མཚོ་སྔོན་ནི་རང་བྱུང་མཛེས་ལྗོངས་དང་མི་ཆོས་རིག་གནས་མཉམ་འདྲེས་ཀྱི་སྐྱེ་ཁམས་རི་མོ་ཞིག་རེད།
2025.05.16 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 0

ངོ་མཚར་བའི་ས་གཞི་འདིའི་སྟེང་། རྨ་འབྲི་རྫ་གསུམ་འབྱུང་ཡུལ་དང“ཀྲུང་ཧྭའི་ཆུ་མཛོད”ཀྱིས་སྐྱེ་དངོས་ཡོད་ཚད་གསོ་སྐྱོང་བྱས་ནས་སྐྱེ་ཁམས་ཀྱི་འདེགས་སྐྱོར་བརྟན་པོ་ཞིག་ཏུ་གྱུར་ཡོད། ཁམས་ར་འཛམ་གླིང་ས་གཤིས་སྤྱི་གླིང་དུ་བྲག་རི་དང་གྲོག་རོང་མང་པོ་ཡོད་པས་ས་ཤུན་གྱི་གསང་བར་འཚོལ་ཞིབ་བྱེད་པའི་དུས་ཚོད་ཀྱི་སྒེའུ་ཁུང་ཞིག་དང་འདྲ་ལ། རྔམ་བརྗིད་ལྡན་པའི་རྫ་རི་ཡིས་ཉམས་རྟོགས་ཀྱིས་ཕྱུག་པའི་སྐྱེས་ཆེན་ཞིག་དང་འདྲ་བར་བརྟན་བརླིང་དང་སྒམ་ཚུགས་མངོན་ཡོད། མཚོ་སྔོན་པོའི་རླབས་རིས་ལ་འོད་འཚེར་ཞིང་ཆུ་བོ་དང་གནམ་མདོག་གཅིག་ཏུ་འདྲེས་ཏེ་མུ་མཐའ་བྲལ་ལ། ཚྭ་ཁའི་ཚྭ་མཚོ་ནི་མེ་ལོང་ལྟར་དྭངས་ཤིང་གསལ་བས་འོད་དང་གྲིབ་གཟུགས་འདྲེས་པའི་འཕྲུལ་སྣང་གི་ཞིང་ཁམས་ཤིག་དང་མཚུངས། ལྗང་མདོག་གི་རྩྭ་ཐང་ནི་གནམ་གྱིས་གནང་བའི་ས་གདན་ལྗང་གུ་ཞིག་དང་འདྲ་བར་ཁོད་ཡངས་ལ་མཚར་ཉམས་ཀྱིས་ཕྱུག་ཡོད། གངས་རི་དཀར་པོ་དང་གསོན་ཤུགས་བརྟས་པའི་བརླན་ས། ལྷིང་འཇགས་ཀྱི་མཚེའུ་བཅས་ལ་ནག་ནོག་གི་དྲི་མས་མ་གོས་པར་གནས་པས་ཡོད་ཚད་རང་བྱུང་གིས་བསྩལ་པའི་སྐྱེ་ཁམས་ཀྱི་ལེགས་རྩོམ་ཞིག་དང་འདྲ། གནས་འདིའི་ཡུལ་ལྗོངས་ཀྱིས་དགའ་ཕྱོགས་བརྙན་མིག་ལ་བཅོལ་བའི་ཡུལ་སྐོར་པ་གྲངས་མེད་ཅིག་གི་སེམས་ཀྱི་བརྟན་པ་འཕྲོག་སྟེ། དྲི་ལྡན་མེ་ཏོག་ལ་སྦྲང་ཆུང་འཁོར་བ་བཞིན་གནས་འདི་རུ་ཡོང་ནས་སེམས་ཁོང་གི་ཕུགས་འདུན་སྙེག་གིན་འདུག

图片

མཚོ་སྔོན་པོ་ནི་མཐོ་སྒང་ན་ལྟེམ་མེར་འཁྱིལ་བའི་མཐིང་མདོག་གི་རྟོག་ལྗོངས་ཤིག་དང་འདྲ། མཚོ་ངོས་སུ་གཡུ་རླབས་སྐྱོམ་ཞིང་། ནམ་མཁའ་དང་ཡུག་གཅིག་ཏུ་འདྲེས་ཏེ་འོད་མདངས་མཉམ་དུ་འཚེར། མཚོ་ངོགས་ན་བཞད་པའི་པད་ཁའི་མེ་ཏོག་གི་མཚོ་མོར་གསེར་འོད་འཕྲོ་ཞིང་། མེ་ཏོག་གི་དྲི་བསུང་གང་སར་འཐུལ་ཏེ། མི་རྣམས་སྤྲོ་དགས་བཟི། ཡུལ་སྐོར་པ་རྣམས་ཡུལ་ལྗོངས་ལ་ཆགས་ནས་ཕྱིར་ལོག་འདོད་བྲལ་ལ། པར་ལེན་གྱི་ཡོ་ལང་རྫོགས་པས། སེམས་ཁོང་གི་མཚར་སྣང་ཡོད་ཚད་སྨྲ་བསམ་བརྗོད་འདས་ཀྱི་ཡུལ་དུ་གྱུར།

图片

ཚྭ་ཁའི་ཚྭ་མཚོར་བསྐྱོད་ཚེ། ནམ་མཁའི་མེ་ལོང་ལངས་གཟུགས་སུ་མངོན་ཡོད། ཉི་འོད་ཀྱི་ཟེགས་མ་འཐོར་ཞིང་། ནམ་མཁའ་དང་སྤྲིན་དཀར་གྱི་ལྡོག་གཟུགས་མཐོང་བའི་མོད་ལ་གོམ་པའི་འདེགས་འཇོག་སུམ་རྩེན་གྱི་ཡུལ་དུ་བསྒྱུར་བ་དང་མཚུངས། ཚྭ་ཐང་དུ་དལ་བུར་བསྐྱོད་དུས། གོམ་ཆུང་རེ་རེས་ཕྱིར་དྲན་གྱི་རི་མོ་བཞག་ཡོད། མེ་འཁོར་ཆུང་བ་དེའི་དབུས་སུ་རྒྱུ་བ་ན། སེམས་ཀྱི་དག་ཞིང་ལ་སྐྱོད་པའི་སྣང་བ་སྟེར། སྐབས་དེར་དུས་ཚོད་ཐམས་ཅད་ཇེ་དལ་དུ་གྱུར་ཏེ་ནང་སེམས་ཀྱི་མཁའ་དབྱིངས་སུ་རང་དབང་ངང་ལྡིང་སྐོར་རྒྱག་ཐུབ།

图片

མཚོ་སྔོན་གྱི་ཆེས་མཛེས་པའི་ཡུལ་ལྗོངས་ནི་ལམ་ཁ་རུ་ཡོད། རླངས་འཁོར་ལ་བསྡད་ནས་མདུན་དུ་བསྐྱོད་ཚེ། མཛེས་སྡུག་ལྡན་པའི་ཡུལ་ལྗོངས་མཐའ་དག་ཁྲ་ཆུང་མིག་གི་དགའ་སྟོན་དུ་འགྱུར་བ་དང་།ལྗང་མདོག་གི་རྩྭ་ཐང་ནི་ས་གདན་ཐང་ལ་བཀྲམ་པ་དང་འདྲ། གཡང་དཀར་ལུག་ཁྱུ་ནི་ནམ་མཁའི་སྤྲིན་དཀར་བཞིན་བག་ཡངས་སུ་རྒྱུ་བ་དང་། འདོ་རིགས་རྟ་མཆོག་གིས་རང་དབང་ངང་བང་རྩལ་འགྲན་ལ། རྫི་གླུའི་འགྱུར་ཁུག་གིས་རྣ་བའི་དབང་པོ་གསོས་ཏེ། གསོན་ཉམས་རྫོགས་པའི་མཛེས་རིས་ཤིག་ཀུན་གྱི་སྤྱན་ལམ་དུ་བཤམས་ཡོང་། ཡུལ་སྐོར་པ་དག་གིས་དགའ་བའི་དགོད་སྒྲ་ལྷང་ལྷང་སྒྲོག་པ་དང་སྤྲོ་བའི་འཛུམ་མདངས་ལྷུག་པོར་གྲོལ། ཞིམ་མངར་འོ་ཇའི་དྲི་བསུང་དང་བཅུད་ལྡན་ཟས་མཆོག་གི་དྲི་ཞིམ་གང་སར་མཆེད།

图片

བརླན་སར་སྔོ་ལྗང་གི་རྦ་རླབས་གཡོ་ཞིང་། ལྗང་མཉེན་གྱི་རྩི་ཤིང་གིས་རླུང་བུའི་རྒྱུ་ཕྱོགས་དང་བསྟུན་ནས་མགོ་ལྕོག་ལྡེམ། ནོར་ལུག་གི་ཁྱུ་ཚོགས་བག་ཕེབས་ངང་རྒྱུ་ལ། མཚོ་ངོས་སུ་ནམ་མཁའ་དང་སྤྲིན་དཀར་གྱི་ལྡོག་གཟུགས་གཅིག་རམ་གཅིག་གིས་བཏེགས་ཡོད་པས་ལྟ་འདོད་འགོག་མེད་དུ་སྐྱེ་འོང་། དུས་སྒུག་འདབ་ཆགས་ཀྱིས་ཆུ་ངོགས་སུ་གཤོག་རླབས་རྩེན་ཏེ། སྙན་ངག་དང་རི་མོ་ཇི་བཞིན་གྱི་མཛེས་ལྗོངས་མོད་པོ་བྲིས་ཡོད། མཚེའུ་མང་པོ་ནམ་མཁའི་སྐར་ཚོགས་ས་རུ་བཀྲམ་པ་དང་གཉིས་སུ་མ་མཆིས་ལ། དེ་དག་ནི་ས་ཆེན་གྱི་སྤྱན་མདངས་དང་འདྲ་ཞིང་། དེ་ལ་ལོ་ཟླའི་བརྩེ་བ་དང་དུས་ཀྱི་འཕོ་འགྱུར་འདུས་ཡོད། །

图片