མཚོ་སྔོན་མཐོ་སྒང་དེ་སྣ་མང་སྐྱེ་དངོས་ཀྱི་དགའ་ཚལ་དུ་གྱུར་ཡོད།
2025.05.09 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 0

     མཚོ་སྔོན་གྱི་ཐུན་མོང་མ་ཡིན་པའི་མཐོ་སྒང་གི་ས་ཁམས་ཁོར་ཡུག་ནི་སྐྱེ་དངོས་སྣ་མང་རང་བཞིན་གྱི་དགའ་ཚལ་དུ་གྱུར་ཡོད། ཉེ་དུས“ཚེ་སྲོག་བྱ་ཚང”ཞེས་པའི་སྐྱེ་ཁམས་ཀྱི་ངོ་མཚར་དེར་ཀུན་གྱིས་དོ་སྣང་ཆེན་པོ་བྱས་པས། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་མཛེས་རིས་ཤིག་གྲུབ་ཡོད། “ཚེ་སྲོག་བྱ་ཚང”གིས་མཚོ་སྔོན་གྱིས་ནུས་རྒྱུ་དང་གློག་ཤུགས་ལྗང་མདོག་རིགས་སྒྱུར་ལ་སྐུལ་འདེད་གཏོང་བ་དང་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་ལ་གཞོགས་འདེགས་བྱེད་པའི་ཆོད་སེམས་མཚོན་པར་མ་ཟད། སྐྱེ་ཁམས་སྲུང་སྐྱོབ་དང་སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོབ་བྱེད་པའི་ཐད་དམ་བཅའ་དམ་པོ་བཞག་པའང་མཚོན་ཡོད།

འབྱོར་ཕྱུག་ལྡན་པའི་ཡུལ་གྲུ་འདི་རུ། རི་སྐྱེས་སྲོག་ཆགས་རིགས་དྲུག་བརྒྱ་རེ་ལྔ་འཚོ་སྡོད་བྱས་ཡོད་ལ། དེའི་ནང་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་གཙོ་གནད་སྲུང་སྐྱོབ་སྲོག་ཆགས་རིགས་བཞི་བཅུ་ལྷག་ཡོད་པ་རེད། ཀྲུང་གོའི་སྐམ་སའི་དབུས་ཁུལ་གྱི་ཚྭ་མཚོ་ཆེ་ཤོས་ཡིན་པའི་ངོས་ནས། མཚོ་སྔོན་པོའི་མཐའ་འཁོར་གྱི་དུས་བྱ་རྩ་ཆེན་ཏེ་དཔེར་ན་ངང་དཀར་དང་ཁྲུང་ཁྲུང་སྐེ་ནག་སོགས་ཆུ་བྱའི་གྲངས་འབོར་ལོ་རེ་བཞིན་ཇེ་མང་དུ་འགྲོ་བ་དང་། གསོན་ཤུགས་ཀྱིས་བརྟས་པའི་ཚེ་སྲོག་དེ་དག་ལ་ཟས་རྒྱུ་ཕུན་སུམ་ཚོགས་པོ་དང་ལྷིང་འཇགས་ཀྱི་གནས་མལ་མཁོ་འདོན་བྱས་ཡོད།

མཚོ་སྔོན་གྱིས་རི་སྐྱེས་སྲོག་ཆགས་དང་སྐྱེ་དངོས་རྩ་ཆེན་གྱི་རིགས་དང་དེ་ལས་བྱུང་བའི་རིན་ཐང་བྲལ་བའི་རང་བྱུང་མཛེས་ལྗོངས་དང་ཤུལ་བཞག་ལ་སྲུང་སྐྱོབ་བྱས་ནས། སྐྱེ་ཁམས་ཀྱི་མཛེས་སྡུག་འོད་སྟོང་འཕྲོ་བའི་ལེའུར་བདེན་དཔང་བྱས་ཡོད། འདི་ནི་ཚེ་སྲོག་གི་ལྗང་མདོག་ཡུལ་གྲུ་ཞིག་ཡིན་ལ། གནས་འདིའི་བརླན་སས་ས་གཞི་གསོ་སྐྱོང་དང་གནམ་གཤིས་སྙོམས་སྒྲིག་བྱེད་བཞིན་ཡོད་པས་ཆུ་བྱ་འབོར་ཆེན་གྱི་སྐྱེ་འཕེལ་སྤྲོ་སྐྱིད་གླིང་དུ་གྱུར་ནས། རྩྭ་ཐང་དང་ཆུ་གཟུགས། བརླན་ས། ནགས་ཚལ་དང་ཐང་རྒོད་བཅས་ཀྱི་སྐྱེ་ཁམས་མ་ལག་མཉམ་དུ་སྲུང་བཞིན་ཡོད། ཡངས་ཤིང་རྒྱ་ཆེ་བའི་ཡུལ་གྲུ་འདིའི་སྟེང་དུ་གསའ་དང་ཁྲི་ལེ་སོགས་རི་སྐྱེས་སྲོག་ཆགས་བག་ཡངས་སུ་རྒྱུ་ཞིང་། དགོ་སྐྱ་དང་འབྲོང་སོགས་སྲོག་ཆགས་དཀོན་གྲས་དག་གིས་བག་ཕེབས་ངང་བང་རྩལ་འགྲན་བཞིན་ཡོད། དེ་དག་ནི་ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་སྲིད་གཞུང་གིས་ཕྱོགས་བསྡུས་བཅོས་སྐྱོང་བྱས་པ་ལས་བྱུང་ཞིང་། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་སེམས་རྣལ་ཏུ་ཕབ་ནས་བཅོས་སྐྱོང་བྱས་ཏེ་སྐྱེ་དངོས་ཀྱི་ཁྱིམ་གཞིས་འདི་ལ་སྲུང་སྐྱོབ་ལེགས་པོ་བྱས་པས་རེད།

མཚོ་སྔོན་གྱིས་སྐྱེ་ཁམས་གཙོ་བོར་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་སུ་གཏོང་བ་རྒྱུན་འཁྱོངས་བྱས་ཏེ། བྱ་སྤྱོད་དངོས་ལ་བརྟེན་ནས་སྔོ་ལྗང་རི་ཀླུང་ལ་སྲུང་སྐྱོབ་བྱས་པས། མཐོ་སྒང་དུ་སྐྱེ་སྟོབས་ཀྱི་དཔལ་འབར་བའི་ཚེ་སྲོག་གི་རྣམ་པ་མངོན་ཞིང་། སྐྱེ་དངོས་སྣ་མང་རང་བཞིན་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་སུ་ཕྱིན་ཡོད། 

ལྷ་མོ་འཚོས་རྩོམ་སྒྲིག་བྱས།