འདབ་ཆགས་ནི་སྐྱེ་ཁམས་ཇེ་ལེགས་སུ་སོང་བའི་བདེན་དཔང་ཡིན།
2025.05.20 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 0

མཚོ་སྔོན་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུའུ་ཡི་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་སྲུང་སྐྱོབ་ཁྲུའུ་ཡི་འབྲེལ་ཡོད་འགན་འཁུར་པས་མཚོ་སྔོན་གྱི་ས་ཁྲའི་ཐོག་གི་མཚེའུ་ཆེ་ཆུང་མང་པོ་མཛུབ་མོས་སྟོན་བཞིན“མཚོ་སྔོན་གྱི་ཆུ་བྱ་གང་དུ་ཁྱབ་ཡོད་པ་ཤེས་འདོད་ན། མཚེའུ་གང་དུ་ཡོད་པར་བལྟ་དགོས”ཞེས་བཤད། མཚོ་སྔོན་གྱི་གནས་སྤོ་ཆུ་བྱ་ནི་གཙོ་བོ་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་དང་། མགོ་ལོག་བོད་རིགས་རང་སྐྱོང་ཁུལ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་སོགས་ཀྱི་མཚེའུ་དང་ན་འདམ་བརླན་ས་བཅས་སུ་ཁྱབ་ཡོད་པ་དང་། མཚེའུ་མང་བའི་ས་ཆར་འདབ་ཆགས་མང་།

འདབ་ཆགས་ཀྱི་ཁྱབ་ཚུལ་ཤེས་ན་སྲུང་སྐྱོབ་བྱ་བར་ཁ་ཕྱོགས་ཡོད།

རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་ཁྲུའུ་ཡི་འབྲེལ་ཡོད་འགན་འཁུར་པས་བཤད་པ་ལྟར་ན། འདབ་ཆགས་སྲུང་སྐྱོབ་བྱེད་པར་ཆེས་གལ་ཆེ་བ་ནི་འདབ་ཆགས་འཚོ་སྡོད་བྱ་ཡུལ་སྲུང་སྐྱོབ་བྱ་རྒྱུ་དེ་རེད། “འདབ་ཆགས་ལ་སྤྱང་གྲུང་འཛོམས་པས། དེ་ཚོས་རང་ཉིད་ཆེས་འཚམ་པའི་འཚོ་སྡོད་བྱ་ཡུལ་གདམ་ངེས།”

ཁོས་ངང་དཀར་གྱི་ཁྱབ་ཚུལ་ལ་དཔེ་བཞག་སྟེ།“མཚོ་སྔོན་གྱི་ངང་དཀར་ཁྱུ་ཚོགས་ཀྱི་གྲངས་ཀ་ནི་སྤྱིར་ན1300ནས1400ཡས་མས་སུ་གཏན་འཇགས་སུ་གནས་ཡོད། སྔོན་ཆད་གཙོ་བོ་མཚོ་སྔོན་པོར་གཅིག་སྡུད་བྱས་ཡོད་ལ། ཁུར་ལུག་མཚོ་ནས་ཐུའོ་སུའུ་མཚེའུ་ཡི་བར་དུ་ཉུང་ཙམ་ཡོད་མོད། འོན་ཀྱང་ཉེ་བའི་ལོ་འགའི་ནང་ཁུར་ལུག་མཚོ་ནས་ཐུའོ་སུའུ་མཚེའུའི་བར་གྱི་ངང་དཀར་གྱི་གྲངས་ཀ་ལྡབ་གཅིག་གིས་འཕར་ཡོད། སྔོན་ཆད་རྨ་ཆུ་འབབ་རྒྱུད་ཀྱི་གཅན་ཚ་དང་། ཁྲི་ཀ དཔའ་ལུང་སོགས་ཀྱི་རྫོང་ཁག་དང་། ཏུའུ་ལན་རྫོང་ཐེན་ཀེ་ལི་བརླན་ས་བཅས་སུ་མཐོང་དཀོན་མོད། འོན་ཀྱང་ད་སྐབས་ལོ་རེ་བཞིན་ངང་པ200ཡས་མས་གཏན་འཇགས་ཀྱིས་ཡོང་བཞིན་ཡོད། འགྱུར་ལྡོག་དེ་རིགས་ནི་ས་ཁོངས་ཀྱི་སྐྱེ་ཁམས་ཁོར་ཡུག་ཇེ་ལེགས་སུ་ཕྱིན་པ་དང་། མི་རྣམས་ཀྱི་སྲུང་སྐྱོབ་འདུ་ཤེས་ཇེ་མཐོར་ཕྱིན་པར་འབྲེལ་བ་དམ་ཟབ་ཡོད།”ཆུ་བོ་དང་མཚེའུའི་བརླན་ས་སྲུང་སྐྱོབ་དང་རྨ་ཆུའི་འབབ་རྒྱུད་སྲུང་སྐྱོབ་བྱས་པར་ཕན་འབྲས་ཅི་འདྲ་ཐོན་ཡོད་དམ་ཞེ་ན། འདབ་ཆགས་ཇེ་མང་དུ་སོང་བ་དེ་ནི་ཆེས་བཟང་བའི་བདེན་དཔང་རེད།

དཔྱིད་ཀར། མཚོ་ནུབ་ཁུལ་ན་གོར་མོ་གྲོང་ཁྱེར་གྱི་ཡུས་ཧྲུའེ་གཙང་འགྲམ་དུ་འཛུལ་གག་མཆུ་དམར་ཁྱུ་དང་ཁྱུ་བྱས་ནས་ཡོང་བ་དང་། བྱ་ལོང་སྐྱ་བོ་ལྡིང་སྐོར་རྒྱག་ལ། ངང་བས་གཤོག་པ་བརྐྱངས་ནས་མེ་ལོང་ལྟ་བུའི་གནམ་མཐའ་རུ་རྒྱུ་བས། ན་གོར་མོ་གྲོང་ཁྱེར་ནི་ཨ་ཤེ་ཡ་ཤར་མ་ནས་ཨོ་སི་ཁྲུ་ལི་ཡའི་ཞི་ཡའི་གནས་སྤོ་ལམ་ཐིག་དང་ཨ་ཤེ་ཡ་དབུས་མའི་གནས་སྤོ་ལམ་ཐིག་འདྲེས་མཚམས་སུ་གྱུར་བ་དང་། དུས་སྒུག་འདབ་ཆགས་ལྷོ་བྱང་ལ་གནས་སྤོ་བའི་བར་བརྒྱུད་ས་ཚིགས་གལ་ཆེན་ཞིག་དང་། འདབ་ཆགས་ཀྱི་འཚོ་གནས་ཁུལ་དང་དགུན་བརྒལ་བྱ་ཡུལ་གལ་ཆེན་ཞིག་ཀྱང་རེད། ཉེ་འཁོར་གྱི་ཚྭ་འདམ་གཞོང་སའི་ལྷོ་རྒྱུད་ཀྱི་ན་འདམ་བརླན་ས་དང་ན་གོར་མོ་གཙང་པོ་སོགས་ས་ཁོངས་ནི་མཚོ་སྔོན་ཞིང་ཆེན་གྱི་དུས་སྒུག་འདབ་ཆགས་གནས་སྤོའི་བགྲོད་ལམ་གལ་ཆེན22ཀྱི་གྲས་སུ་བཞག་ཡོད།

ན་གོར་མོ་གྲོང་ཁྱེར་ནགས་ཚལ་རྩྭ་ཐང་ཅུའུ་ཡི་འབྲེལ་ཡོད་འགན་འཁུར་པས་ངོ་སྤྲོད་བྱས་པར་གཞིགས་ན། ཉེ་བའི་ལོ་འགའི་རིང་ན་གོར་མོ་གྲོང་ཁྱེར་གྱིས་རི་ཆུ་ནགས་ཞིང་མཚེའུ་རྩྭ་ཐང་བཅས་ཀྱི་མ་ལག་བཅོས་སྐྱོང་གི་བླང་བྱ་གཞིར་བཟུང་ནས། ནགས་ཚལ་དང་རྩྭ་ཐང་། བརླན་ས། བྱེ་ཐང་སོགས་སྐྱེ་ཁམས་མ་ལག་ཉམས་གསོ་ཇེ་མགྱོགས་སུ་བཏང་བས། བརླན་སའི་ཐོན་ཁུངས་དང་རིགས་ལོ་རེ་བཞིན་ཕུན་སུམ་ཇེ་ཚོགས་སུ་འགྲོ་བཞིན་ཡོད་པ་དང་། གདོད་མའི་སྐྱེ་ཁམས་མ་ལག་གི་ནུས་པ་རིམ་བཞིན་ཆེ་རུ་ཕྱིན་ནས་འདབ་ཆགས་མང་པོ་ཞིག་གི་དགུན་བརྒལ་འཚོ་སྡོད་བྱ་ཡུལ་གལ་ཆེན་དང“དངོས་རིགས་གཞི་རྒྱུ་མཛོད་ཁུལ”གལ་ཆེན་ཞིག་ཏུ་གྱུར་ཡོད།

“གནད་ལ་འཁེལ་བའི་གཞི་གྲངས་ཡོད་ན་ད་གཟོད་གནད་ལ་འཁེལ་བའི་སྲུང་སྐྱོབ་གླེང་ཐུབ། དཔེར་ན་ཁྲུང་ཁྲུང་སྐེ་ནག་ནི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོབ་སྲོག་ཆགས་ཡིན་པས། དེ་ནི་ཧ་ཅང་རྩ་ཆེན་རེད། ང་ཚོས་ལོ་གསུམ་གྱི་དུས་ཚོད་སྤྱད་དེ་དེའི་གྲངས་ཀ་དང་ཁྱབ་ཁོངས། གནས་སྤོ་དུས་ཚོད། ལམ་ཐིག་བཅས་ཁོང་དུ་ཆུད་པར་བྱས་ན། ང་ཚོས་དུས་ཚོད་གཙོ་བོ་དང་ས་ཁོངས་གལ་ཆེན་དུ་སྔོན་ལ་ཁྲིད་སྟོན་དང་སྲུང་སྐྱོབ་ཡག་པོ་བྱས་ནས། སྲུང་སྐྱོབ་བྱ་བ་སྔར་ལས་ལེགས་པའི་སྒོ་ནས་སྤེལ་ཐུབ”ཅེས་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་ཁྲུའུ་ཡི་འབྲེལ་ཡོད་འགན་འཁུར་པས་དེ་ལྟར་བཤད། མིག་སྔར་མཚོ་སྔོན་གྱིས་ཁྲུང་ཁྲུང་སྐེ་ནག་དང་ངང་དཀར། གླུ་བྱིའུ་ཁམ་པ་སོགས་འདབ་ཆགས་རིགས6ཚུད་པའི་གནས་སྤོ་ལམ་ཐིག་ཁོང་དུ་ཆུད་པར་བྱས་ཡོད་པས། ཚན་རིག་དང་མཐུན་པའི་སྒོ་ནས་སྲུང་སྐྱོབ་ཐབས་ཇུས་བཟོ་བར་གཞི་གྲངས་ཀྱི་འགན་ལེན་མཁོ་འདོན་བྱེད་ཐུབ་ཟེར།

ཁྲུང་ཁྲུང་སྐེ་ནག་ནི་གོ་ལ་ཧྲིལ་པོའི་མཚོ་བོད་མཐོ་སྒང་དུ་འཚོ་བཞིན་པའི་ཁྲུང་ཁྲུང་གཅིག་པུ་དེ་ཡིན་པ་དང་། མཚོ་སྔོན་ཞིང་ཆེན་གྱི་ཞིང་ཆེན་འདབ་ཆགས་ཡིན་པའི་ངོས་ནས་དེའི་སྐྱེ་འཕེལ་བྱ་ཡུལ་ནི་མཚོ་བོད་མཐོ་སྒང་ཧྲིལ་པོ་དང་དེའི་མཐའ་འཁོར་ས་ཁུལ་ཡོངས་སུ་ཁྱབ་ཡོད། ལོ་ངོ10ཡི་རིང་ལ། ཁྲུང་ཁྲུང་སྐེ་ནག་གི་གྲངས་ཀ1200ལྷག་ནས2616བར་ཇེ་མང་དུ་ཕྱིན་པ་དེ་ནི་དེ་ཉིད་ལ་དམིགས་གཏད་རང་བཞིན་གྱིས་སྲུང་སྐྱོབ་བྱས་པ་དང་ཁ་འབྲལ་ཐབས་མེད། མཐོ་སྒང་བརླན་སའི་སྐྱེ་ཁམས་མ་ལག་གི་མདུན་བདར་དངོས་རིགས་ཡིན་པའི་ངོས་ནས། རྒྱུན་ཆད་མེད་པར་འཕར་བའི་གཞི་གྲངས་དེས། ང་ཚོར་མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ངང་ཇེ་ལེགས་སུ་ཕྱིན་པ་གསལ་བཤད་བྱས་ཡོད་པར་མ་ཟད། སྲུང་སྐྱོབ་བྱ་བའི་ཕན་འབྲས་མཐོང་དུ་བཅུག་ཡོད།

ད་ལོའི་ཟླ་དང་པོར། མཚོ་སྔོན་གྱིས་ཆུ་བྱའི་ཁྱབ་ཁོངས26ཏུ་དགུན་བརྒལ་ཆུ་བྱར་དུས་མཉམ་ལྟ་ཞིབ་ཚད་ལེན་གྱི་བྱ་བ་སྤེལ་ཅིང་། དགུན་བརྒལ་འདབ་ཆགས་ཁྱོན་བསྡོམས་ཁག6དང་ཚན10དང་རིགས42བཅས་འདབ་ཆགས57298ལ་ལྟ་ཞིབ་ཚད་ལེན་བྱས་པ་དེ2024ལོའི་དུས་མཉམ་ལ་ལྟ་ཞིབ་ཚད་ལེན་བྱས་པའི་དགུན་བརྒལ་འདབ་ཆགས་ཀྱི་གྲངས་འབོར་ལས164.4%འཕར་ཡོད། བརྟག་དཔྱད་བྱས་པ་བརྒྱུད། ཐད་ཀར་མཐོང་བའི་གཞི་གྲངས་ཀྱི་འགྱུར་ལྡོག་དེ་ལས། ང་ཚོས་དགུན་བརྒལ་ཆུ་བྱ་སྔར་ལས་མང་པོ་ཞིག་ལ་མཚོ་སྔོན་དུ་འཚོ་གནས་འཚམ་པོ་ཡོད་པ་ཤེས་ཐུབ་བོ།

ཤ་བོ་རིན་མཚོས་རྩོམ་སྒྲིག་བྱས།