—མདོ་ལ་རིང་མོ་རྒྱལ་ཁབ་སྤྱི་གླིང་དུ་ཕྱིན་པ།
ཉེ་ལམ། བསོད་ནམས་དར་རྒྱས་ཀྱིས་ཁང་པའི་སྒོ་ཕྱེས་ནས་མིག་མདའ་ཐོག་མ་སྒོ་མདུན་གྱི་བརླན་སའི་ཕྱོགས་སུ་འཕངས། འདབ་ཆགས་ཀྱི་འཚོ་གནས་ལ་ཞིབ་མོར་བརྟག་རྗེས། ཁོས་དེ་མ་ཐག་ཏུ་“དེ་རིང་ཁྲུང་ཁྲུང་སྐེ་ནག་ཆུ་འགྲམ་དུ་བུད་སོང་བས། བརླན་ས་རུ་བྱ་ལོང་ལྟག་ཁྲ་དང་ངུར་བ་ལས་མི་འདུག”ཅེས་གནས་ཚུལ་གསར་ཤོས་དེ་མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་གི་འོས་འདེམས་ཁུལ་མཚོ་སྔོན་ཡུག་ཁུལ་གཡང་ལུང་བདག་སྐྱོང་ས་ཚིགས་ཀྱི་འགོ་གཙོ་དབྱང་ཧུང་ཐུའུ་ལ་སྙན་སེང་ཞུས།
ད་ལོ་ལོ་ན56ལ་སླེབས་པའི་བསོད་ནམས་དར་རྒྱས་ནི་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདོ་ལ་རྫོང་གཡང་ལུང་ཡུལ་ཚོ་ཐོ་ལི་སྡེ་བའི་འབྲོག་པ་ཞིག་རེད། ཁོ་ཚང་གི་སྒོ་ར་ནི་གཡང་ལུང་བརླན་སའི་སྤྱི་གླིང་དང་ཐག་ཉེ་ཞིང་། དེ་ནི་འདབ་ཆགས་ཀྱི་རང་བྱུང་འཚོ་སྡོད་བྱ་ཡུལ་ཞིག་ཡིན་པས། བྱ་ལོང་ལྟག་ཁྲ་དང་ངུར་བ། ཁྲུང་ཁྲུང་སྐེ་ནག་སོགས་གནས་དེ་རུ་རྒྱུད་སྤེལ་དང་འཚོ་སྡོད་བྱེད་ཀྱིན་ཡོད།
ཉིན་འདི་དག་ལ། བསོད་ནམས་དར་རྒྱས་ཀྱི་བུ་དཔལ་མགོན་རྒྱལ་རྫོང་ཐོག་ཏུ་སྐྱེ་ཁམས་བདག་སྐྱོང་པའི་མེ་འགོག་འཁྲབ་སྦྱོང་ལ་བུད་སོང་བས། བསོད་ནམས་དར་རྒྱས་ཀྱིས་རང་འགུལ་ངང་བུ་ཡི་ལས་ཀ་ཕྲག་ཏུ་བླངས་ནས། ཉིན་ལྟར་བདག་སྐྱོང་ས་ཁོངས་སུ་སྐོར་སྲུང་སྐོར་ཞིབ་བྱས་རྗེས་དབྱང་ཧུང་ཐུའུ་ལ་གནས་ཚུལ་སྙན་སེང་ཞུ་བཞིན་ཡོད།
གཡང་ལུང་ཡུལ་ཚོ་ནི་མདོ་ལ་རྫོང་གི་ནུབ་རྒྱུད་དུ་གནས་པ་དང་། མདོ་ལ་རྫོང་གི་ཆེས་མཐའ་འཁོབ་ཀྱི་ཡུལ་གྲོང་ཞིག་ཡིན་ལ། རྫོང་མཁར་དང་བར་ཐག་སྤྱི་ལེ200ལྷག་ཡོད། ཤར་ཕྱོགས་འབྲོང་ལུང་ཡུལ་ཚོ་དང་འབྲེལ་ཞིང་། ལྷོ་ཕྱོགས་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཐེམ་ཆེན་རྫོང་དང་འབྲེལ་ཡོད། ནུབ་བྱང་གཉིས་ནི་ཀན་སུའུ་སུའུ་ནན་ཡུས་ཀུའུ་རིགས་རང་སྐྱོང་རྫོང་དང་འབྲེལ་ཡོད།
གཡང་ལུང་ཡུལ་ཚོའི་སྲང་ལམ་གཙོ་བོ་བརྒྱུད་རྗེས། གཡང་ལུང་བརླན་སའི་སྤྱི་གླིང་མིག་ལམ་དུ་མངོན་ཡོང་། བརླན་སའི་ནང་བྱ་ལོང་ལྟག་ཁྲ་བཅུ་ལྷག་གི་ཉམས་འགྱུར་ལྟ་ན་སྡུག་སྟེ། ཁ་ཤས་ཀྱིས་ཆུ་དང་ཉེ་བར་བཅར་ནས་ལུས་ཀྱི་བྱ་སྒྲོར་བདག་སྐྱོང་བྱེད་བཞིན་ཡོད་ཅིང་། ལ་ལས་མགོ་བོ་བསྒུར་ནས་རྒུམ་བུ་འཚོལ་བཞིན་འདུག
དེ་དང་ཐག་མི་རིང་བའི་གྲམ་ཐང་དུ་ཆུ་བྱ་རིགས་འགའ་བག་ཕེབས་ངང་ཆུ་བོ་བརྒལ་བཞིན་འདུག དེ་དག་གིས་སྐབས་འགར་གཤོག་པ་བརྡབས་པས་ཆུ་ཡི་ཟེགས་མ་མཁའ་རུ་འཕྱོ་ཞིང་། སྐབས་འགར་བག་ཕེབས་ངང་རྒྱུ་བཞིན་ཡོད།
ལམ་གྱི་ཕར་ངོགས་སུ་གནས་པའི་ཁྲུང་ཁྲུང་སྐེ་ནག་བཟའ་ཟླ་གཉིས་ལ་མི་རྣམས་ཀྱི་དོ་སྣང་ཆེན་པོ་ཐོབ་ཡོད། རྒྱུ་མཚན་ནི་དེ་ཚོར་དཔེ་མཚོན་དུ་རུང་བའི་ལས་བགོས་ཞིབ་མོ་ཡོད་པས་རེད། གཅིག་གིས་ཉེན་ཟོན་མཁན་གྱི་འགན་འཁུར་ཏེ་དོགས་ཟོན་གྱི་མིག་ཟུང་གིས་མཐའ་འཁོར་གྱི་གནས་ཚུལ་ལ་རིག་རིག་གིས་བལྟས་ཏེ་ཟས་འཚོལ་མཁན་གྱི་བདེ་འཇགས་ལ་སྲུང་སྐྱོབ་བྱས་པ་དང་། གཅིག་གིས་ཟས་འཚོལ་མཁན་གྱི་འགན་འཁུར་ཏེ་མཆུ་ཏོ་རིང་པོས་རྩྭ་གསེབ་ཏུ་གཙགས་ནས་བློ་རྩེ་གཅིག་སྒྲིམ་གྱིས་རྒུམ་བུ་འཚོལ་གྱིན་འདུག
བསོད་ནམས་དར་རྒྱས་ནི་ཆུང་དུས་ནས་བརླན་སའི་འགྲམ་དུ་འཚོ་བ་རོལ་ཞིང་བརླན་ས་དེ་རིམ་བཞིན་རྒྱ་ཆེ་རུ་ཕྱིན་པ་དང་། འཚོ་སྡོད་བྱེད་པའི་བྱ་རིགས་ལོ་རེ་བཞིན་ཇེ་མང་དུ་འགྲོ་བ་དངོས་སུ་མཐོང་བས། ཁོའི་སེམས་ལ་སྤྲོ་སྣང་གིས་ཁེངས་ཡོད། “ང་རང་ཆུང་དུས་སུ་བྱ་ལོང་ལྟག་ཁྲ་ཁོ་ན་ལས་མཐོང་རྒྱུ་མེད། རྗེས་སུ་འདབ་ཆགས་ཀྱི་རིགས་དང་གྲངས་འབོར་ཇེ་མང་ནས་ཇེ་མང་རེད། ཁྲུང་ཁྲུང་སྐེ་ནག་ནི་ལོ10ཡི་སྔོན་ལ་གནས་འདིར་ཡོང་ལ། ལོ་དེ་ནས་བཟུང་ཁྲུང་ཁྲུང་སྐེ་ནག་ཆ་གཅིག་གིས་ལོ་རེ་བཞིན་བརླན་ས་འདིར་བྱ་ཕྲུག་གསོ་སྤེལ་བྱེད་བཞིན་ཡོད།”བསོད་ནམས་དར་རྒྱས་ལ་གནས་ཚུལ་དེ་དག་ཆ་རྒྱུས་གསལ་པོ་ཡོད་པ་ནི་ཁོས་དེ་སྔ་སྐྱེ་ཁམས་བདག་སྐྱོང་པའི་ལས་ཀ་བསྒྲུབས་མྱོང་བས་རེད།
གཡང་ལུང་བདག་སྐྱོང་ས་ཚིགས་སྔོན་མ་ནི2016ལོར་བཙུགས་པའི་ཐོ་ལི་ནགས་སྲུང་ས་ཚིགས་དེ་ཡིན་པ་དང་། སྐབས་དེར་བསོད་ནམས་དར་རྒྱས་བདག་སྐྱོང་མི་སྣ་ཞིག་ཏུ་གྱུར། དུས་དེ་ནས་བཟུང་། ལས་ཀའི་དགོས་མཁོར་གཞིགས་ནས་ཁོས་འདབ་ཆགས་སྣ་ཚོགས་ནན་ཏན་གྱིས་ཐོ་འགོད་དང་སྲུང་སྐྱོབ་བྱེད་མགོ་བརྩམས། “ཁྲུང་ཁྲུང་སྐེ་ནག་ལོ་རེའི་ཟླ4པའི་ཟླ་མགོ་ནས་འཕུར་ཡོང་བ་དང་། ཡོང་བའི་སྐབས་སུ་ཆ་གཅིག་ཡིན་ལ། ཟླ11པའི་ཡས་མས་སུ་ཕྱིར་འགྲོ་བའི་སྐབས་སུ་ཁྲུང་ཕྲུག་གཉིས་འཁྲིད་དེ་འགྲོ་བ་རེད།”
ཁྲུང་ཁྲུང་སྐེ་ནག་ལས་གཞན། བསོད་ནམས་དར་རྒྱས་ཀྱིས་ད་རུང་བྱ་ལོང་ལྟག་ཁྲའི་འཚོ་གནས་དང་སྐྱེ་འཕེལ་གནས་ཚུལ་ཡང་ཟིན་ཐོར་བཀོད་དེ་དུས་ཐོག་ཏུ་སྙན་སེང་ཞུ་བཞིན་ཡོད། ཁོས་གསར་འགོད་པར་བཤད་རྒྱུར། ཁྲུང་ཁྲུང་སྐེ་ནག་གི་སྒོ་ང་རུམ་ས་ནི་སྒོ་འགྲམ་གྱི་བརླན་སའི་ནང་ཡིན་པ་དང་། བྱ་ལོང་ལྟག་ཁྲ་ཆུ་འགྲམ་གྱི་བྱེ་ཐང་དུ་རྒྱུགས་ནས་སྒོ་ང་རུམ་རྒྱུར་དགའ།
“ལོ་འདི་དག་གི་རིང་ལ། ཡུལ་སྐོར་པ་མང་པོ་ཞིག་གནས་འདི་བརྒྱུད་སྐབས་ངལ་གསོ་བྱས་ཏེ་འདབ་ཆགས་ལ་ལྟ་གཟིགས་བྱེད་ཀྱིན་ཡོད་པས། ང་ཚོས་སྒྲུབ་ཐུབ་པ་ནི་བརླན་སའི་ནང་གི་འདབ་ཆགས་ལ་ལྷིང་འཇགས་ཀྱི་ཁོར་ཡུག་ཅིག་བསྐྲུན་རྒྱུ་དེ་རེད།”བསོད་ནམས་དར་རྒྱས་ཀྱིས་དེ་ལྟར་ངོ་སྤྲོད་བྱས། ཡུལ་སྐོར་པས་གནས་དེ་རུ་ཁ་པར་དང་པར་ཆས་སྤྱད་དེ་འདབ་ཆགས་པར་དུ་བླངས་ཆོག་མོད། འོན་ཀྱང་མི་མེད་གནམ་གྲུ་སྤྱད་ནས་པར་ལེན་པ་མཐོང་ཚེ། ཁོས་འཕྲལ་དུ་བཀག་འགོག་བྱེད་སྲིད། དེ་ནི་སྙིང་རྗེ་བའི་སྲོག་ཆགས་དེ་དག་ལ་བར་ཆད་བཟོ་ཡོང་བར་དོགས་པ་རེད།
མདོ་ལ་རིང་མོ་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟའི་བྱ་བར་སྐུལ་འདེད་བཏང་བ་དང་བསྟུན་ནས། 2019ལོར་ཐོ་ལི་ནགས་སྲུང་ས་ཚིགས་ཞེས་པའི་མིང་དེ་དངོས་སུ་གཡང་ལུང་བདག་སྐྱོང་ས་ཚིགས་སུ་བསྒྱུར་བ་རེད། 2020ལོར་བསོད་ནམས་དར་རྒྱས་ཀྱིས་སྐྱེ་ཁམས་བདག་སྐྱོང་པའི་འགན་འཁྲི་རྫོགས་མོད། འོན་ཀྱང་ཕ་ཡུལ་གྱི་རི་ཆུ་དང་སྲོག་ཆགས་ལ་སྲུང་སྐྱོབ་བྱེད་པའི་འགན་འཁྲི་སྔ་མོ་ནས་ཁོའི་སེམས་པའི་གཏིང་ལ་ཟུག་ཡོད། བུ་དཔལ་མགོན་རྒྱལ་གྱིས་ཨ་ཕའི་ཕྱག་གི“མཐུད་རྒྱུག་དབྱུག་པ”བླངས་ནས། ཁོངས་གཏོགས་ཁུལ་གྱི་རང་བྱུང་ནགས་ཚལ་དང་བརླན་ས། རི་སྐྱེས་སྲོག་ཆགས་དང་རྩི་ཤིང་བཅས་ཀྱི་སྐོར་སྲུང་གི་འགན་མུ་མཐུད་དུ་འཁུར་བཞིན་ཡོད།
བསོད་ནམས་དར་རྒྱས་ཀྱི་ལས་འགན་རྫོགས་ཟིན་ནའང་། ཡུལ་དེ་དང་དེ་ན་འཚོ་བའི་འདབ་ཆགས་སེམས་ནས་དོར་མ་མྱོང་།“ཕྱུགས་རྫིར་འགྲོ་སྐབས་སྐོར་སྲུང་བྱེད་པ་དང་། ཁྱིམ་དུ་བསྡད་ནའང་འདབ་ཆགས་ལ་བལྟས་ནས་དེ་དག་གི་འཚོ་བའི་གོམས་གཤིས་ལ་ལྟ་ཞིབ་བྱེད་སྲིད།”
ལོ་རེའི་གནས་སྤོ་དུས་ཚིགས་སུ། གལ་ཏེ་འདབ་ཆགས་དེ་དག་ཡོང་ཚོད་ཉིན་འགས་འཕྱི་སོང་ཚེ། བསོད་ནམས་དར་རྒྱས་ཀྱི་སེམས་ལ་མི་དྲན་དགུ་དྲན་བྱེད་པ་དང་། དེ་དག་གནས་སྤོའི་ལམ་དུ་གློ་བུར་བའི་གནས་ཚུལ་ལ་འཕྲད་ཡོད་དམ་སྙམ་ནས་སེམས་ཁྲལ་བྱེད་སྲིད།
གཡང་ལུང་བདག་སྐྱོང་ས་ཚིགས་ཀྱི་མགོ་གཙོ་དབྱང་ཧུང་ཐུའུ་ཡིས་ངོ་སྤྲོད་བྱས་པ་ལྟར་ན། ད་སྐབས་སྐྱེ་ཁམས་ཁོར་ཡུག་ཇེ་བཟང་ནས་ཇེ་བཟང་དུ་སོང་བས། འདབ་ཆགས་ཀྱང་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་ཡོད། ལོ་འདི་གཉིས་ཀྱི་རིང་ལ། བདག་སྐྱོང་ས་ཚིགས་ཀྱིས་ད་དུང་གཡང་ལུང་ཡུལ་ཚོའི་མངའ་ཁོངས་སུ་བཞད་ནག་དང་སྐྱོར་དཀར་ཆུང་བ་འགུལ་སྐྱོད་བྱེད་པའི་གཟུགས་བརྙན་ཐོག་མར་ཟིན་ཐོར་བཀོད་ཡོད།
བསོད་ནམས་དར་རྒྱས་ཕ་བུ་གཉིས་ཀ་དང་སྐྱེ་ཁམས་བདག་སྐྱོང་མཁན་མང་པོ་ཞིག་གི་འབད་བརྩོན་འོག གཡང་ལུང་ཡུལ་ཚོའི་མངའ་ཁོངས་ཀྱི་བརླན་ས་དེ་ནི་འདབ་ཆགས་ཀྱི་དྲོད་ཁོལ་ལྡན་པའི་ཁྱིམ་གཞིས་སུ་གྱུར་ཡོད། །
ཤ་བོ་རིན་མཚོས་རྩོམ་སྒྲིག་བྱས།