མུན་ཡོན་བཙུན་མོའི་མཛེས་ལྗོངས་ཁུལ།
གཙང་གསུམ་མགོ་ཁུངས་ཀྱི་འབྲི་ཆུའི་འབབ་རྒྱུན།
མཚོ་སྔོན་པོའི་གསེར་བྱེ་གཞོང་།
ཡུའུ་ཧྲུའུ་འབྲི་ཀླུང་སྔོན་མོའི་མཛེས་ལྗོངས།
མཚོ་སྔོན་ལ་འཛམ་གླིང་གི་ཡང་རྩེ་དང་གཙང་བོ་གསུམ་གྱི་མགོ་ཁུངས་སོགས་ཁྱད་འཕགས་ཀྱི་ས་བབ་ཁོར་ཡུག་གིས་རྨད་དུ་བྱུང་བའི་རང་བྱུང་མཛེས་ལྗོངས་དང་ས་གཤིས་བསྩལ་ཡོད་ལ། དེར་བརྟེན་རྒྱལ་ཡོངས་དང་ཐ་ན་འཛམ་གླིང་གི་སྐྱེ་ཁམས་སྲུང་ཡོལ་གལ་ཆེན་ཞིག་ཏུ་གྱུར་ཡོད་པར་མ་ཟད། ཀྲུང་ཧྭའི་ཆུ་མཛོད་ཀྱི་མཚན་སྙན་ཡང་ཐོབ་ཡོད།
མཚོ་སྔོན་དང་སྐྱེ་ཁམས་ནི་ཕན་ཚུན་གཅིག་ལ་གཅིག་བརྟེན་ཡིན་ལ། གནས་འདིར་འཁྱགས་རོམ་གྱི་གངས་རི་དང་། ནགས་ཚལ་དང་རྩྭ་ཐང་། མཚོ་དང་མཚེའུ། བརླན་ས་དང་རི་སྐྱེས་སྲོགས་ཆགས་སོགས་ལྷན་གཅིག་ཏུ་འཆམ་མཐུན་ངང་འཚོ་སྡོད་བྱས་ཡོད་ལ། འདི་ལྟ་བུའི་ཁྱད་འཕགས་ཀྱི་སྐྱེ་ཁམས་གཅེས་ནོར་ལ་བརྟེན་ནས“རི་ཆུའི་མགོ་ཁུངས། རབ་མཛེས་མཚོ་སྔོན”ཞེས་སྙན་པའི་གྲགས་པ་ས་སྟེང་དུ་ཁྱབ་ཡོད།
མི་དམངས་ཀྱི་སེམས་ཁོང་ན་དྲག་ཏུ་འཕྱོ་བཞིན་པའི་དག་གཙང་ལ་ཕྱོགས་པའི་སེམས་འདུན་དེས་མི་རྣམས་གཅིག་རྗེས་གཉིས་མཐུད་དུ་མཚོ་སྔོན་ལ་ལྗོངས་རྒྱུར་བསྐྱོད་པའི་ལམ་དུ་ཆས་ནས། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་འབེན་ས་ཚིགས་ཀྱི་མཛེས་སྡུག་གི་རི་ཆུ་ལ་རོལ་མྱོང་བྱས།
གཙང་གསུམ་མཛེས་སྡུག་གིས་སྣུམ་ཚོན་རི་མོ་བྲིས།། སྐྱེ་ཁམས་སྲུང་ཡོལ་གྱིས་མགྲོན་པོ་ནང་དུ་བཀུགས།།
མཚོ་སྔོན་ནི་ཀྲུང་གོའི་ས་ཁྲའི་སྟེང་གི་སྐྱེ་ཁམས་ཀྱི་གནས་ཡུལ་གལ་ཆེན་ཞིག་ཡིན་པ་མ་ཟད། བཞུར་རྒྱུན་རིང་བའི་གངས་ཆུ་སོགས་ཆུ་སྣ་མང་པོ་གཅིག་ཏུ་འདྲེས་པས། འབྲུ་ཆུ་དང་རྨ་ཆུ། རྫ་ཆུར་གྱུར་ཏེ་སྔར་བས་བརྗིད་ཉམས་ལྡན་པར་གྱུར་ཡོད།
གཙང་གསུམ་མགོ་ཁུངས་ནི་མཚོ་སྔོན་གྱི་སྐྱེ་ཁམས་མིང་བྱང་ལྟ་བུ་ཡིན་པར་མ་ཟད། མཚོ་སྔོན་ཀྱིས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་གྱི་ལྗོངས་རྒྱུའི་དམིགས་འབེན་ས་ཚིགས་བསྐྲུན་པར་སྙན་གྲགས་རྒྱས་སུ་བཅུག་ཡོད་ལ། དེང་སྐབས་གཙང་གསུམ་མགོ་ཁུངས་ནི་ཀྲུང་གོའི་ཐེངས་དང་པོ་དང་རྒྱལ་ཡོངས་ཀྱི་ཆེས་ཆེ་བའི་རྒྱལ་ཁབ་སྤྱི་གླིང་དུ་གྱུར་ཡོད་པ་དང་། འཛམ་གླིང་གི་རང་བྱུང་རྗེས་ཤུལ་གྲགས་ཅན་ཨ་ཆེན་གངས་རྒྱབ་ཀྱིས་རི་དྭགས་གཙོད་སོགས་རི་སྐྱེས་སྲོག་ཆགས་འཚོ་སྡོད་བྱེད་པར་སྐྱེ་ཁམས་ཁོར་ཡུག་བཟང་བོ་འདོན་སྤྲོད་བྱས་ཡོད།
མི་རྣམས་གཙང་གསུམ་མགོ་ཁུངས་ལ་དགའ་བའི་སེམས་འདུན་གྱིས་མཚོ་སྔོན་དུ་ཡོང་བ་ཡིན་ལ། མཚོ་སྔོན་གྱིས་ཀྱང་གཙང་གསུམ་མགོ་ཁུངས་དང་མཚོ་སྔོན་པོ། གདང་ལ་རི་བོ། དྭངས་གསལ་གྱི་རྨ་ཆུ་སོགས་འཛམ་གླིང་གི་རྩེར་སོན་སྐྱེ་ཁམས་ལྗོངས་རྒྱུའི་ཐོན་ཁུངས་ཀྱི་ཟོང་རྟགས་བསྐྲུན་བཞིན་ཡོད།
ད་ལོའི་ལྔ་གཅིག་དུས་ཆེན་གྱི་སྐབས་སུ། ཟི་ལིང་གྲོང་ཁྱེར་མཁར་བྱང་ཁུལ་རིག་གནས་ཡུལ་སྐོར་སྲང་ལམ་དུ་གསའ་ཡི་ཚོང་ཁྲོམ་གྱི་མཛེས་སྡུག་རྣམ་པར་བཀྲ་ཞིང་། ཟི་ལིང་གྲོང་ཁྱེར་གྱི་སྡོད་དམངས་ལེས་ཡན་གྱིས་ཧ་ལས་པའི་ངང་བཤད་རྒྱུར། འདི་འདྲའི་དྲ་རྒྱའི་སྒང་ན་སྐད་གྲགས་ཆོད་པའི་གནས་ཤིག་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོབ་སྲོག་ཆགས་དང་དམ་པོར་འབྲེལ་ཡོད་པ་དེས། མཚོ་སྔོན་ཀྱི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་གྲུབ་འབྲས་མངོན་ཡོད་ལ་རིག་གནས་ཡུལ་སྐོར་འཕེལ་རྒྱས་ཀྱི་གསོན་ཤུགས་ཀྱང་ཚོར་ཐུབ་ཅེས་བཤད།
དེའི་ཉེ་འགྲམ་དུ་ཡོད་པའི་ཟི་ལིང་རི་སྐྱེས་སྲོག་ཆགས་གླིང་ཁུལ་གྱི་སྲོག་ཆགས་གསའ་ནི་ཆེས་དགའ་བསུ་ཐོབ་པའི་སྲོག་ཆགས་སུ་གྱུར་ཡོད་ལ། ཞིང་ཆེན་ཕྱི་ནང་གི་ཡུལ་སྐོར་བ་མང་པོས་གསའ་དང་ལྷན་དུ་མཉམ་པར་རྒྱག་བཞིན་འདུག ཡུལ་སྐོར་བ་ལིག་ཡུས་ལིན་ནི་ཟི་ཁྲོན་ནས་ཆེད་དུ་གསའ་ལ་ལྟ་རུ་ཡོང་བ་ཡིན་ལ། ཁོས་བཤད་རྒྱུར། མཚོ་སྔོན་གྱི་རང་བྱུང་སྐྱེ་ཁམས་ནི་དངོས་ནས་མཛེས་སྡུག་ལྡན་པ་ཞིག་རེད། ངའི་ཐེངས་འདིའི་འགྲུལ་བཞུད་ལའང་ཧ་ཅང་རིན་ཐང་ལྡན་ཡོད་ཅེས་བཤད།
མཚོ་སྔོན་དུ། སྐྱེ་ཁམས་ནི་སྐྱེ་ཁམས་ཙམ་དུ་མ་ཟད། འཕེལ་རྒྱས་ཀྱི་ཐོག་མཐའ་བར་གསུམ་དུ་ཁྱབ་པར་བྱས་ཡོད་ལ། སྐྱེ་ཁམས་སྔོན་དུ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་རྒྱུན་འཁྱོངས་བྱེད་པ་ནི་ཞིང་ཆེན་ཡོངས་ཀྱི་ཐུན་མོང་གི་ངོས་འཛིན་དུ་གྱུར་ཡོད། ཟི་ལིང་ནི་ཞིང་ཆེན་གྱི་ལྟེ་གནས་གྲོང་ཁྱེར་ཡིན་པའི་ངོས་ནས། གསའ་ཡི་ཕ་ས་ཞེས་འབོད་པ་ནི་སྐྱེ་ཁམས་དང་ཡུལ་སྐོར་གྱི་ཕུན་སུམ་ཚོགས་པའི་མཉམ་འདྲེས་ཤིག་ཡིན་ལ། དེས་གསའ་ཡི་སྲུང་སྐྱོབ་དང་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་བྱེད་པའི་ལག་རྩལ་ཞིབ་འཇུག་དང་འགག་སྒྲོལ་གྱི་སྟོང་ཆ་བསྐང་བར་བརྟེན། ད་སྐབས་མཚོ་སྔོན་དུ་ལྟ་ཞིབ་ཚད་ལེན་བྱས་པའི་གསའ་ཡི་ཁ་གྲངས་སྟོང་གཅིག་དང་ཉིས་བརྒྱ་ལྷག་ཡོད་ལ། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ8ཙམ་དུ་ཁྱབ་ཡོད།
མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་དུ་ཐོན་པ་ན། ཧེ་ཏོ་རི་བོའི་རང་བྱུང་ལྷུན་གྱིས་གྲུབ་པའི་མཛེས་སྡུག་དེ། དྲ་ལམ་དུ་ཚ་ཚ་འུར་འུར་གྱིས་སྒྲོག་བཞིན་ཡོད། མཚར་དུ་དངར་བའི་རང་བྱུང་མཛེས་ལྗོངས་ནི་མི་རྣམས་ཡུལ་སྐོར་ལྗོངས་རྒྱུར་འགྲོ་བའི་དམིགས་འབེན་ས་ཚིགས་སུ་གྱུར་ཡོད་ལ། ཚྭ་འདམ་གཞོང་གི་གཡུ་མཚོ་དང་། ཁམས་ར། ཚ་རྔ་འགག སྒོ་མེ་ལ། མདོ་ལ་རི་བོའི་རྩྭ་ཐང་སོགས་ཀྱིས་མགྲུལ་བ་མང་པོ་ནང་འགུག་བྱས་ཡོད་པར་མ་ཟད། འཕེལ་རྒྱས་ལའང་གཞོགས་འདེགས་ཀྱི་ནུས་པ་ཐོན་ཡོད་པས། རབ་མཛེས་མཚོ་སྔོན་ཀྱི་མིང་བྱང་དེའང་སྔར་ལས་བཀྲག་མདངས་ལྡན་པར་བྱས་ཡོད། དེས་སྐྱེ་ཁམས་ཡུལ་སྐོར་གྱི་ས་ཁོངས་ཧྲིལ་བོར་སྐུལ་འདེད་ཀྱི་ནུས་པ་ཐོན་ཡོད་པ་དང་། ཞབས་ཞུའི་ལས་རིགས་གཙོ་བོ་ཡིན་པའི་ཐོན་ལས་གསུམ་པར་དབྱར་མཚོ་རྒྱས་པ་ལྟ་བུའི་འཕེལ་རྒྱས་བྱུང་ཡོད་ལ། "རི་ཆུ་ནགས་གསུམ་ནི་གསེར་རི་དངུལ་རི་ཡིན"ཞེས་པ་དེ་ནམ་ཡང་འགྱུར་བ་མེད་པའི་བརྟན་སྲུང་བྱ་ཡུལ་དུ་གྱུར་ཡོད།
དྭངས་གཙང་ཆུ་བོས་མཛེས་པའི་ཡུལ་ལྗོངས་བསྐྲུན།།
ཡོང་འབབ་བཟང་བོས་དམངས་ལ་ཕན་བདེ་བསྐྲུན།།
ཀྲུང་གོའི་ཆེས་མཛེས་པའི་མཚོ་ཆེན་ལྔའི་ཨང་དང་པོར་གྱུར་བའི་མཚོ་སྔོན་པོས། ཐེངས་རེ་རེའི་ཁེ་སྤོགས་བགོ་འགྲེམ་གྱི་ཐབས་ཇུས་ཁྲོད་རིམ་འཕར་མངོན་འགྱུར་བྱས་ཏེ། རྒྱལ་ཁབ་སྤྱི་གླིང་གསར་འཛུགས་ཀྱི་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་འབེན་ས་ཚིགས་འཛུགས་བསྐྲུན་བྱེད་བཞིན་ཡོད།
མཚོ་སྔོན་པོའི་འགྲམ་རྒྱུད་དུ་ཆགས་པའི་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདའ་བཞི་རྫོང་གིས་ཕུན་སུམ་ཚོགས་པའི་ལྗང་མདོག་ཐོན་ཁུངས་ལ་བརྟེན་ནས། སྐྱེ་ཁམས་ཁོར་ཡུག་གི་ཆུ་ཚད་མཐོ་བའི་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དོ་མཉམ་ཁྲོད་འགག་སྒྲོལ་བྱས་པ་དང་། མཐོ་རིམ་བཀོད་སྒྲིག་ནས་སྟོབས་ཤུགས་བཏོན་ཏེ་ཁྱད་ལྡན་ཐོན་ཁུངས་ལ་དམིགས་པ་དང་། སྐྱེ་ཁམས་སྲུང་སྐྱོབ་དང་བཅོས་བསྒྱུར་འཕེལ་རྒྱས་ལེགས་པོར་སྒྲུབ་པར་མ་ཟད། ཡུལ་བབ་དང་བསྟུན་ནས་ཞིང་ལས་དང་འབྲེལ་ཏེ་ཞིང་ལས་འཕེལ་རྒྱས་གཏོང་བའི་རྐྱེན་སྲོལ་བཙུགས་ནས། རྒྱ་ཆེའི་མང་ཚོགས་རྣམས་ཀྱིས་འཕེལ་རྒྱས་ཀྱི་ཕན་འབྲས་ལོངས་སུ་སྤྱད་ནས་ཁེ་ཕན་ཐོབ་པར་བྱས་ཡོད། མཚོ་སྔོན་པོའི་ཤར་འགྲམ་དུ་གནས་ཤིང་དྭངས་གཙང་གི་ཆུ་བོ་དང་གསེར་གྱི་བྱེ་མས་བསྐོར་བའི་གསེར་བྱེ་གཞོང་ལྗོངས་ཁུལ་གྱིས་ཁྱད་ཆོས་ལྡན་པའི་མཚོ་མཐའི་བྱེ་ཐང་གི་ཐོན་ཁུངས་ལ་བརྟེན་ཏེ་སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་སུ་བཏང་ཡོད། མཚོ་སྔོན་ཞིང་ཆེན་མདའ་བཞི་རྫོང་གྲོང་ཁྱེར་འཛུགས་བསྐྲུན་དངུལ་གཏོང་གསར་སྤེལ་ཚད་ཡོད་ཀུང་ཟིའི་འགན་འཛིན་པས་བཤད་རྒྱུར། ལས་ཞུགས་ལ་སྐུལ་ཁྲིད་དང་ལས་རྣམ་ལ་ཟབ་ཞུགས། ཐོན་རྫས་འགྲེམ་འཚོང་དང་རྒྱུ་ནོར་བགོ་འགྲེམ་སོགས་ཀྱི་རྣམ་པར་བརྟེན་ནས། ཞིང་ལས་དང་མཉམ་འབྲེལ་སྒོས་ཞིང་ལས་འཕེལ་རྒྱས་གཏིང་ཟབ་ཏུ་བཏང་བ་དང་། རོང་འབྲོག་མང་ཚོགས་ཀྱི་ཡོང་སྒོ་འཕར་སྣོན་བྱུང་ཡོད་ཟེར།
མཚོ་འགྲམ་གྱི་རྒྱ་ཆེའི་མང་ཚོགས་རྣམས་ལ་མཚོན་ན། ཁོར་ཡུག་བཟང་བོས་འཕེལ་རྒྱས་ཀྱི་གོ་སྐབས་མང་བོ་སྤྲད་ཡོད་པར་མ་ཟད། ཡོང་འབབ་ལའང་འགྱུར་བ་ཐེབས་ཡོད། མི་ཚང་མའི་འདུ་ཤེས་དང་འཕེལ་རྒྱས་ཀྱི་བསམ་བློ་ཡང་དེ་དང་བསྟུན་ནས་འགྱུར་བཞིན་ཡོད། རི་ཆུའི་ཐོན་ཁུངས་དེ་དཔལ་འབྱོར་གྱི་ཡོང་འབབ་ཏུ་བསྒྱུར་བ་དང་། ཐོན་ལས་ཀྱི་འཕེལ་རྒྱས་ལ་ཐད་ཀར་འབྲེལ་བའི་དཔལ་འབྱོར་གྱི་ཁེ་ཕན་ལས་གཞན་ད་དུང་ཉེ་འགྲམ་གྱི་ཟ་ཁང་དང་མགྲོན་ཁང་སོགས་ཀྱི་ལས་རིགས་ལའང་ཁེ་ཕན་ངེས་ཅན་ཐོབ་ཡོད།
འབྲོག་ཡུལ་བུམ་པའི་དམངས་ཤག་ནི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྟ་ནག་མ་གྲོང་རྡལ་བུམ་པ་སྡེ་བའི་ཐུན་མོང་གི་ཐོན་ལས་ཡིན་ལ། མཚོ་སྔོན་པོ་ནས་སྤྱི་ལེ4ཡི་འཚམས་སུ་ཡོད། བུམ་པ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི། སྡེ་དམངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་དོན་འགྲུབ་ཚེ་རིང་གིས་གསར་འགོད་པར་བཤད་རྒྱུར། སྡེ་བའི་ཐུན་མོང་གི་ཐོན་ལས་ཡིན་པའི་ངོས་ནས། 2019ལོའི་ཟླ6པར་གཞན་ལ་གླས་ཏེ་ལས་གཉེར་བྱས་པ་དང་། གླ་ཡུན་ལོ་དྲུག་གི་རིང་ཁེ་སྤོགས་སྒོར་ས་ཡ་གཉིས་ཙམ་ཐོབ་ཡོད། མིག་སྔར་སྡེ་བའི་ནང་དུ་སྒེར་གཉེར་དམངས་ཤག15ཙམ་ཡོད་ལ། ཡོང་འབབ་ལའང་མངོན་གསལ་གྱི་འགྱུར་བ་ཐེབས་ཡོད།
ཧུར་བརྩོན་སྒོས་རྒྱལ་ཁབ་སྤྱི་གླིང་དང་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱས་ཏེ་ཕན་ཚུན་གཅིག་ལ་གཅིག་རྟེན་གྱི་སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་ཀྱི་རྣམ་པ་བཟང་བོ་གྲུབ་ཡོད། སྐྱེ་ཁམས་སྲུང་སྐྱོབ་དང་ལྗང་མདོག་འཕེལ་རྒྱས། དམངས་ཚིས་འགན་སྲུང་བཅས་ཀྱི་མཐུན་སྦྱོར་གཅིག་གྱུར་ལ་སྐུལ་འདེད་བྱས་ཏེ། ལྗོངས་ཁུལ་གྱི་གདང་རིམ་འཕར་བ་དང་། རྒྱུད་གཅིག་ལམ་ཐིག་འཛུགས་བསྐྲུན་བྱེད་པ། སྐྱེ་ཁམས་རླངས་འཁོར་འཇོག་གནས་རྒྱ་བསྐྱེད་པ་སོགས་ཀྱི་ལས་གཞི་ལག་བསྟར་བྱེད་པའི་རྨང་གཞིའི་སྟེང་། རྒྱལ་ཁབ་སྤྱི་གླིང་ཚན་རིག་ཞིབ་འཇུག་དང་ལྟ་ཞིབ་ཚད་ལེན་ལྟེ་གནས། VRསིམ་རྣམ་རོལ་མྱོང་སོགས་ལས་གཞི་གལ་ཆེན10ལག་བསྟར་བྱས་ཏེ། གཞི་གཅིག་ཅན་གྱི་བཀོད་འདོམས་བཀོད་སྒྲིག་སྤྱི་སྟེགས་བསྐྲུན་ཡོད།
མཚོ་དང་མཚེའུ་ཡིས་གསོན་ཤུགས་གསར་བ་བསྣན།།
ཐོན་ལས་མཉམ་འདྲེས་ཀྱིས་ལེའུ་གསར་བ་བྲིས།།
མཚོ་ཤར་གྲོང་ཁྱེར་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་ཏུང་ཧོ་ཡུལ་ཚོ་མ་ཅི་སྡེ་བའི་ཡུའུ་ཙེའུ་བན་སྐྱེ་ཁམས་རིག་གནས་ལྗོངས་ཁུལ་གྱིས་སྐྱེ་ཁམས་ཀྱི་ལེགས་ཆ་དེ་འཕེལ་རྒྱས་ཀྱི་ལེགས་ཆ་རུ་བསྒྱུར་བ་དང་། རི་ངོས་ཁེབས་པའི་མེ་ཏོག་གིས་ཡུལ་སྐོར་བ་མང་པོ་ནང་དུ་བསུས་ཡོད་ལ། སྡེ་མིའི་དཔལ་འབྱོར་གོང་འཕེལ་བཏང་ནས་ཕྱུག་འགྱུར་གྱི་ལམ་དུ་སྐྱོད་དེ་ཐོན་ལས་གསུམ་པའི་ལས་གཉེར་པར་གྱུར་ཡོད། རུན་ཁྲུན་ཡུའུ་ནི་དེའི་ཁྲོད་ཀྱི་གཅིག་ཡིན་ལ། རང་ཉིད་ཀྱི་སྤྲོ་སྐྱིད་གླིང་གི་བདག་གཉེར་ལ་གསོན་ཉམས་ལྡན་པར་བྱས་ཡོད།
མ་ཅི་སྡེ་བའི་སྤྲོ་སྐྱིད་གླིང་གི་བདག་གཉེར་བ་མང་བོ་རུན་ཁྲུན་ཡུའུ་དང་འདྲ་བར། མ་དངུལ་གྱི་ཁ་གསབ་དང་སྲིད་ཇུས་ཀྱི་ཁེ་སྤོགས་ལོངས་སྤྱོད་བྱས་པས། ཁོ་ཚོར་སྔར་བས་ལས་ལ་བརྩོན་པའི་སྒུལ་ཤུགས་ཡོད་པར་བྱས་ཡོད། རུན་ཁྲུན་ཡུའུ་ཡིས་བཤད་རྒྱུར། བྱ་བ་གང་ཞིག་སྒྲུབ་ཀྱང་དེ་ལ་དངོས་སུ་མ་ཞུགས་ན་མཇུག་འབྲས་ཅི་ལྟ་བུ་ཞིག་ཡིན་པ་ཤེས་མི་ཐུབ། ད་ལྟ་ལྟོས་ཡོང་ན་འཕེལ་རྒྱས་ཀྱི་ལམ་ཁ་འདི་བསྙེགས་པ་ནི་འཁྲུལ་མེད་ཀྱི་གདམ་གསེས་ཤིག་རེད། མ་འོངས་པར་དེ་ལས་མང་བའི་ན་གཞོན་རྣམས་ཕྱིར་ཕ་ཡུལ་དུ་ལོག་ནས་ལས་གཏོད་ཀྱི་ལས་ལ་གཞོལ་བར་ཡིད་ཆེས་བརྟན་པོ་ཡོད་ཟེར།
ཡུའུ་ཙེའུ་བན་གྱི“མེ་ཏོག”གིས་ཞིང་ཆེན་ཡོངས་ཀྱི་འཕེལ་རྒྱས་ཀྱི་འགྲོས་དང་བསྟུན་ཡོད་པས། ལོ་འདི་གར། མེ་ཏོག་གི་མཛེས་སྡུག་ལ་དགའ་བའི་ཡུལ་སྐོར་བ་འགུག་པ་ནི་མཚོ་སྔོན་སྐྱེ་ཁམས་ཡུལ་སྐོར་གྱི་བྱེད་ཐབས་གལ་ཆེན་ཞིག་ཡིན། ལོ་རེའི་དཔྱིད་ཀར། ཁྲི་ཀའི་སིལ་སྡོང་མེ་ཏོག་ནས་དཔའ་ལུང་གི་ཁམ་བུའི་མེ་ཏོག། དེ་ནས་མེན་ཧི་ཡི་སྟར་ཀའི་མེ་ཏོག་སོགས་རིག་གནས་ཡུལ་སྐོར་གྱི་དཔལ་འབྱོར་ལམ་ཐིག་མེ་ཏོག་གིས་ཡོངས་སུ་བསྐོར་ཞིང་། སྐྱེ་ཁམས་ལྟ་སྐོར་གཙོ་བོ་ཡིན་པའི་གྲོང་གསེབ་ཡུལ་སྐོར་ཐོན་ལས་ལ་དབྱར་མཚོ་རྒྱས་པ་ལྟ་བུའི་འཕེལ་རྒྱས་བྱུང་བ་དང་། ས་གནས་ཀྱི་ཁྱད་ལྡན་ཐོན་རྫས་ཀྱི་སྐྱེ་ཁམས་ཀྱི་དོན་སྙིང་དང་རིག་གནས་ཡུལ་སྐོར་གྱི་རིན་ཐང་སྔོག་འདོན་བྱས་ཏེ། གསོ་སྤེལ་ལས་རིགས་མུ་མཐུད་དུ་འཕེལ་རྒྱས་དང་འདེབས་འཛུགས་ལས་རིགས་སྔར་ལས་ཕུན་སུམ་ཚོགས་པར་བྱས་ཡོད་ལ། སྐྱེ་ཁམས་དང་རིག་གནས་ཡུལ་སྐོར། ཞིང་ཕྱུགས་བཅས་མཉམ་དུ་འཕེལ་རྒྱས་སུ་འགྲོ་བར་ནུས་པ་གལ་ཆེན་ཐོན་ཡོད།
དཔྱིད་ཀྱི་གོང་བུའི་མེ་ཏོག་ནས་དབྱར་གྱི་རྫོགས་ལྡན་མེ་ཏོག་དང་དེ་ནས་དགུན་གྱི་ཁ་བའི་མེ་ཏོག་སོགས། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མིན་ཡོན་རྫོང་གི་ཁོངས་སུ་གཏོགས་པའི་གངས་དཀར་ནི་མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་ཡུལ་སྐོར་ཁྲོད་དྲ་ལམ་ནས་གསར་དུ་གྲགས་ཡོད་པའི་ལྫོངས་རྒྱུའི་གནས་ཤིག་ཡིན་ལ། ད་ལོའི་ལྔ་གཅིག་གུང་གསེང་གི་ཉིན་དང་པོར། མདོ་ལ་རི་བོ་དང་གངས་དཀར་ལྗོངས་ཁུལ་གྱིས་སྣེ་ལེན་བྱས་པའི་མིའི་གྲངས་ཀ་མིན་ཡོན་རྫོང་གི་ཡུལ་སྐོར་བའི་བརྒྱ་ཆའི46ཟིན་པ་དང་། དེ་དང་ཆབས་ཅིག་ཡོང་འབབ་ཀྱང་འཕར་སྣོན་བྱུང་ཡོད།
སྤྱིའི་ཆ་ནས་སྐྱེ་ཁམས་ཀྱིས་རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་འཕེལ་རྒྱས་ལ་གོ་སྐབས་བསྩལ་ཡོད།
དེང་གི་མཚོ་སྔོན་གྱིས“རི་ཆུའི་འབྱུང་ཁུངས། རབ་མཛེས་མཚོ་སྔོན།”ཞེས་པའི་རིག་གནས་ཡུལ་སྐོར་ཟོང་རྟགས་མཐོར་འདེགས་གཏོང་བའི་བྱ་སྤྱོད་ལག་བསྟར་བྱས་ནས། མཐོ་སྒང་གི་མཚེའུ། ཚྭ་མཚོའི་མཛེས་སྡུག རྩྭ་ཐང་གི་མེ་ཏོག་སོགས་སྐྱེ་ཁམས་ཡུལ་སྐོར་ལྗོངས་རྒྱུའི་གནས་ཡུལ་གྲགས་ཅན་བསྐྲུན་པ་དང་། མཐོ་སྒང་གི་ཁམས་གསོ་དང་སྐྱེ་ཁམས་ཞིབ་འཇུག་རིག་པ། རང་བྱུང་སློབ་གསོ་སོགས་ཁྱད་ལྡན་ཡུལ་སྐོར་ལམ་ཐིག་དང་ཐོན་རྫས་གསར་སྤེལ་བྱས་པར་མ་ཟད། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་འབེན་ས་ཚིགས་བསྐྲུན་ཏེ། ལྗང་མདོག་སྐྱེ་ཁམས་ཀྱིས་རབ་མཛེས་མཚོ་སྔོན་ལ་བཀྲག་མདངས་རྒྱས་པར་བྱས་ཡོད།
ཁོན་ཐར་དབང་རྒྱལ་གྱིས་བསྒྱུར།