ཕག་མོ་ཚེ་རིང་གིས་ནངས་ཇ་སྟབས་བདེ་ཞིག་འཐུང་རྗེས།“སྐྱེ་ཁམས་ནགས་སྲུང་པ”ཞེས་པའི་ཡི་གེ་དཔར་ཡོད་པའི་སྲིང་བལ་གྱོན་ཆས་དང་། གད་སྙིགས་འཐུ་སྤྱད་དང་བསླས་ཁུག་ཁྱེར་ནས་རླངས་འཁོར་བསྐོར་ཏེ་ཕྱི་རུ་སོང་། “གྲགས་པ། ཉིན་འདི་འགར་རླུང་ཆེ་ཞིང་མཁའ་དབུགས་སྐམ་པས། རྩྭ་ཐང་གི་མེ་འགོག་ལ་ངེས་པར་དོ་སྣང་བྱེད་དགོས། ཤེས་སོང་། ཨ་བོ། ཁྱོད་ཀྱིས་བཤད་པ་ངས་ཡིད་ལ་བཟུང་ཡོད།”
ཕག་མོ་ཚེ་རིང་གིས་རླངས་འཁོར་ཁོ་ཚང་གི་ཁྱིམ་དང་ཐག་མི་རིང་བའི་གཞུང་ལམ་ཞིག་གི་འགྲམ་དུ་བཞག་རྗེས། མགོ་བོ་ཡར་བཀྱགས་ཏེ་གནམ་ལ་བལྟས་ནས“དེ་རིང་ཡང་རླུང་ཆེན་གཡུག་རྒྱུ་རེད”ཅེས་ངག་ནས་དེ་ལྟར་ཁེར་ལབ་རྒྱག་ཞོར་རླངས་འཁོར་གྱི་ལྟག་སྒམ་ཁ་ཕྱེ་སྟེ་ལམ་འགྲམ་གྱི་འགྱིག་ཁུག་དང་སྐོམ་ཆུའི་འགྱིག་སྣོད་སོགས་གད་སྙིགས་འཐུ་མགོ་བརྩམས།
ཐོ་ལེ་ལམ་ནི་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མཚོ་འཁྱིལ་ཡུལ་ཚོ་ཆོས་རྒྱས་སྡེ་བ་ནས་རྩྭ་ཐང་གི་ཕང་བར་རྒྱུ་བའི་གཞུང་ལམ་ཞིག་ཡིན་པ་དང་། དེའི་ནང་སྤྱི་ལེ་གསུམ་ནི་ཕག་མོ་ཚེ་རིང་གི་འགན་འཁྲིའི་ས་ཁོངས་ཡིན་པས། ཁོས་ལམ་ངོགས་གཉིས་ཀྱི་གད་སྙིགས་དུས་ཐོག་ཏུ་གཙང་བཤེར་བྱེད་པའི་འགན་འཁུར་དགོས། ཕག་མོ་ཚེ་རིང་གིས་གད་སྙིགས་འཐུ་ཞོར་བཤད་རྒྱུར།“ཉིན་ལྟར་ཞོགས་པ་དང་ཕྱི་དྲོར་གད་སྙིགས་ཐེངས་གཉིས་ལ་བཏུས་ནས་བགྲོད་ལམ་དང་སྤང་རིའི་དག་གཙང་ལ་ཁག་ཐེག་བྱེད་དགོས། ངས་བཏུས་པའི་གད་སྙིགས་དག་བསླས་ཁུག་ནང་བཅུག་ནས་ཡུལ་ཚོའི་གད་སྙིགས་བླུག་སྒམ་ཡོད་སར་དྲུད་དེ་ཐག་གཅོད་བྱེད་ཀྱིན་ཡོད”ཟེར།
སྐར་མ30འགོར་རྗེས། གད་སྙིགས་ཕལ་ཆེར་བཏུས་ཚར་བ་ན། གྲགས་པ་དར་རྒྱས་ཚང་གི་དུད་ཁུང་ལས་དུ་བ་འཕྱུར་བཞིན་པ་མཐོང་བས། ཕག་མོ་ཚེ་རིང་གི་སེམས་ལ་ཅི་ཞིག་དྲན་པ་བཞིན་རླངས་འཁོར་བསྐོར་ཏེ་གྲགས་པ་དར་རྒྱས་ཚང་ལ་སོང་།
“ཐབ་ཀར་མེ་འབུད་ན་བདེ་འཇགས་ལ་དོ་སྣང་བྱེད་དགོས། ཐབ་ཁུང་ལས་བྲུས་པའི་ཐལ་ནང་དུ་མེ་ཡོད་མེད་གསལ་པོ་བྱས་རྗེས་ད་གཟོད་ཕྱི་རོལ་དུ་འཕོ་ཆོག འདི་ལ་སྣང་མེད་གཏན་ནས་བྱེད་མི་རུང”ཞེས་ཕག་མོ་ཚེ་རིང་གིས་ཡང་དང་བསྐྱར་དུ་བཅོལ་གདམས་བྱས་རྗེས་ད་གཟོད་ཁ་བྲལ་ནས་སོང་།
“ལོ་རེའི་དགུན་ཁའི་དུས་འདིར། རྩྭ་ཐང་གི་མེ་འགོག་དྲིལ་སྒྲོག་བྱེད་རྒྱུ་ནི་ང་ཚོའི་ལས་ཀ་གལ་ཆེ་ཤོས་ཡིན་པས། ངས་རི་སྐོར་ནགས་སྲུང་བྱེད་པའི་རིང་ལ་རྟག་ཏུ་ཚང་མར་དོ་སྣང་བྱེད་དགོས་པའི་དྲན་སྐུལ་བྱེད་ཀྱིན་ཡོད”ཟེར།
ཕག་མོ་ཚེ་རིང་ད་ལོར་ལོ་ང་གཅིག་ལ་སླེབས་ཡོད་པ་དང་། གཟུགས་རིང་རྒྱུ་མེད་ལ་ལུས་བོངས་སྟོབས་དང་ལྡན། ཁོ་ནི་རྐང་ཚ་རྫོང་མཚོ་འཁྱིལ་ཡུལ་ཚོ་ཆོས་རྒྱས་སྡེ་བའི་སྐྱེ་ཁམས་ནགས་སྲུང་པ་དང་གཙང་སྦྲ་པ་ཡིན། སྤྱི་ལེ་གསུམ་ཡོད་པའི་གཞུང་ལམ་འགྲམ་གཉིས་ཀྱི་གད་སྙིགས་འཐུ་བ་ལས་གཞན། ད་དུང་སྤྱི་ཆིང2400ཡི་རྩྭ་ཐང་སྐོར་སྲུང་གི་འགན་ཁུར་ཡོད། ལོ་མང་པོའི་སྐོར་སྲུང་བྱ་བས་ཁོའི་ངོ་གདོང་ནག་པོར་གྱུར་ཡོད་མོད། འོན་ཀྱང་ཁོས་དོ་དམ་དང་སྲུང་སྐྱོབ་བྱེད་ཀྱིན་པའི་ས་ཁུལ་གྱི་རི་བོ་སྔར་ལས་སྔོ་ལྗང་དང་རྩྭ་ཐང་སྔར་ལས་ལྗང་མདོག་ཏུ་བཏང་ཡོད་པས། མང་ཚོགས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་འདུ་ཤེས་སྔར་ལས་ཇེ་དྲག་ཏུ་ཕྱིན་ཡོད།
ཁོ་ཟླ་གཅིག་རིང་གི་ཉིན15ལྷག་ལ་རི་དང་ལུང་པ་བརྒལ་ནས་སྤང་རིར་སྐོར་སྲུང་དང་རི་སྐྱེས་སྲོག་ཆགས་ལ་སྲུང་སྐྱོབ་དང་རྨས་མ་སྐྱོབ་རོགས་བྱེད་ཀྱིན་ཡོད། སྐར་མ་ཞྭ་དང་བ་མོ་ལྷམ་དུ་གྱོན་ནས་ཐོག་མའི་དམ་བཅའ་བརྟན་པོར་བཅངས་ཤིང་། འགན་འཁྲི་དང་ཁག་ཁུར་གྱི་འདུ་ཤེས་མ་བོར་བར་རྩྭ་ཐང་སྲུང་བཞིན་ཡོད།
མཚོ་འཁྱིལ་ཡུལ་ཚོའི་ནགས་རྩྭའི་ལས་སྒྲུབ་པ་དཔལ་ཆེན་རྡོ་རྗེ་ཡིས་བཤད་རྒྱུར།“ཕག་མོས་ནགས་སྲུང་པའི་འགན་ཁུར་ནས་ལོ་གསུམ་འདས་ཟིན་པ་དང་། ཁོས་རང་འགན་གཙང་སྒྲུབ་བྱེད་ལ་དཀའ་སྡུག་ཤིན་ཏུ་བཟོད་ཐུབ”ཟེར།
སྐྱེ་ཁམས་ནགས་སྲུང་པ་ནི་སྤྱིར་བཏང་གི་ལས་རིགས་ཤིག་ཡིན་པས།“ཚ་ཚ་འུར་འུར”གྱི་བྱས་རྗེས་མེད་མོད། འོན་ཀྱང་རི་སྐོར་རྩྭ་སྲུང་བྱེད་རྒྱུ་ནི་ཧ་ཅང་གལ་ཆེ་བའི་ལས་ཀ་ཞིག་རེད།“ཞོགས་པར་ཕྱི་རོལ་དུ་སོང་ན་ས་རུབ་དུས་ད་གཟོད་ཁྱིམ་དུ་ལོག་ཐུབ། རླངས་འཁོར་སླེབས་ཐུབ་པའི་གནས་སུ་རླངས་འཁོར་བསྐོར་དགོས་པ་དང་། རླངས་འཁོར་སླེབས་མི་ཐུབ་པའི་གནས་སུ་འཕྲུལ་རྟར་ཞོན་དགོས་ལ། འཕྲུལ་རྟ་ཡང་སླེབས་མི་ཐུབ་པའི་གནས་སུ་རྐང་ཐང་དུ་བསྐྱོད་དགོས། ན་ནིང་དགུན་ཁར་ཁ་བ་བབས་པས། རི་ཁུག་ཏུ་རླངས་འཁོར་རྩ་བ་ནས་བསྐྱོད་མི་ཐུབ་པས་ང་རྐང་ཐང་དུ་སྤྱི་ལེ10ལ་སོང་བ་དང་། ལོ་ངོ་གསུམ་གྱི་སྐོར་སྲུང་གི་ཉམས་མྱོང་ལས་ཕག་མོ་ཚེ་རིང་སྔ་མོ་ནས་འཚོ་བ་འདི་འདྲར་གོམས་ཡོད།
“སྐྱེ་ཁམས་སྲུང་སྐྱོབ་ཀྱིས་བུ་རབས་ཚ་རྒྱུད་ལ་བདེ་སྐྱིད་བསྐྲུན་ཐུབ་པས། ལས་ཀ་འདིར་དཀའ་ངལ་ཅི་ཙམ་ཆེ་ནའང་བསྒྲུབ་རིན་ཡོད་པ་ཞིག་རེད། སྲིད་གཞུང་གིས་ཟླ་རེར་ང་ཚོར་ཟླ་ཕོགས་སྟེར་བཞིན་པ་ནི་བཤད་ག་ལ་དགོས། འདི་ནི་ངའི་ཕ་ཡུལ་ཡིན་པས། ངས་ཡུལ་ཕྱོགས་འདིའི་སྔོ་ལྗང་རི་ཆུར་སྲུང་སྐྱོབ་ཧུར་ཐག་བྱེད་རྒྱུ་ཡིན།”
ཕག་མོ་ཚེ་རིང་གིས་དགོད་ཞོར་དུ་ལག་འཁྱེར་ཁ་པར་བླངས་ནས“རྒྱལ་ཡོངས་སྐྱེ་ཁམས་ནགས་སྲུང་པའི་སྐོར་སྲུང”ཞེས་པའིAppཞིག་གི་ཁ་ཕྱེ་ནས་སྐོར་སྲུང་བྱེད་མགོ་ཚུགས་ཞེས་པ་དེ་མནན་པ་ན། ཉིན་གཅིག་གི་སྐོར་སྲུང་སྤྱི་ལེའི་ཁ་གྲངས་དང་ལམ་ཐིག་ཚང་མ་གསལ་པོར་ཤར་འདུག གཙོ་ངོས་སུ་ད་དུང་དོན་རྐྱེན་ཡར་ཞུ་བྱེད་པའི་ཚན་བྱང་ཞིག་ཡོད་པ་དང་། དེའི་ནང་ནགས་ཚལ་དང་རྩྭ་ཐང་མེ་འགོག ནགས་ཚལ་དང་ཤིང་སྡོང་གང་འདོད་བརྐུས་གཅོད་བྱེད་པ། སྲོག་ཆགས་གང་བྱུང་དུ་འཛིན་པ་དང་རྔོན་པ་སོགས་ཕྱོགས་བརྒྱད་ཀྱི་ནང་དོན་འདུས་ཡོད། “གནད་དོན་ཡོད་པ་ཤེས་ན་ཐད་ཀར་ཡར་ཞུ་བྱས་ཆོག་ནའང་ཡིད་ཕངས་པ་ཞིག་ལ། ལོ་གསུམ་གྱི་རིང་ངས་ཐེངས་གཅིག་ཀྱང་བཀོལ་མ་དགོས”ཞེས་དེ་ལྟར་བཤད།
དཔལ་ཆེན་རྡོ་རྗེ་ཡིས་བཤད་རྒྱུར།“སྐྱེ་ཁམས་ནགས་སྲུང་པས་སྐོར་སྲུང་བྱེད་བཞིན་ཡོད་པ་དང་། ཕྱུགས་རིགས་བཀག་འགོག་བྱ་བ་ཏན་ཏིག་གིས་བསྒྲུབས་ཡོད་ལ། གད་སྙིགས་ཇེ་ཉུང་དུ་ཕྱིན་པ་དང་། རང་བྱུང་གི་གནོད་འཚེ་ཇེ་ཉུང་ནས་ཇེ་ཉུང་དུ་ཕྱིན་པ། རྩྭ་ཡི་སྐྱེ་སྟོབས་ལོ་རེ་བཞིན་ཇེ་བཟང་དུ་ཕྱིན་པ་དང་མཚོ་འཁྱིལ་ཡུལ་ཚོའི་སྐྱེ་ཁམས་ཁོར་ཡུག་ཀྱང་ཇེ་བཟང་ནས་ཇེ་བཟང་དུ་ཕྱིན་ཡོད”ཟེར།
ཕག་མོ་ཚེ་རིང་ལྟ་བུའི་ཉིན་ཐོག་ཉིན་བརྩེགས་དང་ལོ་ཐོག་ལོ་བརྩེགས་ངང་སྐོར་སྲུང་བྱེད་ཀྱིན་པའི་སྐྱེ་ཁམས་ནགས་སྲུང་པ་རྐང་ཚ་རྫོང་དུ་བསྡོམས་པའི560ཡོད་པ་དང་། ཁོ་ཚོ་ནི་རི་གསེབ་ཀྱི་རྡེའུ་དང་རྩྭ་ཕྲན་ཇི་བཞིན་ཤིན་ཏུ་སྤྱིར་བཏང་ཞིག་ཡིན་མོད། འོན་ཀྱང་རྐང་ཚའི་རྩྭ་ཐང་གི་བགྲོད་དཀའ་བའི་གྲུ་ཟུར་མང་པོ་ཞིག་ཏུ་ཁོ་ཚོའི་རྐང་རྗེས་ཀྱིས་ཁེངས་ཡོད། ལོ་ཟླ་མང་པོའི་རིང་ལ་བརྟན་སྲུང་བྱས་པ་བརྒྱུད། ཁོ་ཚོ་སྔ་མོ་ནས་རི་ཆུ་དང་གཞི་གཅིག་ཏུ་འདྲེས་ཡོད།
ཕག་མོ་ཚེ་རིང་གིས་བཤད་རྒྱུར། “ང་ལ་མྱོར་ཚོར་ཆེས་ཟབ་མོ་ཡོད་པ་ནི་ད་ལྟའི་སྐྱེ་ཁམས་ཁོར་ཡུག་ཇེ་བཟང་ནས་ཇེ་བཟང་དུ་འགྲོ་བཞིན་ཡོད་ལ། རི་སྐྱེས་སྲོག་ཆགས་ཀྱང་གང་སར་མཐོང་ཐུབ། ལ་ལ་ཞིག་ལ་མིང་ཡང་མི་ཐོགས། འདི་དག་གིས་ང་ཚོའི་སྐྱེ་ཁམས་བདག་སྐྱོང་གི་བྱ་བ་སྒྲུབ་པ་དོན་མེད་མིན་པ་བདེན་དཔང་བྱས་ཡོད།” སྟབས་ལེགས་ནས་སྐྱེ་ཁམས་ནགས་སྲུང་པ་ཞིག་ཏུ་གྱུར་པས། ང་ལ་སྐོར་སྲུང་བྱ་བ་མུ་མཐུད་དུ་ལེགས་པོར་སྒྲུབ་པ་དང་། མཛེས་སྡུག་གི་ས་གཞི་དྲོན་མོ་འདི་བརྟན་སྲུང་བྱེད་པའི་འོས་འགན་དང་འགན་འཁྲི་ཡོད་ཟེར།
ཉེ་བའི་ལོ་འགའི་རིང་ལ། རྐང་ཚ་རྫོང་གིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཆབ་སྲིད་འགན་འཁྲི་བློ་བརྟན་འགྱུར་མེད་ངང་ཁུར་བ་དང་། རྒྱལ་ཁབ་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་དཔེ་སྟོན་ཁུལ་བསྐྲུན་རྒྱུ་གོ་སྐབས་སུ་བརྩིས་ནས། སྐྱེ་ཁམས་དམིགས་སུ་འཛིན་པ་དང་། ལྗང་མདོག་འཕེལ་རྒྱས་གཏོང་བའི་ལམ་དུ་བློ་བརྟན་འགྱུར་མེད་ངང་བསྐྱོད་ཅིང་། སྐྱེ་ཁམས་བཅོས་བསྒྱུར་གཏིང་ཟབ་ཏུ་གཏོང་བ་དང་། སྐྱེ་ཁམས་ཐོན་ལས་འཕེལ་རྒྱས། སྐྱེ་ཁམས་རིག་གནས་དར་སྤེལ་གཏོང་བ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་གྲོང་གསེབ་དར་སྤེལ་མཉམ་འདྲེས་དམ་ཟབ་ཡོང་བར་བྱེད་པ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་ཤུགས་མུ་མཐུད་དུ་ཆེ་རུ་ཕྱིན་པ་དང་བསྟུན་ནས་སྐྱེ་ཁམས་ཐོན་ལས་འཕེལ་རྒྱས་བརྟན་པོ་ཡོང་བར་སྐུལ་འདེད་གཏོང་བ། རོང་འབྲོག་པའི་ལས་ཞུགས་དང་ཡོང་འབབ་འཕར་སྣོན་ཡོང་བར་སྐུལ་ཁྲིད་བྱེད་པ་བཅས་ཀྱིས་འཕེལ་རྒྱས་ཁྲོད་སྲུང་སྐྱོབ་དང་སྲུང་སྐྱོབ་ཁྲོད་འཕེལ་རྒྱས་གཏོང་བའི་འཁོར་སྐྱོད་རྣམ་པ་བཟང་པོ་ཞིག་ཆགས་ཡོད།
ཕག་མོ་ཚེ་རིང་གིས་སྐོམ་ཆུའི་འགྱིག་སྣོད་ཅིག་བཏུས་རྗེས་ཐང་དུ་བསྡད་དེ།“ལོ་འདི་དག་གི་རིང་ལ་འབྲོག་པ་རྣམས་ཀྱི་གློ་ཁུག་ནང་སྒོར་མོ་ཡོད་པ་དང་། འཚོ་བའི་ཆུ་ཚད་ཇེ་མཐོར་སོང་བས། སྒོ་རྩིས་ཚོང་ཁང་ནས་དངོས་པོ་གང་མཁོ་ཉོ་ཐུབ་མོད། འོན་ཀྱང་འགྱིག་ཁུག་དང་སྐོམ་ཆུའི་འགྱིག་སྣོད་སོགས་ནི་རྩྭ་ཐང་གི་སྦགས་བཙོག་དངོས་པོ་གཙོ་བོ་ཞིག་ཏུ་གྱུར་ཡོད། རྩྭ་ཐང་ནི་ང་ཚོའི་ཕ་ཡུལ་ཡིན་ཞིང་། ང་ཚོའི་ཁྱིམ་མི་གནས་འདིར་འཚོ་བ་རོལ་བཞིན་ཡོད་སྟབས། རྗེས་ཕྱོགས་ང་ཚོའི་བུ་རབས་ཚ་རྒྱུད་རྣམས་ཀྱང་གནས་འདིར་འཚོ་བ་རོལ་དགོས་ན། ང་ཚོས་ཁྱིམ་གཞིས་གཙང་མ་མི་རབས་རྗེས་མར་བཞག་ནས། ཁོ་ཚོར་ད་ལྟ་ལས་ལྷག་པའི་ཁོར་ཡུག་ཅིག་མཐོང་དུ་འཇུག་དགོས”ཟེར།
ཤ་བོ་རིན་མཚོས་རྩོམ་སྒྲིག་བྱས།