—སྐྱེ་ཁམས་པར་ལེན་མཁན་ཅའོ་ཧྲེང་ཧྥུ་དང་གླེང་མོལ་བྱས་པ།
གལ་ཏེ་ཡི་གེ་ཡི་ནང་དུ་རི་ཆུའི་ནང་དོན་བྲིས་ཡོད་པ་ཡིན་ན། པར་རིས་ཀྱིས་ཤུགས་དྲག་གི་མཐོང་ཚོར་ལ་བརྟེན་ནས་རང་བྱུང་ཁམས་ཀྱི་བརྩེ་བ་ཟབ་མོ་ཐད་ཀར་ཕྱི་རུ་མངོན་ཡོད། རི་ཆུ་རྩི་ཤིང་ནས་སྐྱེ་དངོས་ཡོད་དོ་ཅོག་པར་དུ་བཀོད་པའི་རང་བྱུང་མཛེས་ལྗོངས་རེ་རེས་འཛམ་གླིང་ལ་མཚོ་སྔོན་གྱི་ཐུན་མིན་ཁྱད་ཆོས་ལྡན་པའི་སྐྱེ་ཁམས་ཀྱི་ཡིད་དབང་འཕྲོག་ཤུགས་མངོན་བཞིན་ཡོད།
རྒྱལ་སྤྱིའི་ཐོག་སྐད་གྲགས་ཡོད་པའི་སྐོར་སྐྱོད་པར་ལེན་འགྲན་སྡུར་ཏེ་འཇར་མན་གྱི་ས་ཆ་བཞིར་སྐོར་སྐྱོད་བྱེད་པའི་རྒྱལ་སྤྱིའི་པར་ལེན་འགྲན་སྡུར་ཆེན་མོའི་དཔྱད་འདེམས་མཇུག་འབྲས་ཡོངས་སུ་བསྒྲགས་རྗེས། མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་ལ་དབུ་བཞུགས་གན་རྒྱ་བཞག་པའི་པར་རྒྱག་མཁན་ཅའོ་ཧྲེང་ཧྥུ་དང་འཕྲད་པའི་གོ་སྐབས་བྱུང་ཞིང་། བཅར་འདྲིའི་བརྗོད་དོན་གསལ་བཤད་བྱས་པ་ན། ཁོས་གསེར་གྱི་རྟགས་མ2ཐོབ་པའི་བརྩམས་ཆོས《རྐང་རྗེས5》དང《ཉི་གཞོན་ཀློང་གི་འབྲོང་གཟུགས》ཞེས་པ་ལ་བརྟེན་ནས་གླེང་མོལ་མགོ་བརྩམས།
2012ལོ་ནས་བཟུང་ཅའོ་ཧྲེང་ཧྥུ་ཡིས་བློ་རྩེ་གཅིག་སྒྲིམ་ངང་པར་བླངས་པ་དང་། ཁོ་ཐེངས་དང་པོར་ཁེན་དེའུ་ཁོ་ཁོ་རུ་སྐྱོད་སྐབས་རྩ་ཆེའི་འབྲོང་པར་ལེན་ཐུབ་པར་གྱུར་ལ། 《རྐང་རྗེས5》དང《ཞོགས་པའི་ཉི་ཟེར་ཀློང་གི་འབྲོང་གཟུགས》ཀྱང་ན་ནིང་ཟླ10པར་པར་བླངས་པ་རེད།
ཅའོ་ཧྲེང་ཧྥུས་ལོ་བཅུ་ཕྲག་འགའི་སྔ་རྗེས་ཀྱི་བརྩམས་ཆོས་བླངས་ནས་བསྡུར་བ་ན། ཆེས་མངོན་གསལ་དོད་པའི་འགྱུར་ལྡོག་ནི་འབྲོང་གི་གྲངས་འབོར་ཡིན་པར་མ་ཟད་དེའི་འཚོ་གནས་ཁོར་ཡུག་ལའང་འགྱུར་ལྡོག་མངོན་གསལ་བྱུང་ཡོད། ཁོར་ཡུག་ཆེན་མོའི་ཁྲོད་མཚོ་འཕང་གི་མཐོ་ཚད་དང་ས་རྒྱ་ཆེ་ཚད་ཀྱི“དངོས་བྲིས”ཡོད་ལ། དེ་བས་ཀྱང་གཏིང་ཟབ་ས་ཞིག་ཡོད་པ་དེ་ནི་སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ངང་ཇེ་ལེགས་སུ་ཕྱིན་པའི་གསོན་ཉམས་ལྡན་པའི་མཚོན་ཚུལ་དེ་ཡིན་ཞིང་། དེ་ཡིས་མིའི་རིགས་ཀྱིས་རང་བྱུང་ཁམས་ལ་བཅངས་པའི་གུས་ཞེན་དང་ལྷག་བསམ་ཟོལ་མེད་གསལ་བཤད་བྱེད་བཞིན་ཡོད།
ཁེན་དེའུ་ཁོ་ཁོ་ནི་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ན་གོར་མོ་གྲོང་ཁྱེར་ཝུའུ་ཐུའུ་མེ་རེན་ཡུལ་ཚོའི་མངའ་ཁོངས་སུ་གནས་པ་དང་། ས་ཁོངས་ཁྱབ་ཚུལ་ཐད་ནས་བལྟས་ན་དེ་ནི་ཨ་ཆེན་གངས་རྒྱབ་ཀྱི་ནུབ་ངོས་དང་རི་བོ་ཨར་ཅིན་གྱི་ཤར་ལྷོའི་ངོས་སུ་གནས་ཤིང་། མིའི་འགུལ་སྐྱོད་ཉུང་བའི་ས་ཁོངས་ཤིག་ཡིན་པར་བརྟེན། རི་སྐྱེས་སྲོག་ཆགས་མང་པོ་འཚོ་གནས་བྱེད་ཡུལ་ཡག་ཤོས་ཤིག་ཏུ་གྱུར་ཡོད། ལོ་འདི་དག་ལ་ཅའོ་ཧྲེང་ཧྥུ་ཐེངས10ཙམ་ལ་ས་དེར་སོང་མྱོང་ཡོད་པ་དང་། ཆེས་ཐད་ཀར་མངོན་པའི་མྱོང་ཚོར་ནི་རི་སྐྱེས་སྲོག་ཆགས་ཀྱི་རིགས་མང་དུ་ཕྱིན་པ་དང་རིགས་ཁྱུ་ཆེ་རུ་ཕྱིན་ནས་རྟག་ཏུ་རྐྱང་དང་། འབྲོང་། གཙོད་བཅས་ཀྱི་ཁྱུ་ཚོགས་ཆེན་མོ་མཐོང་ཐུབ་ལ། སྤྱང་ཀི་དང་ཝ་ནེའུ་ལེ་གོ་བོ་སོགས་ཀྱང་མཐོང་ཐུབ།
ས་ཕྱོགས་གཅིག་གི་འགྱུར་ལྡོག་གིས་ཀྱང་མཚོ་སྔོན་གྱི་སྐྱེ་ཁམས་ཀྱི་འགྱུར་ལྡོག་དང་སྐྱེ་ཁམས་ཀྱི་མཛེས་པ་མཚོན་ཐུབ། མ་དངུལ་གཏོང་ཐེངས་རེ་རེ་ནས་བྱེད་ཐབས་རེ་རེའི་བར་མཚོ་སྔོན་གྱིས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་ཏེ“ཚད་གཞི”ནན་ཤོས་སྲུང་སྐྱོབ་བྱེད་པའི་ཁྲོད“ཀྲུང་ཧྭའི་ཆུ་མཛོད”བློ་བརྟན་འགྱུར་མེད་ཀྱིས་སྲུང་སྐྱོབ་བྱས་ཡོད།
ཉེ་བའི་ལོ་ཤས་རིང་། མཚོ་སྔོན་གྱི་སྐྱེ་ཁམས་པར་ལེན་གྱིས་འཛམ་གླིང་ལ་ཐེབས་པའི་ཤུགས་རྐྱེན་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་མ་ཟད་པར་ལེན་ལས་རིགས་ཁྲོད“མཚོ་སྔོན་གྱི་སྣང་ཚུལ”ཞིག་ཀྱང་ཐོན་ཡོད། དེར“རྨང་གཞི་འདིང་མཁན”ནི་ཐུན་མོང་མ་ཡིན་པའི་སྐྱེ་ཁམས་ཀྱི་རང་སྤུས་དགེ་མཚན་དང་རང་བྱུང་ཐོན་ཁུངས་རེད། དེ་དང་འདྲ་བར་སྐྱེ་ཁམས་པར་ལེན་བརྩམས་ཆོས་ལ་བརྟེན་ནས་རྒྱལ་སྤྱིའི་པར་ལེན་བྱ་དགའ་ཆེན་མོ་ཐེངས་མང་ཐོབ་མཁན་གྱི་ཅའོ་ཧྲེང་ཧྥུ་ལ་ཐོབ་པའི་མྱོང་ཚོར་ཟབ་མོ་དེ་ནི་མཚོ་སྔོན་གྱི་སྐྱེ་ཁམས་པར་ལེན་པའི་ཐུན་མོང་གི་མྱོང་ཚོར་ཞིག་ཡིན་ཤས་ཆེ་སྟེ།“པར་རིས་ཀྱིས་གཙང་གསུམ་འབྱུང་ཡུལ་གྱི་མཛེས་སྡུག་ལྡན་པའི་རི་ཆུ་དང་སྐྱེ་དངོས་ཐམས་ཅད་ཐད་ཀར་མངོན་ཐུབ་ལ། དེའི་དམིགས་ཡུལ་ནི་འཛམ་གླིང་གིས་མཚོ་སྔོན་ཤེས་རྟོགས་གཏིང་ཟབ་ཐུབ་པ་དང་མཚོ་སྔོན་སྐྱེ་ཁམས་ཀྱི་མཛེས་སྡུག་ལྡན་པའི་འགྱུར་ལྡོག་མཐོང་ཐུབ་པར་བྱ་རྒྱུ་དེ་རེད།”
ཅའོ་ཧྲེང་ཧྥུས་པར་ལེན་པའི་བརྙན་མིག་དེ་ནམ་ཡང་མཚོ་བོད་མཐོ་སྒང་དུ་འཚོ་གནས་བྱེད་པའི་རི་སྐྱེས་སྲོག་ཆགས་རྩ་ཆེན་རིགས་ལ་གཏད་ཡོད་པ་དང་། འབྲོང་དང་། སྦྲེ། ཁྲི་ལེ། དགོ་དམར་སོགས་ནི་ཁོའི་བརྙན་མིག་གཏད་ཡུལ་རེད། ཁོ་དང་བརྙན་ལེན་པ་གཞན་པ་སུ་ཡིན་རུང་། རི་སྐྱེས་སྲོག་ཆགས་པར་ལེན་པར་ཆེས་དོ་སྣང་བྱེད་པའམ་ཡང་ན་ངེས་པར་བརྩི་སྲུང་བྱེད་དགོས་པ་ནི་རི་སྐྱེས་སྲོག་ཆགས་ཀྱི་འགུལ་སྐྱོད་ལ་བར་ཆད་མི་བཟོ་བའི་སྔོན་འགྲོའི་ཆ་རྐྱེན་འོག ལག་གི་བརྙན་མིག་རིང་མོ་བརྒྱུད་ནས་སྲོག་ཆགས་འཇིག་རྟེན་གྱི་གདོད་མའི་རྣམ་པར་གཏོར་བརླག་མི་བྱེད་པར་མི་རྣམས་ཧ་ལས་སུ་འཇུག་པའི་རྣམ་པ་རེ་རེ་དམ་པོར་འཛིན་རྒྱུ་དེ་རེད།
ཅའོ་ཧྲེང་ཧྥུས་རི་སྐྱེས་སྲོག་ཆགས་དང་འབྲེལ་བའི་གཏམ་རྒྱུད་རེ་རེ་ཟིན་ཐོར་བཀོད་ཡོད་པ་དང་། སྐྱེ་ཁམས་ལ་འགྱུར་ལྡོག་བྱུང་བ་དེ་ནི་སྐྱེ་ཁམས་ཀྱི་དམིགས་ཚད་དང་སྐྱེ་ཁམས་ཀྱི་ས་བབ་ཁོ་ན་མ་ཡིན་པར། ཚོར་སྣང་ཟབ་ཤོས་ནི་མི་རྣམས་ཀྱི་འདུ་ཤེས་ལ་འགྱུར་ལྡོག་བྱུང་བ་དེ་རེད། ཅའོ་ཧྲེང་ཧྥུས་ཉེ་འགྲམ་གྱི་བྱ་བ་ཞིག་དཔེ་རུ་བཞག་ནས་བཤད་རྒྱུར། རྨ་ཆུ་དང་ཙོང་ཆུའི་ས་ཁུལ་གྱི་ཞིང་ལས་ཐོན་སྐྱེད་ས་ཁོངས་ཁག་ཅིག་ཏུ་སྔོན་ཆད་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་བམ་ཡང་ན་གདོང་གཏུག་སྐྱིན་ཚབ་སྤྲོད་པར་མཐོང་ཆེན་དེ་འདྲ་མི་བྱེད་པར། མི་རྣམས་ཀྱིས་སྦྲེ་སོགས་རི་སྐྱེས་སྲོག་ཆགས་མཐར་སྐྲོད་གཏོང་བའི་རྣམ་པ་ཐོན་ཡོད་མོད། འོན་ཀྱང་ད་སྐབས་རི་སྐྱེས་སྲོག་ཆགས་མཐོང་ཚེ་མི་རྣམས་ཀྱིས་རང་འགུལ་ངང་འབྲེལ་ཡོད་སྡེ་ཁག་ལ་སྙན་སེང་ཞུས་ནས་སྐྱེ་ཁམས་སྲུང་སྐྱོབ་བྱ་རྒྱུ་དེ་ཡོངས་ཁྱབ་ཀྱི་ངོས་འཛིན་ཞིག་ཏུ་གྱུར་ཡོད།
ཁོས་བཤད་རྒྱུར། རྗེས་ཕྱོགས་པར་ལེན་ལག་རྩལ་ཐད་ནས“སྐས་ཐེམ་གསར་པར”བསྐྱོད་པ་དང་། རང་བྱུང་གི་ཆོས་ཉིད་དང་གོ་རིམ་ལ་བསྟུན་ནས། སྲོག་ཆགས་འཚོ་གནས་ལ་ལྟ་ཞིབ་བྱེད་པ་དང་མིའི་རིགས་ཀྱི་བསམ་གཞིགས་ལ་བརྟེན་ནས་སྔར་ལས་ལྷག་པའི་སྒྱུ་རྩལ་གྱི་མངོན་སྟངས་བརྒྱུད། ལྟ་ཕྱོགས་གསར་རྐྱང་གི་ཐོག་ནས་སྲོག་ཆགས་དང་སྲོག་ཆགས་བར་དང་། མི་དང་སྲོག་ཆགས་བར་གྱི་འབྲེལ་བ་ཡག་པོ་བརྗོད་རྒྱུ་ཡིན། །
ཤ་བོ་རིན་མཚོས་རྩོམ་སྒྲིག་བྱས།