མདོ་ལ་རིང་མོ་རྒྱལ་ཁབ་སྤྱི་གླིང་གི་དབྱར་གཞུང་གཏམ་རྒྱུད་གླེང་བ།
2025.06.28 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 0


དབྱར་གཞུང་ལ་ང་ཚོ་མདོ་ལ་རིང་མོ་རྒྱལ་ཁབ་སྤྱི་གླིང་གི་འདེམས་སྒུག་ཁུལ་མཚོ་སྔོན་ཡུག་ཁུལ་དུ་སོང་བ་ཡིན། གནས་དེའི་རི་རྩེ་རེ་རེ་དང་། ཆུ་རྒྱུན་རེ་རེ། རྩི་ཤིང་རེ་རེ་བཅས་ཡོད་ཚད་ལ་ནང་དོན་ཟབ་མོ་ལྡན་ཞིང་། གཏམ་རྒྱུད་ཅན་གྱི་སྐྱེ་ཁམས་མཚོན་རྟགས་ཡིན་པས། དེ་དག་ཚང་མས་མཉམ་གཅིག་ཏུ་མཐོ་སྒང་གི་ཡུལ་གྲུ་འདིའི་ཚེ་སྲོག་གི་རི་མོ་གྲུབ་ཡོད།

ཡར་བལྟས་ན། གངས་རྩེ་བརྒྱད་ཀྱི་ཁ་བའི་དབུ་རྩེར་ཉི་འོད་རབ་ཏུ་འཕྲོས་ཡོད་ནའང་འཁྱག་སིབ་སིབ་ཀྱི་སྣང་བ་ཞིག་སྟེར། དེ་ལས་འཇམ་ཐིང་ངེར་ཞུ་བའི་ཆུ་ཐིགས་རེ་རེས་གངས་ལྗོངས་ཀྱི་ཆེས་དྭངས་གཙང་གི་མངགས་བཅོལ་བསྣམས་པའི་ཆུ་རྒྱུན་མང་པོ་མཉམ་དུ་འདྲེས་ཏེ་དྲག་ཏུ་རྒྱུག་པའི་ཆུ་བོར་གྱུར། གངས་རྩེ་བརྒྱད་ལས་ཤང་ཤང་འབབ་པའི་ཆུ་རྒྱུན་གྱིས་སུ་རུའི་ཆུ་དང་། བར་ལྡིང་ཆུ་བོའི་བརྗིད་ཉམས་བསྐྱེད་ཅིང་། སྨད་རྒྱུད་ཀྱི་ལྗང་གླིང་གིས་སྤྱི་ཆིང་ཁྲི་སྟོང་མང་པོར་བརླན་གཤེར་སྦྱིན། དེ་ནི་མདོ་ལ་རིང་མོ“ཀྲུང་ཧྭའི་ཆུ་མཛོད”དུ་གྱུར་པའི་དཔང་རྟགས་རེད།

མིག་གིས་ཕྱོགས་མཚམས་ཀུན་ཏུ་བལྟས་ན། ཐེམ་ཆེན་གོར་མའི་ནགས་ཚལ་གྱིས་བརྩེགས་རིམ་ཅན་གྱི་ས་དབྱིབས་ལ་བརྟེན་ནས་དུས་དང་བར་སྟོང་གཞན་ཞིག་གི་ངོ་མཚར་བརྗོད་ཀྱིན་ཡོད། ལོ་ངོ་དུང་ཕྱུར་མང་པོའི་ས་ཤུན་ཡར་འཕགས་པ་དང་། རླུང་བུ་དང་བ་མོ། ཆར་བ་དང་ཁ་བ་བཅས་རང་བྱུང་གི་ནམ་ཟླས་ཡང་ཡང་ཞུན་བརྡར་བྱས་པས་གོར་མའི་ནགས་ཚལ་གྲུབ།  བཟོ་ལྟ་འདྲ་མིན་སྣ་ཚོགས་ཀྱི་གོར་མའི་རི་བོ་དེ་དག་ནི་ས་གཞི་ཆེན་པོ་འགུལ་སྐྱོད་བྱས་རྗེས་གྲུབ་པའི་ལོ་རྒྱུས་སྙན་ངག་ལྟ་བུ་ཡིན་ལ། ས་གཤིས་འཕོ་འགྱུར་གྱི་ཆེས་ཐད་མཐོང་གི་དྲན་གསོའི་རྡོ་རིང་ཞིག་ཀྱང་རེད། གནའ་བའི་བདེ་ལྕག་འཁྱུག་པའི་གཟུགས་བརྙན་བྲག་གསེབ་ཏུ་མངོན་པས། སྲ་ཞིང་བརྟན་ལ་བརྗིད་ཉམས་ལྡན་པའི་གནས་དེ་ལ་འགྱུར་འགུལ་གྱི་སྣང་བརྙན་བསྐྲུན་ཡོད།

ཐང་མར་བརྡལ་བའི་མདོ་ལ་རྩྭ་ཐང་ནི་དབྱར་གཞུང་གི་སྐྱེ་སྟོབས་ཀྱི་དཔལ་འབར་བའི་ཚེ་སྲོག་གི་གཞས་དབྱངས་ཤིག་དང་འདྲ། སྔོ་ལྗང་གི་རྒྱ་མཚོ་དང་འདྲ་བར་མུ་མཐའ་བྲལ། འབྲོག་པའི་སྦྲ་གུར་ནི་པདྨ་དཀར་པོ་དང་འདྲ་བར་དེའི་དཀྱིལ་དུ་ཕྲ་རྒྱན་བཏབ་ཡོད་པ་དང་། ནོར་ལུག་གི་ཁྱུ་ཚོགས་ནི་འགུལ་བཞིན་པའི་ཆུ་འཛིན་དང་འདྲ་ལ། ཡངས་ཤིང་རྒྱ་ཆེ་བའི་སྔོ་ལྗང་གི་ས་གདན་དེ་ནི་འབྲོག་པའི་ཤེས་རིག་གི་ལོ་ངོ་སྟོང་ཕྲག་མང་པོའི་རིང་གི་གཞི་རྟེན་དང་། སྐྱེ་དངོས་གྲངས་མེད་ཀྱིས་མཉམ་སྤྱོད་བྱེད་པའི་ཁྱིམ་གཞིས་ཤིག་ཀྱང་རེད།

རྩྭ་ཐང་གི་ཟབ་ས་རུ་གནས་པའི་གཡང་ལུང་བརླན་ས་ནི་ས་གཞི་ཆེན་པོའི་འཇམ་མཉེན་གྱི་གློ་བ་དང་འདྲ། ཆུ་ཡི་དྲ་བ་ནི་མི་ལུས་ཀྱི་རྩ་ཕྲན་མང་པོ་དང་མཚུངས་ཤིང་། ན་འདམ་ལས་སྨུག་རླངས་འཕྱུར་བ་དང་། རབ་ཏུ་རྒྱས་པའི་ཆུ་བོ་དང་རྩྭ་གསེབ་ལས་ཉི་འོད་འཕྲོ་བཞིན་ཡོད། མཛེས་སྡུག་ལྡན་པའི་ཁྲུང་ཁྲུང་སྐེ་ནག་གིས་ཆུ་ཕྲན་འགྲམ་དུ་གོམ་འགྲོས་སྒྱུར་བཞིན་པ་ནི་ན་གཞུང་གི་ལྷ་མོ་དང་འདྲ།

མཚོ་སྔོན་གྱི་གསོམ་ཤིང་ནི་མཁའ་ལ་སྙེག་ཅིང་རྣམ་དག་གི་སོ་བ་ཞིག་དང་འདྲ། མདོ་ལའི་ཤུག་པ་འཁྲིལ་ནས་སྐྱེས་ཏེ་ལོ་ཟླ་གང་མང་གི་རྟགས་ཐམ་མངོན་ཡོད། ནགས་གསེབ་ཏུ་སྔོ་དྲེག་མཐུག་པོ་དང་རུལ་སྐྱེས་སྐྱེ་དངོས་ཀྱིས་ཁེབས་ཡོད་པས། གོམ་པ་རེ་རེ་ནི་དུས་ཚོད་ཀྱི་མཚོ་བལ་སྟེང་སྤོ་བ་དང་འདྲ། ཉི་འོད་ཀྱིས་སྟུག་ཅིང་འཛིངས་པའི་སྡོང་གསེབ་བརྟོལ་ནས། འོད་གཟུགས་སྣ་ཚོགས་འཕྲོ་བཞིན་ཡོད། ནགས་ཚལ་དེ་ནི་ཚེ་སྲོག་གྲངས་མེད་ཀྱི་འགེབས་སྲུང་བྱ་ཡུལ་ལྟ་བུ་ཞིག་ཡིན་པ་དང་། དེའི་ནང་མདོ་ལ་རིང་མོའི་ཆེས་གདོད་མ་དང་ཆེས་གཏིང་ཟབ་པའི་ཚེ་སྲོག་གི་གསང་གྲངས་འདུས་ཡོད།

དབྱར་གཞུང་གི་མདོ་ལ་རིང་མོའི་དབུས་ཁུལ་དུ་དངོས་པོ་ཡོད་ཚད་ལ་སྐྱེ་སྟོབས་ཀྱི་དཔལ་འབར་ཡོད། ང་ཚོས་མཐོང་བའི་རི་ཆུ་རེ་རེ་དང་། རྩི་ཤིང་རེ་རེ་ནི་ཁེར་རྐྱང་གི་ཡུལ་ལྗོངས་གཏན་ནས་མིན། གངས་རྩེ་བརྒྱད་ཀྱི་གངས་འཁྱགས་ནི་ཆུ་རྒྱུན་གྱི་འབྱུང་ཁུངས་ཡིན་པ་དང་། ཐེམ་ཆེན་གྱི་གོར་མའི་ནགས་ཚལ་ནི་དུས་ཚོད་ཀྱི་འཇིམ་བརྐོས་ཡིན། མདོ་ལ་རྩྭ་ཐང་ནི་ཚེ་སྲོག་གི་གནས་མལ་དྲོན་མོ་ཡིན། གཡང་ལུང་བརླན་ས་ནི་གློ་བ་དང་འདྲ་ཞིང་། གདོད་མའི་ནགས་ཚལ་ནི་གནའ་བོའི་ལྟ་སྲུང་ཡིན། དེ་དག་གིས་གཅིག་ལ་གཅིག་རྟེན་དང་གཅིག་རྒྱབ་གཅིག་སྐྱོར་གྱིས་མདོ་ལ་རིང་མོ་རྒྱལ་ཁབ་སྤྱི་གླིང་གི་འདེམས་སྒུག་ཁུལ་མཚོ་སྔོན་ཡུག་ཁུལ་གྱི་རི་ཆུ་ནགས་ཞིང་མཚེའུ་རྩྭ་ཐང་བྱེ་ས་འཁྱགས་ཀླུང་བཅས་ཀྱི་སྐྱེ་ཁམས་གཏམ་རྒྱུད་མཉམ་དུ་འཆད་བཞིན་ཡོད། 

ཤ་བོ་རིན་མཚོས་རྩོམ་སྒྲིག་བྱས།