སྲོག་གི་གཅིག་མཐུན་ཚོགས་པ། སྐྱེ་ཁམས་དཔལ་ཡོན་ལམ་ལུགས་གསར་གཏོད། རི་ཆུ་ནགས་ཞིང་མཚོ་རྩྭ་བྱེ་འཁྱགས་གཞི་གཅིག་ཅན་གྱི་སྲུང་སྐྱོབ་དང་མ་ལག་བཅོས་སྐྱོང་། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་བཅས་ཀྱི་མཐོ་ས་གསར་བ་བདུན་བསྐྲུན་པ་དང་། ཕྱོགས་ཡོངས་ནས་སྔར་ལས་ཆུ་ཚད་མཐོ་བའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས།
སྐྱེ་ཁམས་མ་ལག་གི་སྤུས་ཀ་དང་གཏན་འཇགས་རང་བཞིན་ལ་རྒྱུན་མཐུད་སྒོས་མཐོར་འདེགས་བཏང་སྟེ། ལྗང་མདོག་གི་ཕ་གཞིས་ལ་སྲུང་སྐྱོབ་བྱེད་དགོས། ད་ལྟར། རྩྭ་ཐང་གི་སྔོ་ཁེབས་ཁེབས་ཚད་བརྒྱ་ཆའི58.12ལ་སླེབས་པ་དང་། བརླན་སའི་རྒྱ་ཁྱོན་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཤིང་། ཐང་རྒོད་ཅན་དང་བྱེ་འགྱུར་ས་ཞིང་གི་རྒྱ་ཁྱོན་སྔར་ལས་ཇེ་ཆུང་དུ་སོང་བ་དང་། རླུང་ཁམས་ཆེན་མོ་དང་ཆུ། ས་རྒྱུ་ཁོར་ཡུག་བཅས་ཀྱི་སྤུས་ཀ་རྒྱུན་མཐུད་ངང་ཇེ་ལེགས་སུ་ཕྱིན་ཏེ། ཞིང་ཆེན་ཡོངས་ཀྱི་གནམ་གཤིས་ལེགས་པའི་ཉིན་གྲངས་ཀྱི་བསྡུར་ཚད་དེ་ལོ་མང་པོར་བརྒྱ་ཆའི96ཡན་སྲུང་འཛིན་བྱས་ལ། འབྲི་ཆུ་དང་རྨ་ཆུའི་ཆུ་ལག རྫ་ཆུ་བཅས་ཞིང་ཆེན་ཀྱི་ས་མཚམས་ལས་བརྒལ་བའི་ངོས་བཅད་ཆུ་སྤུས་རིགས་གཉིས་པ་དང་དེའི་ཡན་སྲུང་འཛིན་བྱས་ཡོད།
ཁུལ་ཁོངས་ཡོངས་སུ་བལྟས་ན། རི་ཆུ་ནགས་ཞིང་མཚོ་རྩྭ་བྱེ་དར་གཞི་གཅིག་ཅན་སྲུང་སྐྱོབ་དང་མ་ལག་བཅོས་སྐྱོང་རྒྱུན་འཁྱོངས་བྱས་ཏེ། མཚོ་སྔོན་གྱིས་འཐབ་ཇུས་རང་བཞིན་གྱི་བྱེད་ཐབས་སྐོར་ཞིག་ལག་བསྟར་བྱས་པ་དང་། འགག་རྩའི་རང་བཞིན་གྱི་བཅོས་སྒྱུར་ལ་སྐུལ་འདེད་བཏང་ལ། འདེགས་སྐྱོར་རང་བཞིན་གྱི་བཟོ་སྐྲུན་སྐོར་ཞིག་ལག་བསྟར་བྱས་ཤིང་། མ་ལག་རང་བཞིན་གྱི་བཅོས་སྐྱོང་སྤེལ་ནས། མཚོན་བྱེད་རང་བཞིན་གྱི་གྲུབ་འབྲས་བླངས། ད་བར། སྐྱེ་ཁམས་དཔལ་ཡོན་གྱི་འདུ་ཤེས་དེ་ཡུལ་ཕྱོགས་ཀུན་ལ་ཁྱབ་ཅིང་། དངོས་གཉེར་གྱི་བྱེད་ཐབས་དང་དངོས་ཡོད་འགུལ་སྐྱོད་རེ་རེ་ལས་མཚོ་སྔོན་གྱི་སྐྱེ་ཁམས་ཀྱི་ལེགས་ཆ་དང་འཕེལ་རྒྱས་ཀྱི་འགྱུར་ལྡོག་ཚོར་ཐུབ།
རི་ཆུ་འདྲེས་ནས་མཛེས་ཉམས་མངོན།
རྒྱལ་ཁབ་སྤྱི་གླིང་གཙོ་ཡིན་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་མ་ལག་འཛུགས་སྐྲུན་ལ་ཤུགས་སྣོན་པ་ནི་དུས་རབས་འཕེལ་རྒྱས་ཀྱི་གཙོ་རྒྱུན་དང་བསྟུན་པའི་འདུ་ཤེས་གསར་སྒྱུར་དང་གསར་གཏོད་ཀྱི་བྱེད་ཐབས་ཤིག་ཡིན་ལ། རབ་མཛེས་མཚོ་སྔོན་གྱིས་སྐྱེ་ཁམས་ཀྱི་ཚོང་རྟགས་བསྐྲུན་ནས་སྐྱེ་ཁམས་ཀྱི་མཛེས་ཉམས་མངོན་པའི་དུས་རབས་ཀྱི་བྱེད་ཐབས་ཤིག་ཡིན་པས། རྒྱལ་ཁབ་སྤྱི་གླིང་དེ་མཚོ་སྔོན་གྱི་མིང་གྲགས་འཛམ་གླིང་ལ་ཁྱབ་པའི་མིང་བྱང་བརྗིད་པོ་ཞིག་རེད།
ཀྲུང་གོའི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱ་བ་ནི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་དུ་ཐོག་མར་མགོ་བརྩམས་པ་རེད། རྒྱལ་ཡོངས་ཀྱི་རྒྱལ་ཁབ་སྤྱི་གླིང་ལམ་ལུགས་ཚོད་ལྟའི་ཞིང་ཆེན་ནས་ཀྲུང་གོའི་རྒྱལ་ཁབ་སྤྱི་གླིང་འཛུགས་པའི་ཆོག་མཆན་ཐོབ་པའི་ཞིང་ཆེན་གྱི་གྲས་སུ་གྱུར་བ་དང་། མཚོ་སྔོན་གྱིས་རྒྱལ་ཁབ་སྤྱི་གླིང་གཙོ་བྱས་པའི་རང་བྱུང་སྲུང་སྐྱོབ་ཁུལ་མ་ལག་འཛུགས་པའི་ཐད་ནས་སྔོན་དུ་བསྐྱོད་དེ། སྔོན་ལ་རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་།
གསར་བ་དང་ལེན་ཐུབ་པའི་ཞིང་ཆེན་ཐོག་མ་ཡིན་པའི་ཆ་ནས། ཕུལ་བྱུང་གྲུབ་འབྲས་བརྩོན་ལེན་བྱེད་ཕོད་པ་དང་། འཆར་འགོད་ཁྲིད་སྟོན་རྒྱུན་འཁྱོངས་བྱས་ཏེ། མཚོ་སྔོན་གྱིས་རྒྱལ་ཁབ་སྤྱི་གླིང་གཙོ་བྱས་པའི་རང་བྱུང་སྲུང་སྐྱོབ་ཁུལ་མ་ལག་གི་དཔེ་སྟོན་ཞིང་ཆེན་འཛུགས་པའི་སྤྱིའི་འཆར་འགོད་གཏན་འབེབས་བཟོས་ནས་ལག་བསྟར་བྱས་པ་དང་། དོ་དམ་ལམ་ལུགས་འཛུགས་པའི་ཇུས་གཞི་སོགས་ལམ་ལུགས་བྱེད་ཐབས་བཅོ་བརྒྱད་བཏོན་ཞིང་། འཛུགས་སྐྲུན་ཚད་གཞི་སོགས་ལག་རྩལ་ཚད་གཞི་བཞི་སྒྲོག་སྤེལ་བྱས་ཏེ། ཚད་ལྡན་དང་གཅིག་གྱུར་གྱི་རང་བྱུང་སྲུང་སྐྱོབ་ཁུལ་ལམ་ལུགས་ཀྱི་ཚད་གཞི་མ་ལག་གྲུབ།
བཅོས་སྒྱུར་གསར་གཏོད་རྒྱུན་འཁྱོངས་བྱས་ཏེ། མེད་པ་ནས་ཡོད་པ་དང་། ཡོད་པ་ནས་གཟེངས་སུ་ཐོན་པར་མངོན་འགྱུར་བྱུང་ཞིང་། ཀྲུང་གོས་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་དང་། རྒྱལ་ཁབ་སྤྱི་གླིང་གཙོ་བྱས་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་མ་ལག་མགྱོགས་མྱུར་ངང་བསྐྲུན་པར་ཉམས་མྱོང་གསར་སྐྲུན་དང་དཔེ་སྟོན་འདོན་སྤྲོད་བྱས། མཚོ་སྔོན་གྱིས་ནུས་ཤུགས་ཡོད་རྒུས་་་དཀའ་ཁག་སེལ་ནས། བརྗོད་དོན་གཏན་འཁེལ་ཡིན་ལ། འགན་འཁྲི་གསལ་བོ་ཡིན་པ། ཕན་ཚུན་གཞོགས་འདེགས་བཅས་བྱེད་པའི་ཀྲུང་དབྱང་དང་ས་གནས་མཉམ་སྡེབ་དོ་དམ་གྱི་རྐྱེན་སྲོལ་བཙུགས་པ་དང་། རྒྱལ་ཁབ་སྤྱི་གླིང་གི་མིང་བྱང་ལ་དོ་དམ་ནན་མོ་བྱེད་པའི་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་ལེགས་འགྲུབ་བྱུང་ཞིང་། རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་གྱི་ལྟ་བ་དགུ་དང་མ་ལག་བཅོ་ལྔ་གྲུབ།
ལམ་ལུགས་རང་བཞིན་གྱི་གསར་གཏོད་འབུར་དུ་ཐོན་ལ། རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པར་སྐུལ་འདེད་ནན་མོ་བཏང་བ་དང་། རང་བྱུང་སྐྱེ་ཁམས་མ་ལག་གི་དོན་དངོས་རང་བཞིན་དང་ཆ་ཚང་རང་བཞིན་གྱི་སྲུང་སྐྱོབ་ལ་ཤུགས་བསྣན། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གིས་རང་བྱུང་སྲུང་སྐྱོབ་ཁུལ་གྱི་ལམ་ལུགས་ཚད་གཞིའི་མ་ལག་བཙུགས་པ་དང་། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྤྱིའི་འཆར་འགོད་ཁྱབ་བསྒྲགས་བྱས་ཤིང་། མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་གིས་ཚོད་ལྟའི་ལས་འགན་ཕྱོགས་ཡོངས་ནས་ལེགས་འགྲུབ་བྱུང་སྟེ། སྐྱེ་ཁམས་སྲུང་སྐྱོབ་དང་དྲིལ་སྒྲོག་སློབ་གསོ། དམངས་ཚིས་འཕེལ་རྒྱས། མི་རིགས་མཐུན་སྒྲིལ་བཅས་གཞི་གཅིག་ཏུ་འདྲེས་པར་བྱས་ནས། སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་དང་སྡེ་ཁུལ་མཉམ་བསྐྲུན་མཉམ་སྤྱོད་ཀྱི་རྣམ་པ་ཐོག་མར་བཏོད་པ་དང་། མཚོ་སྔོན་པོ་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་གྱི་ལས་འགན་ལེགས་འགྲུབ་བྱུང་སྟེ། མཐོ་སྒང་ལ་དམིགས་བསལ་དུ་ཡོད་པའི་ཆུ་རྩྭ་ཉ་བྱ་གཅན་གཟན་བཅས་མཉམ་གནས་ཀྱི་སྐྱེ་ཁམས་མ་ལག་གྲུབ།
མིག་སྔར། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོ་དང་རིགས་སོ་སོའི་རང་བྱུང་སྲུང་སྐྱོབ་ཁུལ་ལ་རིགས་བདུན་དང་ཁག་གྱ་བདུན་ཡོད་ལ། ཞིང་ཆེན་ཡོངས་ཀྱི་ས་ཁོངས་རྒྱ་ཁྱོན་གྱི་བརྒྱ་ཆའི39.18ཟིན་ཡོད་པ་དང་། རྒྱལ་ཡོངས་ཀྱི་བརྒྱ་ཆའི18ཀྱི་ཆ་སྙོམས་བསྡུར་ཚད་ལས་བརྒལ་ཡོད་པས། རྒྱལ་ཁབ་སྤྱི་གླིང་གཙོ་བྱས་པ་དང་། རང་བྱུང་སྲུང་སྐྱོབ་ཁུལ་རྨང་གཞི་ཡིན་པ། རིགས་སོ་སོའི་རང་བྱུང་སྤྱི་གླིང་ཁ་སྣོན་ཡིན་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་མ་ལག་གསར་བ་ཐོག་མར་གྲུབ། ད་ལྟ་བལྟས་ན། མཚོ་སྔོན་གྱི་རྒྱལ་ཁབ་སྤྱི་གླིང་གིས་སྐྱེ་ཁམས་འགན་འཁྲི་གཙོ་བོ་འགྲེལ་བཤད་གསལ་བོ་བྱས་ཤིང་། མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་གྲུབ་འབྲས་སྔར་ལས་མང་པོ་བླངས་པར་བརྟེན། མཚོ་སྔོན་གྱི་ལས་འགན་ལྗིད་ཅིང་མིག་རྒྱང་རིང་།
ཐོན་ལས་ལྗང་མདོག་ཅན་གྱི་ཕྱོགས་སུ་འཕེལ་རྒྱས་ཕྱིན།
མཚོ་སྔོན་ལ་མཚོན་ན། སྐྱེ་ཁམས་ནི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་རྨང་གཞི་དང་འགན་སྲུང་ཡིན། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ་དང་ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་བྱེད་སྐབས། རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོ་འཛུགས་པ་དང་། སྐྱེ་ཁམས་ཐོན་ཁུངས་ཀྱི་ལེགས་ཆ་ལས་ལྗང་མདོག་འཕེལ་རྒྱས་ཀྱི་བྱེད་ཐབས་བཙལ་ཏེ། ལྗང་མདོག་ལ་བརྟེན་ནས་འཕེལ་རྒྱས་ཕྱིན་པའི་གཏམ་རྒྱུད་མང་པོ་མཆིས།
མཚོ་སྔོན་པོའི་འགྲམ་རྒྱུད་དུ་ཆགས་ཤིང་། དམིགས་བསལ་གྱི་སྐྱེ་ཁམས་ཐོན་ཁུངས་ཀྱི་དགེ་མཚན་ལ་བརྟེན་ནས། སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་ཁྲོད་འཕེལ་རྒྱས་ཀྱི་སྒུལ་ཤུགས་བཙལ་ཞིང་དཔལ་འབྱོར་གྱི་སྦས་ཤུགས་སྔོག་འདོན་བྱས་པས། མཚོར་བརྟེན་ནས་གཞིས་ཆགས་པའི་སྡེ་བས་ལྗང་མདོག་ལ་བརྟེན་ནས་ལྗང་མདོག་འཕེལ་རྒྱས་ཀྱི་བགྲོད་ལམ་རྙེད་པ་དང་། སྐྱེ་ཁམས་སྲུང་སྐྱོབ་དང་ལྗང་མདོག་འཕེལ་རྒྱས་མཉམ་འཛིན་གྱི་རྣམ་པ་མངོན།
མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་རྟ་ནག་མ་གྲོང་རྡལ་བུམ་པ་དེའུ་སྡེ་བའི་ཐུན་མོང་ཐོན་ལས་གླིང་ཁུལ་གྱི་བུམ་པའི་དམངས་སྲོལ་མགྲོན་ཁང་དེ་སྡེ་བའི་ཐུན་མོང་ཐོན་ལས་སུ་གྱུར་ཡོད་ལ། ཡུལ་སྐོར་བ་མང་བའི་སྐབས་སུ་ཁང་བ་ང་དྲུག་གི་ཞག་སྡོད་གཞི་ཁྱོན་ལ་མཁོ་མང་འདོན་ཉུང་གི་སྣང་ཚུལ་འབྱུང་སྲིད།
འབྲོག་ལས་གཙོ་བོ་ཡིན་པའི་སྡེ་བ་འདི་ད་སྔ་མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་དང་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་སའི་མཚོ་སྔོན་པོའི་དཔེ་སྟོན་ཁུལ་བསྐྲུན་པའི་འཐབ་ཇུས་ཀྱི་གོ་སྐབས་ལ་འཕྲད་ནས། སྲོལ་རྒྱུན་འབྲོག་སྡེ་འདིའི་ལྗང་མདོག་རྒྱུན་མཐུད་ཐུབ་པའི་ཚུལ་བསྒྱུར་ལ་གོ་སྐབས་ལེགས་པོ་བསྐྲུན།
བུམ་པ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི། སྡེ་དམངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་དོན་གྲུབ་ཚེ་རིང་གིས་གསར་འགོད་པར་བཤད་རྒྱུར། སྡེ་བའི་ཐུན་མོང་དཔལ་འབྱོར་ཡིན་པའི་ཆ་ནས། དམངས་སྲོལ་མགྲོན་ཁང་དེ་ལོ་དྲུག་གི་གླ་ཡུན་གྲོས་ཆོད་ལྟར་ཕྱོགས་གསུམ་པས་ཚོང་གཉེར་བྱེད་ཀྱིན་ཡོད་ལ། གླ་རིན་ཡོང་འབབ་སྒོར་ས་ཡ་གཉིས་ལ་སླེབས་པར་མ་ཟད་སྡེ་བའི་ནང་གི་ལས་ཞུགས་གནད་དོན་ཁག་གཅིག་ཐག་གཅོད་བྱེད་ཐུབ། ད་སྐབས། ཁོ་ཚོ་དང་རྟ་ནག་མ་གྲོང་རྡལ་གྱི་སྲིད་འཛིན་སྡེ་བ་གཞན་པ་འགས་མཉམ་དུ་ཞག་སྡོད་དང་བཟའ་བཏུང་། ཟོག་ཉོ་སོགས་ཀྱི་ལས་རྣམལ་དམིགས་ནས། ཐོན་ལས་དེ་བུམ་པ་སྡེ་བ་ནས་རྟ་ནག་མ་གྲོང་རྡལ་ལ་ཁྱབ་སྤེལ་གཏོང་བ་དང་། སྡེ་བའི་ཐུན་མོང་དཔལ་འབྱོར་མུ་མཐུད་དུ་ལེགས་པོར་བསྒྲུབ་ནས། ཐུན་མོང་ཐོན་ལས་གླིང་འཛུགས་སྐྲུན་ལས་གཞི་སྒྲུབ་ཀྱིན་པའི་སྒང་རེད།
སྐྱེ་ཁམས་ཁོར་ཡུག་ལེགས་པོས་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ཐད་བགྲོད་ལམ་གསར་བ་བཏོད་པ་དང་། མང་ཚོགས་ཀྱི་ཡོང་འབབ་འཕར་བར་གོ་སྐབས་སྔར་ལས་མང་པོ་བསྐྲུན་ཡོད། སྐྱེ་ཁམས་རིན་ཐང་དང་སྐྱེ་ཁམས་འགན་འཁྲི། སྐྱེ་ཁམས་སྦས་ཤུགས་བཅས་ཀྱི་ནང་གནས་གཏན་ཚིགས་གཅིག་འདོམས་བྱས་ན། མི་དང་རང་བྱུང་འཆམ་མཐུན་མཉམ་གནས་བྱེད་ཐུབ་ལ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རང་བྱུང་སྲུང་སྐྱོབ་ཁུལ་གྱི་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་ལ་མཚོན་ནའང་དེ་བཞིན་རེད།
རྩེ་ཁོག་རྫོང་ཧོར་གྲོང་རྡལ་ཐང་འདུ་སྡེ་བ་ནི་ཁྱིམ་ཚང461དང་སྡེ་མི2008ཡོད་པའི་འབྲོག་ལས་གཙོ་བོར་གཉེར་བའི་སྡེ་བ་ཞིག་རེད། ཐང་འདུ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི། སྡེ་དམངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་བཀྲ་ཤིས་དོན་འགྲུབ་ཀྱིས་བལྟས་ན། རྩྭ་ཐང་ནི་སྲོག་ལྟ་བུ་ཡིན་པར་མ་ཟད་དཔལ་འབྱོར་གྱི་ཡོང་ཁུངས་གཙོ་བོའང་ཡིན་པས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལེགས་པོ་བྱས་ཚེ། འབྲོག་པ་མང་ཚོགས་རྣམས་ཀྱིས་ཐོན་ལས་ཀྱི་བཟང་ཕྱོགས་འཕེལ་རྒྱས་ཁྲོད་མུ་མཐུད་དུ་ཁེ་ཕན་ལེན་ཐུབ་པར་སྙམ།
སྐྱེ་ཁམས་གཙོ་བོར་འཛིན་པར་རྐང་བཙུགས་ནས་ཁྱད་ལྡན་ཐོན་ལས་འཆར་འགོད་བྱས་པས། སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཕན་འབྲས་མི་དམན་པ་བླངས། བཀྲ་ཤིས་དོན་འགྲུབ་ཀྱིས་གསར་འགོད་པར་བཤད་རྒྱུར། ཁོ་ཚོས་ཐང་འདུ་སྡེ་བའི་སྐྱེ་ལྡན་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་བཙུགས་པ་དང་། རྩེ་ཁོག་འབྲི་གཡག་ཁྱད་ལྡན་གསོ་སྤེལ་དང་ཕྱུགས་ལས་ཐོན་རྫས་ལས་སྣོན་གྱི་རྨང་གཞིའི་སྟེང་། སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཐོན་ལས་ཕྲེང་སྦྲེལ་འཐུས་ཚང་གཏོང་བར་དམིགས་ནས། སྔོ་ཚལ་དྲོད་ཁང་དང་གྱོན་གོས་ལས་སྣོན་བཟོ་གྲྭ་བཙུགས་པ་དང་། སྔོན་ཆད་ཁེ་སྑོགས་མང་དུས་སྒོར་འབུམ་ལྔ་ལ་སླེབས་པར་མ་ཟད་སྡེ་དམངས་ཡོངས་ལ་ཁེ་ཕན་ཐོབ་ཐུབ། ཐོན་ལས་ཇེ་རྒྱས་ཇེ་ལེགས་སུ་ཕྱིན་པ་དང་བསྟུན་ནས། ཐང་འདུ་སྡེ་བའི་ལོ་རེའི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་གཉིས་ལ་སླེབས་ཐུབ་ཟེར།
སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཞིབ་ཕྲའི་བྱེད་ཐབས་སྣ་ཚོགས་ལས་སྐྱེ་ཁམས་རྒྱུ་ནོར་སྔར་ལས་མང་པོ་ཐོབ་པ་དང་། ད་ལྟའི་མཚོ་སྔོན་གྱི་ས་གཞི་ཆེན་པོའི་སྟེང་། སྐྱེ་ཁམས་སྲུང་སྐྱོབ་ཀྱི་ནང་དོན་སྔར་ལས་ཇེ་ཟབ་ཏུ་ཕྱིན་པ་དང་ཁྱབ་རྒྱ་ཇེ་ཆེར་སོང་། ས རི་སྔོ་ཆུ་དྭངས་ཀྱི་འདུ་ཤེས་ཡིད་ལ་བཟུང་ནས་སྐྱེ་ཁམས་ཀྱི་སྤུས་ཚད་མཐོར་འདེགས་བཏང་ནས། རིན་ཐང་ཅན་གྱི་སྐྱེ་ཁམས་ཐོན་ཁུངས་དེ་དཔལ་འབྱོར་ཡོང་འབབ་ཏུ་ཚུར་སྒྱུར་བྱེད་ཀྱིན་ཡོད་ལ། སྐྱེ་ཁམས་དང་ཐོན་སྐྱེད། འཚོ་བ་བཅས་ཀྱི་བར་སྟོང་སོ་སོར་ཁྱབ་པ་དང་། སྐྱེ་ཁམས་སྲུང་སྐྱོབ་དང་ཐོན་ལས་རིམ་སྤོར། དཔལ་འབྱོར་འཕེལ་རྒྱས་སོགས་ཀྱི་ཁྱབ་ཁོངས་སོ་སོར་ཁེབས་པས། ལས་རིགས་སོ་སོ་ལྗང་མདོག་ཅན་གྱི་ལམ་དུ་བསྐྱོད་དེ་སྤུས་ཚད་མཐོར་འདེགས་གཏོང་བཞིན་ཡོད།
ལྷ་མོ་འཚོས་བསྒྱུར།