ཉེ་ལམ།གསར་འགོད་པས་མདོ་ལ་རི་བོའི་རྒྱབ་ཁབ་སྤྱི་གླིང་མཚོ་སྔོན་ཞིང་ཆེན་དོ་དམ་ཅུའུ་ནས་ཤེས་གསལ་ལྟར་ན། 2017ལོར་མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་འདེམས་སྒུག་ཁུལ་མཚོ་སྔོན་ཁུལ་ཁུངས་ཚོད་གནས་འཛུགས་སྐྲུན་བྱས་པ་ནས་བཟུང་། ཚད་རིམ་མཐོ་བའི་ཚན་རིག་ཁྱབ་གདལ་སློབ་གསོའི་རྟེན་གཞི་འཛུགས་སྐྲུན་བྱས་ནས། སྐྱེ་ཁམས་ཚན་རིག་ཁྱབ་གདལ་ཁང་དང་འགྲེམས་སྟོན་ལྟེ་གནས། རི་སྐྱེས་སྲོག་ཆགས་བཅོས་སྐྱོབ་གསོ་སྤེལ་ས་ཚིགས་བཅས་ཀྱི་ཁུལ་གནས་དགེ་མཚན་ཧུར་ཐག་གིས་འདོན་སྤེལ་བྱས་ནས། ད་ལྟའི་བར་དུ་སྣེ་ལེན་བྱས་པའི་རང་བྱུང་སློབ་གསོའི་བཅར་མགྲོན་བསྡོམས་པས་མི་གྲངས་འབུམ་གཅིག་ལྷག་ལ་འབུད་པ་དང་འགྲེལ་བཤད་པས་འགྲེལ་བཤད་ཐེངས་སྟོང་གཉིས་དང་སུམ་བརྒྱ་ལྷག་བྱས།
མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་གི་འདེམས་སྒུག་ཁུལ་མཚོ་སྔོན་ཁུལ་ཁུངས་ཀྱི་རྒྱ་ཁྱོན་ལ་སྤྱི་ཆིང་ས་ཡ་གཅིག་དང་འབུམ་ལྔ་ཁྲི་བརྒྱད་ཡོད་པ་དང་། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གཏེར་ལེན་ཁ་གྲོང་ཁྱེར་དང་ཐེམ་ཆེན་རྫོང་། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདོ་ལ་རྫོང་མིན་ཡོན་ཧའེ་རིགས་རང་སྐྱོང་རྫོང་སོགས་རྫོང(གྲོང)བཞི་དང་གྲོང་རྡལ་ཉི་ཤུ་ཡི་སྡེ་བ་བརྒྱ་དང་བཅུ་དགུ་འདུས། ཉེ་བའི་ལོ་འགའི་རིང་། མཚོ་སྔོན་ཞིང་ཆེན་གྱིས“སྒྲིག་བཀོད་ཆ་ཚང་དང་ཁོར་ཡུག་མཛེས་ལ། དོ་དམ་ཚད་ལྡན”བཅས་ཀྱི་སློབ་གསོའི་འགྲེམ་སྤེལ་ཧུར་ཐག་གིས་བསྐྲུན་ལ། སྔ་རྗེས་སུ “རྒྱལ་ཡོངས་ཀྱི་ཚན་རྩལ་ཁྱབ་སྤེལ་སློབ་གསོའི་ལྟེ་གནས” དང “རྒྱལ་ཡོངས་ཀྱི་སྲིད་དོན་ཆེན་མོའི་ལག་ལེན་སློབ་ཁྲིད་ལྟེ་གནས” “མཚོ་སྔོན་ཞིང་ཆེན་ཚན་རྩལ་ཁྱབ་སྤེལ་སློབ་གསོའི་ལྟེ་གནས” “ཞིང་ཆེན་ཡོངས་ཀྱི་ན་གཞོན་ལོ་ཆུང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སློབ་གསོའི་དཔེ་སྟོན་ས་ཚིགས”“མཚོ་སྔོན་ཞིང་ཆེན་ཀྱི་རང་བྱུང་སློབ་གསོའི་ལྟེ་གནས”བཅས་མཚན་སྙན་བཅུ་ཙམ་སྤྲད།
དེར་མཐུད་ནས“བྱ་སྲུང་གཟའ་འཁོར”དང“མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས” “རྒྱལ་ཡོངས་ཚན་རྩལ་ཁྱབ་གདལ་དྲིལ་སྒྲོག་ཟླ་བ”“ཞིབ་འཇུག་སློབ་ཁྲིད”སོགས་ཀྱི་བརྗོད་དོན་བྱ་འགུལ་སྟོང་གཅིག་ཙམ་སྤེལ། རྒྱལ་ཁབ་ཀྱི་རང་བྱུང་དངོས་མང་བཤམས་སྟོན་ཁང་དང་། པེ་ཅིང་ན་ཆུང་ཕོ་བྲང་། ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭ མིན་ཡོན་སློབ་ཆུང་གཉིས་པ་སོགས་ཀྱིས་ཅུའུ་དབྱང་ལུང་པའི་ཞིབ་འཇུག་སློབ་གསོའི་ས་ཚིགས་དང་། ཐོ་ལ་ལུང་པའི་དོ་དམ་སྲུང་སྐྱོང་ས་ཚིགས་སོགས་སུ་རང་བྱུང་ཚན་རིག་ཁྱབ་སྤེལ་གྱི་སློབ་གསོའི་བྱ་འགུལ་ཐེངས་ཉིས་བརྒྱ་ལྷག་སྤེལ་བ་དང་ཁྱོན་བསྡོམས་མི་གྲངས་སྟོང་ལྔ་ཙམ་ཞུགས།
སྒྲིག་འཛུགས་གསོ་སྦྱོང་དང་། ལས་གནས་དམག་སྦྱོང་། འགྲན་བསྡུར་སྤེལ་བ་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་འགྲེལ་བཤད་མི་སྣའི་བྱང་ཚད་དང་ནུས་པ་མཐོ་རུ་གཏོང་བ་དང་། ཆེད་ལས་ཅན་གྱི་འགྲེལ་བཤད་དཔུང་སྡེ་ཞིག་གསོ་སྐྱོང་བྱས། དོ་དམ་པས་ཚན་རྩལ་སློབ་གསོའི་སྐོར་ཐེངས་དང་པོའི་དང་བླངས་དཔུང་སྡེ་བཙུགས་ནས། ཚན་རྩལ་ཁྱབ་སྤེལ་གྱི་སློབ་གསོ་དེ་སློབ་ཁང་དང་སྡེ་ཁུལ་དུ་སྐྱོད་པ་དང་། ལས་ཁུངས་དང་ཁྱིམ་ཚང་དུ་སྐྱོད་པ་ལ་སྐུལ་འདེད་བཏང་།
དངོས་སྦྱོང་སློབ་མ་རྡོ་རྗེ་རིན་ཆེན་དང་རྡོ་རྗེ་གཉིས་ཀྱིས་བསྒྱུར།