“རྒྱལ་དོན་གྱི་ཆེ་ཕྱོགས”ཡིད་ལ་བཅངས། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན།
2025.02.07 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 6

ཉེ་བའི་ལོ་འགའི་རིང་ལ། མཚོ་སྔོན་གྱིས་རྒྱུན་མཐུད་ངང་སྐྱེ་ཁམས་དཔལ་ཡོན་གྱི་སྒྲིག་གཞི་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་། རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་རྒྱུ་སྣེ་ཁྲིད་དུ་བྱས་ལ།“ཀྲུང་ཧྭའི་ཆུ་མཛོད”སྲུང་སྐྱོབ་བྱེད་པའི་ལས་འགན་ལྕི་མོ་ཕྲག་ཏུ་བླངས་ཏེ། རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་ནན་མོ་བཏང་།

ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ནི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་ཡིན་པའི་ཆ་ནས། རྒྱལ་ཁབ་དང་ཐ་ན་གོ་ལ་ཧྲིལ་པོའི་སྐྱེ་ཁམས་དོ་མཉམ་རྒྱུན་སྲིང་བྱེད་པའི་འགག་རྩའི་མཚམས་ཚིགས་ཤིག་ཡིན། ཞིང་ཆེན་དམངས་ཆེན་གྱི་འཐུས་མི། ཡུས་ཧྲུའུ་ཁུལ་ནགས་ལས་དང་རྩྭ་ཐང་ཕྱོགས་བསྡུས་ཞབས་ཞུའི་ལྟེ་གནས་ཀྱི་མཐོ་རིམ་བཟོ་སྐྲུན་པ་ལིས་ཀའོ་མེ་ཡིས། མཚོ་སྔོན་གྱིས་རང་བྱུང་སྲུང་སྐྱོབ་ཁུལ་གྱི་མ་ལག་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་སྤྱི་གླིང་གི་དཔེ་སྟོན་ཞིང་ཆེན་མགྱོགས་མྱུར་ངང་འཛུགས་སྐྲུན་བྱེད་པའི་བརྒྱུད་རིམ་ཁྲོད། ཡུས་ཧྲུའུ་ཁུལ་གྱིས་གྲུབ་འབྲས་གཟེངས་སུ་ཐོན་པ་བླངས། ཡུས་ཧྲུའུ་རོང་པོ་ཐང་རྒྱལ་སྤྱིའི་བརླན་ས་གལ་ཆེན་གྱི་མིང་ཐོའི་ནང་ཚུད་པ་དང་། འབྲི་ཆུའི་མགོ་ཁུངས་ཀྱི་གཟི་བརྗིད་དེ་ཐོབ་པའི་ས་ཆ་དང་པོར་གྱུར་ལ། ཨ་ཆེན་གངས་རྒྱབ་འཛམ་གླིང་གི་རང་བྱུང་ཤུལ་བཞག་གི་མིང་ཐོའི་ནང་བདམས་པ་དང་། རང་རྒྱལ་གྱི་རྒྱ་ཁྱོན་ཆེས་ཆེ་བའི་འཛམ་གླིང་གི་རང་བྱུང་ཤུལ་བཞག་ས་ཆར་གྱུར་ཟེར།

ལིས་ཀའོ་མེ་ཡིས། མ་འོངས་པར་ཡུལ་ཧྲུའུ་ཁུལ་གྱིས་མུ་མཐུད་དུ་རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ལས་ལྷག་ཅེས་པའི་འདུ་ཤེས་རྒྱུན་འཁྱོངས་བྱེད་པ་དང་། བློ་བརྟན་འགྱུར་མེད་ཀྱིས་རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པ། སྒྲིག་གཞི་རྐྱེན་སྲོལ་གསར་གཏོད་ཟབ་མོ་བྱེད་པ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་དོ་དམ་དང་འཁོར་རྒྱུག་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། སྐྱེ་ཁམས་སྲུང་སྐྱོབ་ཉམས་གསོར་ཤུགས་སྣོན་པ། ནགས་ཚལ་ཁེབས་ཚད་ཇེ་མཐོར་གཏོང་བ། སྐྱེ་ཁམས་ཉམས་གསོའི་ལག་རྩལ་དང་མ་དཔེ་གསར་གཏོད་བྱེད་པ། རྒྱལ་ཁབ་སྤྱི་གླིང་གི་ཁྲིམས་འཛུགས་བྱ་བར་སྐུལ་འདེད་བཏང་ནས། རྒྱལ་ཁབ་སྤྱི་གླིང་སྲུང་སྐྱོབ་དང་འཛུགས་སྐྲུན། དོ་དམ་བྱེད་ཆེད་བཅའ་ཁྲིམས་ཀྱི་འགན་སྲུང་བརྟན་པོ་འདོན་སྤྲོད་བྱེད་རྒྱུ་ཡིན་པའི་ཚུལ་བསྟན།

དེང་སྐབས་བར་སྣང་ནས་མཚོ་སྔོན་གྱི་སྐྱེ་ཁམས་མངའ་ཁོངས་ས་ཁྲར་ཐུར་བལྟ་བྱས་ཚེ་ལྗང་མདོག་གིས་ཁེངས་ཡོད། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དངོས་སུ་འཛུགས་སྐྲུན་བྱས་པ་དང་། དེ་རྒྱལ་ཡོངས་ཀྱི་སྐོར་ཁག་དང་པོ་དང་རྒྱ་ཁྱོན་ཆེས་ཆེ་བའི་རྒྱལ་ཁབ་སྤྱི་གླིང་དུ་གྱུར་ཡོད། མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་གྱི་གྲ་སྒྲིག་བྱ་བ་ཁྱོན་ཡོངས་ནས་ལེགས་འགྲུབ་བྱུང་བ་དང་། མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ཐད་ནས་དུས་རིམ་རང་བཞིན་གྱི་དམིགས་འབེན་ལས་འགན་ཡོངས་འགྲུབ་བྱུང་ཡོད་ལ། ཁམས་ར་འཛམ་གླིང་ས་གཤིས་སྤྱི་གླིང་དེ་མཚོ་སྔོན་གྱི་འཛམ་གླིང་ས་གཤིས་སྤྱི་གླིང་གཉིས་པར་འགྱུར་བའི་རེ་བ་ཡོད།

དེ་དང་མཉམ་དུ། མཚོ་སྔོན་གྱིས་རྒྱལ་ཡོངས་ནས་ཐོག་མར་རང་བྱུང་སྲུང་སྐྱོབ་ས་ཆ་ཁུ་བསྡུ་ལེགས་བསྒྱུར་བྱེད་པ་ཡོངས་འགྲུབ་བྱས་པ་དང་། རང་བྱུང་སྲུང་སྐྱོབ་ས་ཆ་གྱ་གསུམ་འཛུགས་སྐྲུན་བྱེད་རྩིས་ཡོད་ལ། རྒྱལ་ཁབ་སྤྱི་གླིང་གིས་ཞིང་ཆེན་ཡོངས་ཀྱི་རང་བྱུང་སྲུང་སྐྱོབ་ས་ཆའི་སྤྱིའི་རྒྱ་ཁྱོན་གྱི་བརྒྱ་ཆའི་དོན་ལྔ་ཟིན། དེར་བརྟེན། རྒྱལ་ཁབ་སྤྱི་གླིང་གཙོ་གཞི་རུ་བྱེད་པ་དང་རང་བྱུང་སྲུང་སྐྱོབ་ཁུལ་རྨང་གཞི་རུ་བྱེད་པ། རིགས་མི་འདྲ་བའི་རང་བྱུང་སྤྱི་གླིང་ཁ་གསབ་ཏུ་བྱས་པའི་རང་བྱུང་སྲུང་སྐྱོབ་ས་ཆའི་མ་ལག་གསར་བ་གྲུབ་པར་བྱས།

ལྗང་མདོག་ཚུལ་བསྒྱུར་ལ་བརྟེན་ནས་ལྗང་མདོག་འཕེལ་རྒྱས་ཀྱི་མཐོ་ས་གསར་པ་བསྐྲུན།

མཚོ་སྔོན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཡིད་ལ་བརྟན་པོར་བཟུང་ནས། རྒྱུན་མཐུད་ངང་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གསར་སྐྲུན་དང་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་འབེན་ས་ཆ་འཛུགས་སྐྲུན་བྱས་པ་དང་། སྐྱེ་ཁམས་སྲུང་སྐྱོབ་དང་ཡུལ་སྐོར་འཕེལ་རྒྱས། དམངས་ཚིས་འགན་སྲུང་བཅས་མཉམ་འདྲེས་དམ་ཟབ་བྱེད་པར་སྐུལ་འདེད་བཏང་། མིག་སྔར། སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་འགྲོ་ཚད་ཧ་ཅང་མགྱོགས་པ་དང་། མཚོ་སྔོན་པོ་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་པའི་བྱ་བ་བརྟན་བརླིང་ངང་སྤེལ་བཞིན་ཡོད།

ཞིང་ཆེན་དམངས་ཆེན་འཐུས་མི། རྫ་སྟོད་རྫོང་གི་ཏང་ཨུའི་ཧྲུའུ་ཅི་གཞོན་པ། རྫོང་དཔོན་འཇིགས་དབང་གིས“རྫ་སྟོད་རྫོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བླང་བྱ་གལ་ཆེན་ཕྱོགས་ཡོངས་ནས་ལག་ཏུ་བསྟར་བ་དང་། སྲུང་སྐྱོབ་ཁྲོད་འཕེལ་རྒྱས་དང་འཕེལ་རྒྱས་ཁྲོད་སྲུང་སྐྱོབ་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་རིག་གནས་ཡུལ་སྐོར་གྱི་ཁྱད་ལྡན་གྲོང་རྡལ་འཛུགས་སྐྲུན་བྱེད་པའི་གོ་སྐབས་དམ་འཛིན་བྱེད་པ། སྲོག་ཤིང་གསོ་སྐྱོང་ཁུལ་ཕྱི་རོལ་གྱི་སྡེ་ཁུལ་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་འཚོལ་ཞིབ་བྱེད་པ། ‘གསའ་ཡི་ཕ་སའི’ཚོང་རྟགས་དམ་འཛིན་བྱེད་པ། གསའ་བརྗོད་དོན་དུ་བྱས་པའི་རྩེར་སོན་རིག་གནས་གསར་གཏོད་ཐོན་རྫས་ཞིབ་འཇུག་གསར་སྤེལ་བྱེད་པ། གཅིག་འདོམས་སྒོས་ཐོན་ལས་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ། སྐྱེ་ཁམས་རྨང་གཞི་རུ་བྱེད་པ་དང་གསའ་ནུས་པ་འདོན་སར་བྱེད་པ། ཚོང་གཉེར་བྱེད་ཆོག་པ་སྣེ་ཁྲིད་དུ་བྱེད་པའི་འཕེལ་རྒྱས་ཀྱི་མ་དཔེ་གསར་སྐྲུན་བྱས་ནས། རི་སྔོ་ཆུ་དྭངས་དེ་མང་ཚོགས་ཀྱི‘གསེར་རི་དངུལ་རི’ལ་བསྒྱུར་རྒྱུ་ཡིན་པའི་ཚུལ་བསྟན།

རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དེ་རང་རྒྱལ་གྱི་རྒྱལ་ཁབ་སྤྱི་གླིང་སྒྲིག་གཞི་ཚོད་ལྟའི་གནས་ཐོག་མ་ཡིན་པའི་ངོས་ནས། མཉམ་བཅོས་མཉམ་སྐྲུན་དང་མཉམ་སྤྱོད་ཀྱི་བཅོས་སྐྱོང་མ་དཔེ་གསར་གཏོད་བྱས་པ་དང་། སྐྱེ་ཁམས་སྲུང་སྐྱོབ་དང་ལྗང་མདོག་འཕེལ་རྒྱས་ཟུང་འབྲེལ་དམ་ཟབ་བྱེད་པར་སྐུལ་འདེད་བཏང་། འབྲོག་པ17200ལྷག་སྐྱེ་ཁམས་དོ་སྲུང་པར་གྱུར་པ་དང་། མི་ཉུང་བ་ཞིག་ད་དུང་གསའི་རང་བྱུང་ལྟ་ཞིབ་ཀྱི་ཡུལ་སྐོར་དང་རྫ་ཆུའི་ཆུ་གཡེང་སོགས་དམིགས་བསལ་ཆོག་མཆན་སྤྲད་པའི་ཡུལ་སྐོར་སྣེ་ཤན་པར་གྱུར་ནས། ཡོང་སྒོ་ཇེ་མང་དུ་སོང་བ་མ་ཟད། སྐྱེ་ཁམས་སྲུང་སྐྱོབ་ལས་དོན་ལ་རྒྱབ་སྐྱོར་ཡང་ཆེན་པོ་བྱས།

མཚོ་སྔོན་གྱི་སྐྱེ་ཁམས་ཐོན་ཁུངས་དང་ཆུ་འོད་ཕུན་སུམ་ཚོགས་པ་དང་། རླུང་བཟང་ཞིང་ས་ཆ་རྒྱ་ཆེ་ལ། ཆུ་ནུས་ཐོན་ཁུངས་གསོག་ཚད་རྒྱལ་ཡོངས་ཀྱི་ཨང་ལྔ་པ་དང་། ཉི་འོད་ནུས་པའི་ལོ་རེའི་སྤྱིའི་འགྱེད་འཕྲོ་ཚད་རྒྱལ་ཡོངས་ཀྱི་ཨང་གཉིས་པར་སླེབས་ཡོད་ལ། རང་རྒྱལ་གྱི་རླུང་ར་ཆེན་པོ་བཞི་པ་ཡིན། མཚོ་སྔོན་གྱི་དག་གཙང་ནུས་ཁུངས་འཕེལ་རྒྱས་ཀྱི་རྣམ་པ་ཧ་ཅང་བཟང་བ་དང་། ས་ཁམས་ཀྱི་མཐོ་ས་ནས་རྒྱལ་ཁབ་ཀྱི་དག་གཙང་ནུས་ཁུངས་ཐོན་ལས་ཀྱི་མཐོ་ས་རུ་འགྱུར་བཞིན་ཡོད།

རང་བྱུང་སློབ་གསོར་བརྟེན་ནས་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ལ་སྐུལ་འདེད་བཏང་།

ཉེ་བའི་ལོ་འགའི་རིང་ལ། མཚོ་སྔོན་གྱི་རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱས་པ་དང་བསྟུན་ནས།  ཁྱད་དུ་འཕགས་པའི་སྐྱེ་ཁམས་ཐོན་ཁུངས་ལ་རྒྱབ་བརྟེན་པའི་རང་བྱུང་སློབ་གསོའི་བསླབ་ཚན་མ་ལག་རབ་དང་རིམ་པ་རིམ་བཞིན་དུ་བཙུགས་པ་དང་། མདོ་ལ་རིང་མོའི་མཛེས་སྡུག་ལྡན་པའི་འཁྱགས་ཀླུང་དང་ཨ་ཆེན་གངས་རྒྱབ་ཀྱི་ཡངས་ཤིང་རྒྱ་ཆེ་བའི་ཐང་རྒོད། མཚོ་སྔོན་པོའི་དྭངས་གསལ་ཆུ་ཁོངས་དང་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་བརླན་ས་བཅས་ཚང་མ་གསོན་ཉམས་ལྡན་པའི་རང་བྱུང་སློབ་ཁྲིད་དུ་གྱུར་ཡོད།

ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན། མཚོ་སྔོན་ཞིང་ཆེན་རང་བྱུང་སློབ་གསོ་མཐུན་ཚོགས་ཀྱི་ཚོགས་གཙོ་ཡིའུ་ལུའུ་ཆིན་གྱིས་བཤད་རྒྱུར། ཉེ་བའི་ལོ་འགའི་རིང་ལ། མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ས་ཁུལ་གྱིས་ཞིང་ཆེན་ནང་ཁུལ་དང་དེ་མིན་པེ་ཅིན་གྲོང་ཁྱེར་དང་ཅང་སུའུ་ཞིང་ཆེན་སོགས་སུ་འཕྲོ་རིམ་འཕྲོར་སྐྱེ་ཁམས་སློབ་གྲྭའི་བྱང་བུ་བཀལ་བ་དང་། ཕན་འབྲས་མངོན་གསལ་དོད་པོ་ཐོན་ན་ཡང་། འོན་ཀྱང་ཤེས་ལྡན་མི་སྣ་དཀོན་པའི་གནད་དོན་ད་དུང་སྔར་བཞིན་དུ་གནས། དེར་བརྟེན། སྐྱེ་ཁམས་སློབ་གྲྭ་འཛུགས་སྐྲུན་ལ་རྒྱབ་བརྟེན་ནས། སློབ་གྲྭའི་དགེ་རྒན་རྣམས་རང་བྱུང་སློབ་གསོའི་དགེ་རྒན་གྱི་སྟོབས་ཤུགས་སུ་བསྒྱུར་བ་དང་། ལས་འགན་ལག་བསྟར་དང་གྲུབ་འབྲས་མཉམ་སྤྱོད་ཀྱི་རྐྱེན་སྲོལ་བཙུགས་ནས། དེ་དགེ་རྒན་གྱི་གོ་ཐོབ་གདེང་འཇོག་དང་འབྲེལ་བ་ཡོད་པར་བྱེད་དགོས་པའི་གྲོས་གཞི་བཏོན།

མིན་ཡོན་རྫོང་སེམས་ཉིད་ཞང་མཆོད་ཐང་སྡེ་བར་གནས་པའི་མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་གི་སྐྱེ་ཁམས་ཚན་རིག་ཁྱབ་གདལ་ཁང་ནི་མཚོ་སྔོན་གྱི་རྒྱལ་ཁབ་སྤྱི་གླིང་བརྗོད་དོན་དུ་བྱས་པའི་རང་བྱུང་རིགས་ཀྱི་ཚན་རིག་ཁྱབ་གདལ་ཁང་དང་པོ་ཡིན་པ་དང་། སློབ་མའི་སློབ་ཕྱིའི་ཞིབ་འཇུག་སློབ་སྦྱོང་གི་རྟེན་གཞི་གཙོ་བོ་ཞིག་ཀྱང་ཡིན། སློབ་མས་དེ་གར་སྐྱེ་ཁམས་ཡུལ་ལྗོངས་བཀོད་སྒྲིག་དང་མ་དཔེ་འགྲེམས་སྟོན། གྱང་ངོས་སྒྱུ་རྩལ་རི་མོ་དང་ཡི་གེ སྨྱན་མང་གཟུགས་འཁྲབ་སྒྲོན། ལྟད་མོ་པའི་བརྗེ་རེས་འགྲེམས་སྟོན་སོགས་རྣམ་པ་སྣ་ཚོགས་བརྒྱུད་དེ། མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་གི་སྐྱེ་ཁམས་མ་ལག་དང་སྐྱེ་ཁམས་རིན་ཐང་། སྐྱེ་དངོས་སྣ་མང་རང་བཞིན་བཅས་ལ་ཕྱོགས་ཡོངས་ནས་རྒྱུས་ལོན་བྱས་ཆོག

ཡིའུ་ལུའུ་ཆིན་གྱིས་བཤད་རྒྱུར། མ་འོངས་པར་སྤྱི་དམངས་དང་ལྷག་པར་དུ་ན་གཞོན་ལོ་ཆུང་རྣམས་རྒྱལ་ཁབ་སྤྱི་གླིང་སོགས་སུ་བསྐྱོད་པར་རྒྱུན་མཐུད་ངང་ཁྲིད་སྟོན་བྱེད་པ་དང་། རི་ཆུ་ནགས་ཞིང་དང་མཚེའུ། རྩྭ་ས། བྱེ་ཐང་དང་འཁྱགས་ཀླུང་གི་ལས་སྐལ་གཅིག་མཐུན་ཚོགས་པའི་འདུ་ཤེས་རྒྱུན་འཛིན་བྱེད་པ། ཡུལ་དངོས་རྟོག་ཞིབ་དང་རིག་གནས་ཉམས་ལེན་དང་བརྗེ་རེས་བྱེད་པ་བརྒྱུད་དེ། རང་བྱུང་སློབ་གསོ་དང་སྐྱེ་ཁམས་ཡུལ་སྐོར་ཟུང་འབྲེལ་བྱས་པའི་མཉམ་བསྲེས་འཕེལ་རྒྱས་ཀྱི་མ་དཔེ་འཚོལ་ཞིབ་བྱས་ནས། སྤྱི་དམངས་ལ་སྐྱེ་ཁམས་རྒྱུ་རྐྱེན་གཙོ་བོ་ཕན་ཚུན་བརྟེན་གནས་བྱེད་པའི་སྲུང་སྐྱོབ་འདུ་ཤེས་བརྒྱུད་སྒྲོག་བྱེད་རྒྱུ་ཡིན་ཟེར།

རིན་ཆེན་མཚོས་རྩོམ་སྒྲིག་བྱས།