

གཙང་གསུམ་འབྱུང་ཡུལ་གྱི་ལྟེ་བ།
རྒྱལ་ཁབ་སྤྱི་གླིང་འཛུགས་པ་ནི། ཏང་ཀྲུང་དབྱང་གིས་ཀྲུང་ཧྭ་མི་རིགས་རྒྱུན་མཐུད་འཕེལ་རྒྱས་ཀྱི་མཐོ་ཚད་དུ་ལངས་ནས་བཏོན་པའི་འཐབ་ཇུས་ཇུས་ཆོད་གལ་ཆེན་ཞིག་ཡིན་ལ། སྐྱེ་ཁམས་དཔལ་ཡོན་སྒྲིག་སྲོལ་བཅོས་བསྒྱུར་གྱི་ལམ་ལུགས་གསར་གཏོད་གལ་ཆེན་ཞིག་ཀྱང་རེད།
རྒྱལ་ཡོངས་ཀྱི་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟའི་ཞིང་ཆེན་དང་པོ་ནས་རྒྱལ་ཁབ་སྤྱི་གླིང་དངོས་སུ་འཛུགས་མཁན་སྐོར་ཁག་དང་པོའི་བར་དང་། དེ་ནས་རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་དང་པོ་འཛུགས་སྐྲུན་བྱེད་པའི་བར་དུ་མཚོ་སྔོན་ཐོག་མཐའ་བར་གསུམ་དུ་བློ་བརྟན་འགྱུར་མེད་ངང་མདུན་སྐྱོད་བྱས་ནས། རྒྱལ་ཁབ་སྤྱི་གླིང་བྱེད་པོ་ཡིན་པའི་རང་བྱུང་སྲུང་སྐྱོབ་ས་ཆའི་མ་ལག་འཛུགས་སྐྲུན་བྱེད་པར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ཡོད།
ད་སྐབས་གྲུབ་འབྲས་གསལ་པོར་མངོན་ཡོད་དེ། རྨ་འབྲི་རྫ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་སྤུས་ཚད་མཐོ་བའི་འཛུགས་སྐྲུན་གྱི་དུས་མཚམས་གསར་པའི་ཕྱོགས་སུ་བསྐྱོད་པ་དང་། མདོ་ལ་རིང་མོ་རྒྱལ་ཁབ་སྤྱི་གླིང་གི་གླིང་ཁུལ་འཛུགས་རྒྱུའི་ཆ་རྐྱེན་ཡོངས་སུ་ཚང་ལ། མཚོ་སྔོན་པོ་རྒྱལ་ཁབ་སྤྱི་གླིང་འཛུགས་རྒྱུར་ཆུ་ཚད་མཐོ་བའི་སྒོ་ནས་སྐུལ་འདེད་བཏང་ཡོད། རྒྱལ་ཁབ་སྤྱི་གླིང་གི་རྒྱ་ཁྱོན་གྱིས་ཞིང་ཆེན་ཡོངས་ཀྱི་རང་བྱུང་སྲུང་སྐྱོབ་ས་ཆའི་སྤྱིའི་རྒྱ་ཁྱོན་གྱི75%ཟིན་པ་དང་།རྒྱལ་ཁབ་སྤྱི་གླིང་བྱེད་པོ་ཡིན་པའི་རང་བྱུང་སྲུང་སྐྱོབ་ས་ཆའི་མ་ལག་གཞི་རྩའི་ཆ་ནས་གྲུབ་པས། མཚོ་སྔོན་གྱི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་དེ་མུ་མཐུད་དུ་རྒྱལ་ཡོངས་ཀྱི་མདུན་གྲས་སུ་སྐྱོད་ཀྱིན་ཡོད།
གྲུབ་འབྲས་ནི་རི་ཆུའི་བར་གསེང་དུ་མངོན་ཡོད་དེ། མདོ་ལ་རིང་མོ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟ་བྱས་པའི་ཚུན་དུ། མཚོ་སྔོན་ཡུག་ཁུལ་གྱི་སྔོ་ཁེབས་རྒྱ་ཁྱོན་སྤྱི་ཆིང་སྟོང་དགུ་དང་བདུན་བརྒྱ་ཇེ་མང་དུ་ཕྱིན་པ་དང་། སྔོ་ཁེབས་ཚད་ཆ་སྙོམས་ཀྱིས1.45%ཇེ་མཐོར་ཕྱིན་ལ། སྐྱེ་ཁམས་སྤུས་ཚད15.27%ཇེ་མཐོར་ཕྱིན་པ་དང་། ཉམས་ཞན་རྩྭ་ཐང60.17%སླར་གསོ་ནུས་ལྡན་བྱུང་ཞིང་། ཆུ་ཁུངས་གསོ་གསོག་ནུས་པ་དང་བཞུར་ཚད་མངོན་གསལ་སྒོས་ཆེ་རུ་ཕྱིན་ཡོད།
མཐོ་སྒང་གི་མཉམ་གནས་ཀྱི་ལེའུ་གསར་པ།
ད་ལྟའི་མཚོ་སྔོན་དུ། མི་དང་རི་སྐྱེས་སྲོག་ཆགས་བར་གྱི་འབྲེལ་ཐག་ཇེ་ཉེ་རུ་འགྲོ་བཞིན་ཡོད་དེ། ནོར་ཁང་ངང་ལུག་རར་གསའ་འཛུལ་བར་རོགས་སྐྱོབ་ཐོབ་པ་དང་།“གངས་རིའི་སྒོམ་ཆེན”ཡང་ཡང་མངོན་པ། རྫ་ཁའི་འབྲོང་དང་འབྲོག་པའི་ནོར་ཁྱུ་མཉམ་དུ་འདྲེས་པ། དགོ་སྐྱ་དང་རྐྱང་གིས་འབྲོག་པའི་ནོར་ལུག་དང་མཉམ་དུ་རྩྭ་ས་མཉམ་སྤྱོད་བྱེད་པ་སོགས་བལྟས་ཚོད་ཀྱིས་ཅི་བྱ་ཆ་མི་འཚལ་བའི་སྟེས་དབང་གི་འཕྲད་པ་དེ་དག་ནི་ཏག་ཏག་མཐོ་སྒང་གི་སྐྱེ་ཁམས་ཇེ་ལེགས་སུ་འགྲོ་བའི་བདེན་དཔང་རེད།
འཆམ་མཐུན་དེ་ནི་མི་དང་རང་བྱུང་ཕན་ཚུན་རམ་འདེགས་ལས་བྱུང་བ་རེད། རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱེད་པ་ནི་སྟབས་བདེའི་སྒོ་ནས་མིའི་འཚོ་སྡོད་ཁུལ་དེ་རང་བྱུང་གི་ཕྱི་རོལ་ཏུ་ལོགས་སུ་བཀར་བ་མ་ཡིན་པར། རྒྱུན་སྐྱོང་ཐུབ་པའི་མཉམ་གནས་ཀྱི་ལམ་ཞིག་འཚོལ་ཞིབ་བྱས་པ་རེད་ལ། མི་རབས་ནས་མི་རབས་བར་མཐོ་སྒང་དུ་འཚོ་བ་རོལ་བཞིན་པའི་འབྲོག་པ་རྣམས་ལ་ད་སྐབས་སྐྱེ་ཁམས་བདག་སྐྱོང་པ་ཞེས་པའི་ཐོབ་ཐང་གསར་པ་ཞིག་བསྩལ་ཡོད།
2024ལོའི་ཟླ10པར།《རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་རང་བྱུང་སློབ་གསོའི་མུ་འབྲེལ་དཔེ་ཚོགས》པར་དུ་བསྐྲུན་པ་དེ་ནི། རང་རྒྱལ་གྱི་རྒྱལ་ཁབ་སྤྱི་གླིང་བརྗོད་དོན་ཡིན་པའི་རང་བྱུང་སློབ་གསོའི་དཔེ་དེབ་ཚོགས་དང་པོ་རེད། དཔེ་ཚོགས་པར་སྐྲུན་བྱས་པ་དེས་སྤྱི་ཚོགས་སྤྱི་དམངས་ཀྱིས་རྒྱལ་ཁབ་སྤྱི་གླིང་གི་ཡིད་དབང་འཕྲོག་ཤུགས་ཤེས་རྟོགས་གཏིང་ཟབ་དང་། རྒྱལ་ཁབ་སྤྱི་གླིང་གི་འདུ་ཤེས་འཛུགས་པ། སྐྱེ་ཁམས་སྲུང་སྐྱོབ་ཀྱི་ལག་ལེན་ནང་ཞུགས་པ་བཅས་ལ་ཐབས་ལམ་གསར་པ་བཏོད་ཡོད།
རྒྱལ་ཁབ་སྤྱི་གླིང་དང་རང་བྱུང་སྲུང་སྐྱོབ་ཁུལ་ནི་མ་གཞི་ནས་གསོན་ཉམས་ཆེ་ཤོས་ཀྱི་རང་བྱུང་སློབ་ཚན་ཞིག་རེད།
མཚོ་སྔོན་གྱི་འཚོལ་ཞིབ་ཀྱིས་ར་སྤྲོད་བྱས་པ་ལྟར་ན། མཐོ་སྒང་གི་སྲོག་ཆགས་དང་རྩི་ཤིང་། སྔོ་ལྗང་རི་ཆུ་བཅས་ལ་ལྟ་སྲུང་ཡག་པོ་བྱ་རྒྱུ་ནི། ས་གནས་དེ་གའི་འགན་འཁྲི་ཡིན་པར་མ་ཟད། ཀྲུང་ཧྭ་མི་རིགས་ཡུན་རིང་འཕེལ་རྒྱས་དང་སའི་གོ་ལའི་ཚེ་སྲོག་གཅིག་མཐུན་ཚོགས་པ་མཉམ་དུ་འཛུགས་སྐྲུན་བྱེད་པའི་འགན་འཁྲི་བླ་མེད་ཅིག་ཀྱང་རེད།
སྔོ་ལྗང་རི་ཆུས་མང་ཚོགས་ཕྱུག་པོར་བསྒྱུར།
སྐྱེ་ཁམས་བཟང་པོ་ནི་ཆེས་ཡོངས་ཁྱབ་ཀྱི་དམངས་འཚོའི་བདེ་སྐྱིད་ཡིན་པར་མ་ཟད། རོང་འབྲོག་པའི་ལག་གི“གསེར་རི་དངུལ་རི”ཡི་འཛད་མེད་འབྱུང་ཁུངས་ཤིག་དེ་བས་ཀྱང་རེད།
ད་ལོ་ནི“རི་གཉིས་སྨྲ་བ”བཏོན་ནས་ལོ་ངོ་ཉི་ཤུ་འགོར་བའི་ལོ་རེད། ལོ་ངོ་ཉི་ཤུའི་རིང་གི་དུས་ཚོད་བརྒྱུད་དེ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་ནས་མདོ་ལ་རིང་མོའི་འདབས་རོལ་དང་། མཚོ་སྔོན་པོའི་འགྲམ་རྒྱུད་ནས་ཚྭ་འདམ་གཞོང་སའི་བར་ང་ཚོའི་མིག་ལམ་དུ་མངོན་པ་ནི་སྐྱེ་ཁམས་ཇེ་ལེགས་སུ་འགྲོ་བ་དང་། སྔོ་ལྗང་རི་བོ་རྟག་ཏུ་གནས་པ། ཆུ་བོ་དྭངས་མོ་རྒྱུན་ཆད་མེད་པར་བཞུར་པ་བཅས་ཀྱི་ཡིད་དབང་འཕྲོག་པའི་རི་མོ་ཞིག་རེད། མྱ་ངམ་ཐང་དང་བྱེ་འགྱུར་ཅན་གྱི་ས་ཆའི་རྒྱ་ཁྱོན་མུ་མཐུད་དུ“སྙུངས་གཉིས”ཀྱི་ཕྱོགས་སུ་འགྲོ་བ་དང་།འབྲི་ཆུ་དང་རྨ་ཆུའི་གཞུང་རྒྱུན་དང་རྫ་ཆུ་ཞིང་ཆེན་ཕྱི་ལ་བཞུར་སའི་ཆུའི་སྤུས་ཚད་རིགསⅡདང་དེའི་ཡན་དུ་བརྟན་པོར་གནས་པ།“ཚེ་སྲོག་བྱ་ཚང”གི་ལག་ལེན་དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐྱེ་དངོས་སྣ་མང་རང་བཞིན་གྱི་ཚོགས་ཆེན་ཐོག་འོད་དུ་འཚེར་བ། ཟི་ལིང་དུ་འཚོ་བའི་གད་སྙིགས“ས་སྦས་མེད་པ”མངོན་འགྱུར་བྱུང་བ། ཀན་སུའུ་དང་མཚོ་སྔོན་ཞིང་ཆེན་གཉིས་ཀྱིས་རྨ་ཆུའི་འབབ་རྒྱུད་ཀྱི་འཕྲེད་ཕྱོགས་སྐྱེ་ཁམས་ཁ་གསབ་གྲོས་མཐུན་ལ་ཐེངས་དང་པོར་མིང་རྟགས་བཀོད་པ་བཅས་ཀྱི་གྲུབ་འབྲས་རྨད་དུ་བྱུང་བ་བླངས་ཡོད།
སྔོ་ལྗང་རི་ཆུར་ལྟ་སྲུང་བྱས་ན། གསེར་རི་དང་དངུལ་རི་ཐོབ་ཐུབ། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་རྨ་ཆུ་ཡུལ་ཚོ་ཝ་གཞུང་སྡེ་བའི་འབྲོག་པ་གནམ་འབྲུག་ལ་དེའི་ཐད་ཀྱི་མྱོང་ཚོར་ཟབ་མོ་ཡོད། “སྔོན་ཆད་ཁྱིམ་ཚང་ལ་ནོར་ལུག་མེད་པས། རྩྭ་ས་ཅུང་ཙམ་ཡོད་པ་དེ་མཉམ་ལས་ཁང་ལ་སྤྲད་ནས་ལོ་རེར་སྒོར2000ཀྱི་ཁེ་སྤོགས་བླངས་པ་ཡིན་ཞིང་། ཞོར་ལས་ལ་བརྟེན་ནས་འཚོ་བ་རོལ།”ད་ལྟ་ཁོ་ནི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་རྨ་ཆུའི་གླིང་ཁུལ་གྱི་སྐྱེ་ཁམས་བདག་སྐྱོང་པ་ཞིག་རེད། ཕྱིར་རྩྭ་ཐང་དུ་ལོག་རྗེས། ཁོའི་སེམས་བག་ཕེབས་སུ་གནས་པར་མ་ཟད། ཡོང་འབབ་བརྟན་པོ་ཡོད། རྒྱལ་ཁབ་སྤྱི་གླིང་གི“ཁྱིམ་ཚང་གཅིག་ལ་ལས་གནས་གཅིག”གི་སྲིད་ཇུས་ཀྱི་འགན་སྲུང་འོག་ཏུ། གནམ་འབྲུག་དང་འདྲ་བའི་སྐྱེ་ཁམས་བདག་སྐྱོང་པ་འབུམ་གཅིག་དང་ཁྲི་བདུན་རྨ་འབྲི་རྫ་གསུམ་འབྱུང་ཡུལ་དུ་རྐང་ཚུགས་ཏེ་སྔོ་ལྗང་རི་ཆུ་སྲུང་བའི་འཐབ་མོ་པ་ལྷག་བསམ་ཅན་རེ་རེར་གྱུར་ཡོད་ལ། ཡོང་འཕར་ཕྱུག་འགྱུར་གྱི་ལྡེ་མིག་ཀྱང་དམ་པོར་བཟུང་ཡོད།
“ཀྲུང་གོའི་མཚོ་མོ་མཛེས་ཤོས”ཀྱི་མཚན་སྙན་ལྡན་པའི་མཚོ་སྔོན་པོ་ནི་རྒྱལ་ཁབ་སྤྱི་གླིང་གསར་འཛུགས་དང་སྐྱེ་ཁམས་ཡུལ་སྐོར་དཔེ་སྟོན་ཁུལ་འཛུགས་སྐྲུན་གྱི་འགག་རྩའི་འབྲེལ་མཚམས་སུ་གནས་ཡོད། མཚོ་སྔོན་པོས་སྐྱེ་ཁམས་ཐོན་ལས་ཅན་དང་ཐོན་ལས་སྐྱེ་ཁམས་ཅན་དུ་འགྱུར་བའི་བགྲོད་ལམ་ཐོག་མདུན་སྐྱོད་འཚོལ་ཞིབ་བྱས་ནས་སྐྱེ་ཁམས་རིན་ཐང་ཆེ་ཤོས་ཡོང་བར་བརྩོན་ལེན་བྱས་ཏེ། རི་ཆུ་ལ་སྔར་ལས“མཛེས་སྡུག”མངོན་པ་དང་། འཕེལ་རྒྱས་ལ་སྔར་ལས“རིན་ཐང”མངོན་པ། ཡུལ་སྐོར་ཐོན་རྫས་ཀྱི“རིན་ཐང་འཕར་བ”བཅས་མངོན་འགྱུར་བྱུང་ཡོད།
ད་ལྟའི་མཚོ་སྔོན་གྱི་ལྗང་མདོག་གསར་པ་རེ་རེ་དང་ཆུ་བོ་རེ་རེ་ཡིས་སྔོ་ལྗང་རི་ཆུ་བསྲུང་ཐུབ་ན་བདེ་སྐྱིད་ཀྱི་འབྱུང་ཁུངས་དང་རེ་བ་སྲུང་བཞིན་པའི་བབ་ཆགས་ཀྱི་གནས་ལུགས་ཤིག་རྗོད་ཀྱིན་ཡོད།
ཤ་བོ་རིན་མཚོས་རྩོམ་སྒྲིག་བྱས།