སྲོག་ཆགས་ཀྱི་ཞིང་ཁམས་འཚོལ་བ།
2025.06.24 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 0

—མདོ་ལ་རིང་མོ་རྒྱལ་ཁབ་སྤྱི་གླིང་འདེམ་སྒུག་ཁུལ་གྱི་དབུ་བཞུགས་ཆེད་ཞུས་པར་ལེན་པ་ལི་ཧྲན་ཡོན་དང་གླེང་མོལ་བྱས་པ།

ལི་ཧྲན་ཡོན་དང་ཐོག་མར་འཕྲད་སྐབས། ཁོས་སྒེར་འཁོར་བསྐོར་ཞིང་ལུས་ལ་མཆོང་རྒོལ་ལྭ་བ་དང་། མགོ་ལ་ཉི་འགོག་ཞྭ་མོ་གྱོན་ཡོད། ལུས་ལ་ཡོ་ཆས་ཀྱང་མང་པོ་བཟུང་མེད་དེ། པར་ཆས་བཟུང་ཞིང་མིག་ཤེལ་ཞིག་གོན་འདུག ང་ཚོ་འགྲོ་རོགས་ཚང་མ་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཐེམ་ཆེན་རྫོང་གི་བྲག་དཀར་ཐེམ་ཆེན་ཕྱོགས་སུ་སྐྱོད་སྐབས། ཁོ་ཆེད་དུ་པར་ལེན་དུ་ཡོང་བ་མིན་པ་འདྲ་བའི་སྣང་བ་ཞིག་སྦྱིན་སོང་།

གནའ་བ་ཁྱུ་གཅིག་གིས་དོགས་གཞི་དེ་དག་མེད་པར་བཏང་སོང་། ལི་ཧྲན་ཡོན་གྱིས་མྱུར་དུ་རླངས་འཁོར་གྱི་གཞུག་སྒམ་ཕྱེ་ཞིང་། དེའི་ནང་དུ་སྒྲིག་ཆས་ཆ་ཚང་ཡོད་ལ། མི་མེད་གནམ་གྲུ་དང་།  སྦྲ་གུར་སོགས་མཐོང་། ང་ཚོས་མཉམ་མ་བཞག་པའི་སྔོན་ལ། ཁོའི་མི་མེད་གནམ་གྲུ་མཁའ་དབྱིངས་སུ་བཏང་ཟིན་ལ། རི་ལྡེབས་ཀྱི་གནའ་བ་དང་ཐེམ་ཆེན་རྫོང་མཁར་གཉིས་པར་མིག་གཅིག་ཏུ་ཚུད་པའི་པར་བླངས་འདུག

སྐབས་ཐོག་དེར། ང་ཚོས་ཁོའི2010ལོར་མགོ་བརྩམས་པའི་ལས་ཞོར་གྱི་དགའ་ཕྱོགས་དེ། ལོ་ངོ་བཅུ་ལྷག་ལ་རྒྱུན་འཁྱོངས་ལྷོད་མེད་བྱས་པའི་ཁྲོད། སྔ་མོ་ནས“ལས་ཞོར”གྱི་ཁྱབ་ཁོངས་ལས་བརྒལ་འདུག་པ་ཚོར།

བྲག་དཀར་རི་བོའི་རྩེ་རུ་རྒོད་ཐང་དཀར་ལྡིང་སྐོར་རྒྱག་པ་དང་། གནའ་བ་ཁྱུ་དང་ཁྱུ་བྱས་ནས་གཟན་རྩྭ་འཚོལ་བཞིན་ཡོད། འདི་དག་ཡོད་ཚད་ནི་ལི་ཧྲན་ཡོན་ལ་མཚོན་ན་རྒྱུན་མཐོང་ཞིག་ཡིན་རུང་ཁོའི་སྤྲོ་སྣང་ཅུང་ཙམ་ཡང་ཡལ་མེད། ཁོས་དགའ་ལྷང་ལྷང་ངང་ཐང་དཀར་གྱི་བརྗིད་ཉམས་པར་དུ་ཇི་ལྟར་ལེན་པ་བརྗོད་བྱུང་ལ། གནའ་ཁྱུ་མཐོང་བ་ན། སྔར་བཞིན་དགའ་སྤྲོ་གནོན་མ་ཐུབ་པར་མི་མེད་གནམ་གྲུ་བཏང་ཞིང་། སྔོན་ཆད་ཐེངས་གང་མང་དུ་པར་དུ་བླངས་ཡོད་མེད་ལ་ཁ་ཡ་ཡེ་ནས་མི་བྱེད།

ལི་ཧྲན་ཡོན་གྱིས་དགོད་བཞིན་དུ་ཐོག་མར་པར་ལེན་སྐབས་ཀྱི་རྣམ་པ་ཕྱིར་དྲན་བྱས་ཤིང་། ཉིན་གང་བོར་ཆུ་སྐྱར་རིགས་ཀྱིས་ཉ་འཛིན་པར་བསྒུགས་ནས་པར་བླངས་པ་དང་། རི་ལུང་ཀུན་ཏུ་ཤྭ་སྐྱའི་རྨིག་རྗེས་བཙལ་ཞིང་། རིམ་གྱིས་བརྙན་མིག་ནང་གི་རི་སྐྱེས་སྲོག་ཆགས་དག་ཁོའི་མིག་ལམ་དུ་སྲོག་ཆགས་ཙམ་མིན་པར་གྱུར། དེ་དག་གི་འཇིག་རྟེན་ལ་མཚར་སྣང་གིས་ཁེངས་ཏེ། ཁོའི་པར་ལེན་ཡང་ཟིན་ཐོ་འགོད་པ་རྐྱང་རྐྱང་ནས་ཚེ་སྲོག་གི་གཏམ་རྒྱུད་འཚོལ་ཞིབ་བྱེད་པའི་ཕྱོགས་སུ་ཕྱིན།

2020ལོར་ཁྱབ་སྒྲོག་བྱས་པའི་འཛམ་གླིང་རི་སྐྱེས་སྐྱེ་དངོས་པར་ལེན་པའི་ལོ་འཁོར་འགྲན་སྡུར(WPY)སྟེང་། ལི་ཧྲན་ཡོན་གྱིས《ཨ་མས་མདུན་དུ་རྒྱུགས་ཤིག་ཅེས་གསུང་སྐབས》ཞེས་པའི་བརྩམས་ཆོས་ལ་འོ་འཐུང་རིགས་ཀྱི་སྲོག་ཆགས་བྱ་སྤྱོད་ཚན་ཆུང་གི་བྱ་དགའ་ཨང་དང་པོ་ཐོབ། བརྩམས་ཆོས་འདིས་ཁྲི་ལེ་ཁྱིམ་ཚང་གང་བོའི་ཉེན་ཁའི་གནས་སྐབས་གསོན་ཉམས་ལྡན་པའི་སྒོ་ནས་བཀོད་ཡོད་པ་སྟེ། བག་ཕེབས་ངང་ཁ་ཟས་འཚོལ་བའི་ཁྱིམ་མི་གང་བོ་གློ་བུར་དུ་རང་བྱུང་དགྲ་བོ་སྦྲེ་དང་འཕྲད། དོགས་ཟོན་ཆེ་བའི་ཨ་མས་བརྡ་བཏང་རྗེས། ཕྲུ་གུ་རྣམས་དེ་མ་ཐག་ཏུ་བྲོས་ཤིང་བསྐུངས།

མི་སེམས་སྒུལ་བའི་བར་སྐབས་དེ་ཡི་རྒྱབ་ཏུ་ལི་ཧྲན་ཡོན་གྱི་ལོ་ངོ་དྲུག་རིང་གི་འགྱུར་མེད་རེ་སྒུག་ཡོད།

2013ལོར། ལི་ཧྲན་ཡོན་ཐེངས་དང་པོར་ཁྲི་ལེ་ལ་འཕྲད་སྐབས། དེ་ཚོའི“སྙིང་རྗེ་གཏུམ་དྲག”གི་ཉམས་འགྱུར་གྱིས་ཡིད་སེམས་རབ་ཏུ་བཀུག “ལྟས་ངན་འདི་མ་གཞི་ནས་མཐོང་དཀོན་པོ་རེད། མཐོང་བའི་ཚེ་ན་ཧ་ཅང་དགའ་སྤྲོ་སྐྱེས། དེ་དག་པར་ཡག་པོ་ལེན་པའི་སེམས་ཐག་བཅད། ”དེ་ནས་བཟུང་། ཁོས་བློ་གཅིག་སེམས་གཅིག་གིས་པར་ལེན་ལག་རྩལ་སྦྱོང་བརྡར་བྱས་ཤིང་། ཁྲི་ལེའི་གོམས་གཤིས་ལ་མ་ལག་ལྡན་པའི་སྒོ་ནས་ལྟ་ཞིབ་དང་ཞིབ་འཇུག་བྱས། རྒྱུས་ལོན་ཇི་ལྟར་ཟབ་ན། རི་སྐྱེས་སྲོག་ཆགས་ལ་བཅངས་པའི་དགའ་ཞེན་དེ་ལྟར་ཇེ་དྲག་ཏུ་ཕྱིན།

2019ལོའི་ཟླ8པར། ལི་ཧྲན་ཡོན་གྱིས་ཁྲི་ལེའི་ཚང་གི་ཉེ་འདབས་སུ་ཉིན་བཞི་ལ་བསྒུགས་རྗེས། མཐའ་མཇུག་བྱ་དགའ་ཐོབ་པའི་པར་རྩ་ཆེན་དེ་ལེན་ཐུབ་སོང་།

ལི་ཧྲན་ཡོན་གྱིས་བལྟས་ན། ཐེངས་འདིའི་བྱ་དགའ་ནི་མི་སྒེར་གྱི་མཚན་སྙན་ཡིན་པར་མ་ཟད། དེ་བས་ཀྱང་མཚོ་སྔོན་གྱི་རི་སྐྱེས་སྲོག་ཆགས་ཀྱི་རྒྱལ་ཁ་རེད།

“ང་ཚོས་ཡར་སྔོན་དུ་དངོས་བཤུས་གློག་བརྙན《གངས་རིའི་འབོད་སྐུལ》ཕབ་སྐྲུན་བྱས་ཏེ། རི་སྐྱེས་སྲོག་ཆགས་རིགས54ཟིན་ཐོར་བཀོད་ཅིང་། གསའ་དང་ཁྲི་ལེ་སོགས་སྲོག་ཆགས་དག་གིས་གནས་འདིར་འཚོ་བ་རོལ་བཞིན་པའི་ངང་ཚུལ་ཀུན་ལ་བསྟན་པས། ཚུར་སྣང་དྲག་པོ་བྱུང་།”ལི་ཧྲན་ཡོན་གྱིས་ངོ་སྤྲོད་བྱས་དོན། “ང་ཚོས་དངོས་བཤུས་གློག་བརྙན་གསར་པ་ཞིག་འབེབས་བཞིན་ཡོད་ལ། འཁྱགས་ཀླུང་གི་ཟུར་སྣེ་ནས་མགོ་བརྩམས་ཡོད། སྲོག་ཆགས་དེ་ཉིད་ཟིན་ཐོར་འགོད་དགོས་པར་མ་ཟད། དེ་བས་ཀྱང་ཁོ་ཚོའི་འཚོ་གནས་ཁོར་ཡུག་ཟིན་ཐོར་འགོད་དགོས། སྲོག་ཆགས་དང་ཁོར་ཡུག སྲོག་ཆགས་དང་སྲོག་ཆགས་བར་གྱི་འཚོ་གནས་འབྲེལ་བ་བརྗོད་དེ། སྤྱི་དམངས་ལ་སྐྱེ་ཁམས་སྲུང་སྐྱོབ་དང་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་ཀྱི་གལ་ཆེན་རང་བཞིན་རྒྱུས་ལོན་ཟབ་མོ་བྱེད་དུ་འཇུག་རྒྱུ་ཡིན།”

དེང་སྐབས། ལས་འཁྱུར་ངལ་གསོ་བྱས་ཟིན་པའི་ལི་ཧྲན་ཡོན་གྱིས་སྟོབས་ཤུགས་ཡོངས་རྫོགས་རི་སྐྱེས་སྲོག་ཆགས་པར་ལེན་ལ་ཕུལ་ཡོད། རི་སྐྱེས་སྲོག་ཆགས་ཀྱི་རིགས་ཁྱུ་ཉིན་རེ་བཞིན་སྣ་མང་དུ་འཕེལ་བ་དང་། གསར་རྙེད་གསར་པས་ཁོར་རྒྱུན་ཆད་མེད་པར་སྤྲོ་སྣང་སློང་བཞིན་ཡོད། “ང་ཚོས་གནའ་བའི་གྲངས་འབོར་མངོན་གསལ་གྱིས་འཕར་བཞིན་པ་མཐོང་ཞིང་། དེ་ནི་གསའི་ཁ་ཟས་ཀྱི་འབྱུང་ཁུངས་གཙོ་བོ་ཡིན་པས། ཐེམ་ཆེན་དུ་གསའི་མཐོང་ཚད་ཇེ་མང་དུ་འགྲོ་བཞིན་འདུག སྐྱེ་ཁམས་སྦྲེལ་ཐག་སྟེང་གི་འགྱུར་ལྡོག་བཟང་པོ་དེ་ད་དུང་སྲོག་ཆགས་གང་དག་གི་ཐོག་ནས་མངོན་ཐུབ་བམ། དེ་ནི་རྗེས་ཕྱོགས་ང་ཚོས་འཚོལ་སྙེག་བྱ་རྒྱུ་དེ་ཡིན། ”ལི་ཧྲན་ཡོན་གྱི་སྐད་ཆའི་ཁྲོད། རང་བྱུང་གི་གསང་བ་རྟོགས་འདོད་ཀྱི་རེ་སྒུག་གིས་ཁེངས་ཡོད།

ཤ་བོ་རིན་མཚོས་རྩོམ་སྒྲིག་བྱས།