གསའ་ཡི་ཕ་སའི་སྐྱེ་ཁམས་འགྱུར་ལྡོག་གི་མཛེས་པ། 
2025.08.28 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

图片

 རྣམ་སྲས་གྲོག་རོང་ཆེན་མོའི་སྐྱེ་ཁམས་ཁོར་ཡུག་ཇེ་ལེགས་སུ་ཕྱིན།

图片

 སྐྱེ་ཁམས་ལྟ་སྲུང་པས་དམར་ཕྱིའི་འོད་ཀྱི་པར་ཆས་བེད་སྤྱོད་བྱེད་ཐབས་སློབ་བཞིན་པའི་རྣམ་པ།

图片

 དམར་ཕྱིའི་འོད་ཀྱི་པར་ཆས་ཀྱིས་བླངས་པའི་གསའ།

ཉེ་ལམ། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་རྫ་སྟོད་རྫོང་རྣམ་སྲས་གྲོག་རོང་ཆེན་མོར། མཚོ་འཕང་སྨི་བཞི་སྟོང་སུམ་བརྒྱའི་མཐོ་སྒང་གི་རླུང་བུ་བསིལ་མོ་ཞིག་གིས་སྔོ་རྩྭ་དང་ས་འདམ་གྱི་དྲི་ངད་བསྣམས་ནས། མཐོ་སྒང་གི་སྤང་སར་བྱིལ་བྱིལ་བྱེད་བཞིན་རྒྱང་ལ་བཞུད།

རྣམ་སྲས་ཡུལ་ཚོའི་ཏང་ཨུའི་ཧྲུའུ་ཅི་ཚེ་དབང་རྡོ་རྗེ་གྲོག་རོང་གི་ཟབ་སར་ལངས་ནས་ཁ་པར་གྱིས་བརྙན་ལེན་རྩིས་བྱེད་སྐབས། ཁོའི་འགྲམ་གྱི་སྐྱེ་ཁམས་དོ་སྲུང་པ་ཀརྨ་བསྟན་འཛིན་དང་བསྟན་འཛིན་འབྱུང་གནས་གཉིས་ཀྱིས་བྱང་ཆ་ཡོད་པའི་སྒོ་ནས་དམར་ཕྱིའི་འོད་ཅན་གྱི་པར་ཆས་ཀྱི་གསོག་འཇོག་བྱང་བུར་ཞིབ་ལྟ་བྱེད་ཀྱིན་མཆིས་ཤིང་། ཉིན་འགའི་སྔོན་ལ་བྲག་རྡོའི་འགྲམ་དུ་དྲང་མོར་བཞག་ཡོད་པའི་སྒྲིག་ཆས་འདིར་བརྟེན་ནས། གསའ་དར་མ་ཞིག་གིས་གསའ་ཕྲུག་ཅིག་ཁྲིད་དེ་ནགས་གསེང་བརྒྱུད་བཞིན་པའི་འདྲ་རིས་ལེགས་པོ་ཞིག་བརྙན་དུ་ཕབ་པ་རེད།

ཚེ་དབང་རྡོ་རྗེ་ཡིས་འདི་ནི་ང་ཚོའི་རྣམ་སྲས་ཡུལ་ཚོའི་སྐྱེ་ཁམས་ཀྱི་གཅེས་ནོར་ཡིན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ང་ཚོར་སྲུང་སྐྱོབ་བྱེད་པར་མངགས་བཅོལ་བྱས་པའི་ཀྲུང་ཧྭའི་ཆུ་མཛོད་ཀྱི་ཆེས་གསོན་ཉམས་ལྡན་པའི་ཡུལ་ལྗོངས་ཤིག་ཀྱང་ཡིན་ཞེས་ཟེར། ཁོས་སྐད་ཆ་དེ་ལས་ས་གཞི་འདིར་བཅངས་པའི་བརྩེ་བ་དང་ང་རྒྱལ་མཚོན་འདུག

ཕྱིར་དྲན་ཞིག་བྱས་ན། 2016ལོའི་ཟླ8པའི་ཚེས23ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་ལྟེ་གནས་ཀྱི་རྒྱང་བསྟེན་བརྙན་རིས་བརྒྱུད་དེ། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་རྫ་སྟོད་རྫོང་རྣམ་སྲས་ཡུལ་ཚོའི་རྫ་ཆུའི་གྲོག་རོང་ཆེན་མོའི་ལྟ་ཞིབ་ཚད་ལེན་ས་ཚིགས་ཀྱི་གཞི་རིམ་ལས་བྱེད་མི་སྣ་དང་དོ་སྲུང་བར་བརྗེ་རེས་གནང་ཞིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ནན་མོ་དེ་ད་བར་དུ་རྣམ་སྲས་ཡུལ་ཚོའི་རིགས་སོ་སོའི་ལས་བྱེད་མང་ཚོགས་ཀྱི་སེམས་གཏིང་དུ་སིམ་འདུག  ཀྲུང་ཧྭའི་ཆུ་མཛོད་ལ་སྲུང་སྐྱོབ་ལེགས་པོ་བྱེད་པ་དང་། སྐྱེ་ཁམས་ཀྱི་གནས་བབ་ལ་རྒྱུས་ལོན་གསལ་བོར་བྱེད་པ།  རི་སྐྱེས་སྲོག་ཆགས་ལ་སྲུང་སྐྱོང་བཟང་པོ་བྱེད་པ་བཅས་རྣམ་སྲས་ཡུལ་ཚོས་སྐྱེ་ཁམས་སྲུང་སྐྱོབ་ལ་སྐུལ་འདེད་གཏོང་བའི་ཕྱོགས་སྟོན་འཁོར་ལོ་ལྟ་བུར་གྱུར་ཡོད།

ཚེ་དབང་རྡོ་རྗེ་ཡིས་བཤད་རྒྱུར། ཉེ་བའི་ལོ་འགའི་རིང་ལ། ང་ཚོས་མཚོ་སྔོན་གྱི་ཆེས་ཆེ་བ་གསུམ་གྱི་ཞིང་ཆེན་གྱི་ངེས་གནས་ལ་དམ་པོར་དམིགས་ཏེ། རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་དེ་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ལག་ལེན་རེ་རེའི་ཁྲོད་འདྲེས་པར་བྱས་ནས། སྐྱེ་ཁམས་བཟང་ཕྱོགས་སུ་འཕེལ་བ་དང་མང་ཚོགས་ཀྱི་ཡོང་འབབ་འཕར་བའི་རྒྱུགས་ལེན་བཟང་པོ་ཞིག་སྤྲད་ཡོད་ཟེར།

སྔོན་ཆད་ཕྱུགས་འཚོས་ནས་ཡོང་སྒོ་འཚོལ་དགོས་པ་དང་།  ད་ལྟ་སྐྱེ་ཁམས་དོ་སྲུང་པ་བྱས་ཚེ།   རྩྭ་ཐང་ལ་སྲུང་སྐྱོབ་བྱེད་ཐུབ་པར་མ་ཟད།    གཏན་འཇགས་ཀྱི་ཡོང་སྒོའང་ཡོད་པས།   འཚོ་བ་སྔར་ལས་ཇེ་སྐྱིད་ནས་ཇེ་སྐྱིད་རེད་ཅེས་ཀརྨ་བསྟན་འཛིན་གྱིས་ཁ་པར་ནང་གི་ཟླ་ཕོགས་ཀྱི་སྡོམ་འབོར་བསྟན་དུས།   ལོ་གཅིག་གི་ཡོང་འབབ་སྒོར་ཁྲི་གཉིས་དང་སྟོང་གཅིག་དྲུག་བརྒྱ་དེ་ཧ་ཅང་གསལ་བོར་མཐོང་ཐུབ།

རྣམ་སྲས་ཡུལ་ཚོར་བསྡོམས་པས་ཁོ་ལྟ་བུའི་སྐྱེ་ཁམས་དོ་སྲུང་པ་སྟོང་གཅིག་དང་ལྔ་བརྒྱ་བཅུ་དྲུག་ཡོད་པ་དང་།   རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་རྫ་ཆུའི་གླིང་ཁུལ་དུ།  སྐྱེ་ཁམས་དོ་སྲུང་པའི་སྤྱི་ཕན་རང་བཞིན་གྱི་ལས་གནས་སྟོང་བདུན་དང་བདུན་བརྒྱ་ང་གཉིས་དོན་འཁྱོལ་བྱས་ནས།   ཁྱིམ་ཐོ་ཡོད་པའི་འབྲོག་ཁྱིམ་གྱི་ཁྱིམ་ཚང་གཅིག་ལ་ལས་གནས་གཅིག་ཡོད་པ་མངོན་འགྱུར་བྱས།   བྱེད་ཐབས་དེས་འབྲོག་པ་མང་ཚོགས་རྣམས་རྩྭ་ཐང་བེད་སྤྱོད་བྱེད་མཁན་ནས་སྐྱེ་ཁམས་སྲུང་སྐྱོབ་མཁན་དུ་གྱུར་བ་དང་།    མི་རེ་རེ་སྲུང་སྐྱོབ་ནང་ཞུགས་པ་དང་མི་རེ་རེས་གྲུབ་འབྲས་ལོངས་སྤྱོད་བྱེད་པའི་སྐྱེ་ཁམས་སྲུང་སྐྱོབ་བྱེད་པའི་རྣམ་པ་གསར་པ་བཏོད་ཡོད།

སྐྱེ་ཁམས་དོ་སྲུང་པ་རྣམས་ཀྱིས་རང་གི་རྐང་པ་གཉིས་ལ་བརྟེན་ནས།  རྣམ་སྲས་ཡུལ་ཚོའི་ས་གཞི་གོམ་པས་འཇལ་ཞིང་།  གཏན་འཇགས་ཀྱི་ཡོང་སྒོ་ནི་སྐྱེ་ཁམས་སླར་གསོ་བྱེད་པའི་སྟོབས་དང་ལྡན་པའི་སྒུལ་ཤུགས་སུ་གྱུར་ཡོད།      2016ལོའི་ཚུན་ལ།   རྫ་ཆུའི་གླིང་ཁུལ་དོ་དམ་ཨུ་ཡོན་ལྷན་ཁང་གིས་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར་གསུམ་དང་བྱེ་བ་ལྔ་བཏང་ནས་ས་ནག་ཐང་བཅོས་སྐྱོང་དང་བརླན་ས་སྲུང་སྐྱོབ།   རྩྭ་ཐང་དང་ནགས་ཚལ་གྱི་གནོད་ལྡན་སྐྱེ་དངོས་སྔོན་འགོག་སོགས་སྐྱེ་ཁམས་སྲུང་སྐྱོབ་སླར་གསོ་ལས་གཞིར་གཅིག་གྱུར་འཆར་འགོད་དང་ལག་བསྟར་བྱས།   རྣམ་སྲས་ཡུལ་ཚོ་གནས་མདོ་སྡེ་བའི་ས་ནག་ཐང་བཅོས་སྐྱོང་ཡུལ་དངོས་སུ།  སྔོན་ཆད་བྱེ་མར་འགྱུར་བཞིན་པའི་ས་གཞི་ད་ལྟ་ལྗང་མདོག་ཏུ་གྱུར་ཡོད་ལ།   མིས་བཟོས་བུལ་རྩྭ་དང་གདོད་མའི་སྤང་ཐང་གཉིས་མཉམ་དུ་འདྲེས་ཏེ་སྐྱེ་སྟོབས་ཀྱི་དཔལ་འབར་བའི་ལྗོངས་རྣམ་ཞིག་ཏུ་གྱུར་ཡོད།

བསྟན་འཛིན་འབྱུང་གནས་ཀྱིས་བཅོས་སྐྱོང་བྱས་རྗེས་ཀྱི་ཁུལ་ཁོངས་བསྟན་ནས་བཤད་རྒྱུར།   སྔོན་ཆད་གནས་འདི་རུ་ནོར་ལུག་ཀྱང་ཡོང་མི་འདོད།  ད་ལྟ་གནས་འདིར་རྩྭ་རིང་བོ་སྐྱེས་ཡོད་ལ།   གནའ་བ་དང་ཤ་སྐྱ་མང་པོ་ཡང་རྒྱུན་དུ་གནས་འདིར་ཡོང་ནས་རྩྭ་ཟ་བཞིན་ཡོད་ཟེར།

གཞི་གྲངས་ནི་སྐྱེ་ཁམས་ཇེ་བཟང་དུ་འགྲོ་བའི་ཆེས་ནུས་ཡོད་ཀྱི་བདེན་དཔང་ཞིག་ཡིན།    ལྟ་ཞིབ་ཚད་ལེན་ལས་མངོན་པ་ལྟར་ན།    རྫ་ཆུའི་གླིང་ཁུལ་གྱི་རྩྭ་ཐང་གི་སྔོ་ཁེབས་ཚད་དེ2016ལོའི་བརྒྱ་ཆའི་རེ་དགུ་དང་གྲངས་ཆུང་བརྒྱད་ལྔ་ནས་བརྒྱ་ཆའི་དོན་གཅིག་དང་གྲངས་ཆུང་གསུམ་ལྔར་མཐོར་འདེགས་བྱུང་སྟེ།    བསྟུད་མར་ལོ་བདུན་གྱི་རིང་ལ་ཡུས་ཧྲུའུ་ཁུལ་གྱི་ཨང་དང་པོ་དང་མཚོ་སྔོན་ཞིང་ཆེན་གྱི་མདུན་གྲལ་དུ་སླེབས་ཡོད་པ་དང་།    ས་ཆུ་ཤོར་བ་དང་ས་ཞིང་བྱེ་ཐང་དུ་འགྱུར་བར་ནུས་ཡོད་སྒོས་ཚོད་འཛིན་བྱས་ནས།    རྫ་ཆུའི་འགོ་ཁུངས་ཀྱི་ཆུ་ཁུངས་སྲུང་སྐྱོབ་ནུས་པ་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་ཕྱིན།

ཚེ་རིང་རྡོ་རྗེ་ཡིས“གནས་འདི་ནི་རྫ་ཆུའི་མགོ་ཁུངས་ཡིན་པར་མ་ཟད།  འབྲུ་ཆུའི་ལྷོ་ཕྱོགས་ཀྱི་འབྱུང་ཁུངས་ཀྱང་ཡིན་པས་ཆུ་མགོའི་སྐྱེ་ཁམས་ལ་སྲུང་སྐྱོབ་བྱེད་པ་ནི་རྒྱལ་ཡོངས་ཀྱི་ཆུ་མཛོད་ལ་སྲུང་སྐྱོབ་བྱས་པ་ཡིན”ཟེར།

སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ངང་ལེགས་བསྒྱུར་བྱས་ཏེ།  རི་སྐྱེས་སྲོགས་ཆགས་ལ་འཚོ་གནས་ཀྱི་ཁྱིམ་གཞི་བསྐྲུན་དགོས།  གནམ་སྲས་གྲོག་རོང་དུ།  དམར་ཕྱིའི་འོད་ཀྱི་པར་ཆས98ཀྱིས་སྤྱི་ལེ་གྲུ་བཞི་མ་ཉིས་སྟོང་ལྷག་ཡོངས་སུ་ཁེབས་པར་བྱས་ཏེ།  གནས་འདིའི་སྐྱེ་དངོས་སྣ་མང་གི་ངོ་མཚར་རང་བཞིན་ཟིན་ཐོར་འགོད་བཞིན་ཡོད།  2014ལོ་ནས་བཟུང་།  གནས་མདོ་སྡེ་བས་ཐོག་མར་དམར་ཕྱིའི་འོད་ཀྱི་པར་ཆས་ཀྱིས་གསའ་ལ་ལྟ་ཞིབ་ཚད་ལེན་བྱས་པ་དང་།  2017ལོར་ཐོན་དུས་ཡུལ་ཚོའི་ས་ཁོངས་ཡོངས་སུ་ཁེབས་པར་བྱས་ཡོད།  ད་ལྟ་དམར་ཕྱིའི་འོད་ཀྱི་པར་ཆས100ལྷག་གིས་ནམ་རྒྱུན་བརྙན་ལེན་བཞིན་ཡོད་ལ།  ལོ་བརྒྱད་ལྷག་གི་རིང་རྒྱུན་འཁྱོངས་བྱས་པར་ཕུན་སུམ་ཚོགས་པའི་གྲུབ་འབྲས་ཐོབ་ཡོད།

ཚེ་དབང་རྡོ་རྗེ་ཡིས་ང་རྒྱལ་ཆེན་པོས་བཤད་རྒྱུར།  “དམར་ཕྱིའི་འོད་ཀྱི་པར་ཆས་ཀྱིས་ཁྱོན་བསྡོམས་ཉི་མ་ཁྲི་དྲུག་ལྷག་གི་རིང་བརྙན་བླངས་ཡོད་པ་དང་།  གཅན་གཟན་གསའི་བརྙན་རིས་བཟུང་བའི་ཐེངས་གྲངས་ཆིག་སྟོང་ལྔ་བརྒྱ་ལྷག་དང་།  གཅན་གཟན་གཟིག་གི་བརྙན་རིས་བཟུང་བའི་ཐེངས་གྲངས་ཉིས་བརྒྱ་ལྔ་བཅུ་ལྷག་ཡོད།   དེ་ལས་ཀྱང་གཅན་གཟན་གསའ་བརྒྱ་དང་ཉེར་བདུན་གྱི་རྐྱང་གཟུགས་ངོས་བཟུང་ཡོད་ལ།  གཅན་གཟན་གཟིག་བཅོ་བརྒྱད་ཀྱི་རྐྱང་གཟུགས་ངོས་བཟུང་ཡོད།  2016ལོ་དང་བསྡུར་ན།  གསའ་ཡི་གྲངས་ཀ་ལྡབ་གསུམ་འཕར་ཡོད”ཟེར།

“འཛམ་གླིང་སྟེང་གི་གཅན་གཟན་གསའ་ཡི་ཕོ་མོ་མཐུན་སྦྱོར་གྱི་བརྙན་ཐོག་མ་བླངས།  མཚོ་བོད་མཐོ་སྒང་ཤར་ཕྱོགས་ཀྱི་གཟིག་དང་གསའ་ལ་གཅིག་མཐུན་གྱི་འཚོ་སྡོད་བྱེད་ཡུལ་ཡོད་པ་ཐོག་མར་ར་སྤྲོད་བྱས།  གཅན་གཟན་གཟིག་གི་རིགས་ཁྱུ་ས་གནས་སུ་སྐྱེ་འཕེལ་བྱེད་ཐུབ་པ་ཐོག་མར་ར་སྤྲོད་བྱས།”གནམ་སྲས་ཡུལ་ཚོའི་སྐྱེ་ཁམས་ལྟ་ཞིབ་ཚད་ལེན་ས་ཚིགས་ཀྱི་ལས་བྱེད་མི་སྣས་འཆར་ངོས་སྟེང་གི་བརྙན་རིས་རྒྱུ་ཆ་སྟོན་ཞོར།  གང་གང་གི་ཐོག་མ་ཞེས་རེ་རེ་བཞིན་བརྩི་བཞིན་འདུག

དགའ་འོས་པ་ཞིག་ལ།  ལྟ་ཞིབ་ཚད་ལེན་གནས་མང་པོ་ཞིག་ཏུ་དམར་ཕྱིའི་འོད་ཀྱི་པར་ཆས་ཀྱིས་དུས་མཉམ་དུ་གསའ་དང་གཟིག  དྲེད་མོང་།  གཡི་སོགས་རྩེར་སོན་ཤ་གཟན་སྲོག་ཆགས་དང་།  གནའ་དང་ཤ་སྐྱ་སོགས་རྨིག་ལྡན་སྲོག་ཆགས་དག་པར་དུ་བླངས་ཡོད།  དེས་ས་ཁུལ་འདི་ནི་རང་རྒྱལ་གྱི་རྩེར་སོན་ཤ་གཟན་སྲོག་ཆགས་ཀྱི་རིགས་ཁྱུ་ཕུན་སུམ་ཚོགས་པའི་ས་ཁུལ་ཞིག་ཡིན་པ་ར་སྤྲོད་བྱས་པ་དང་།  གནམ་སྲས་གྲོག་རོང་ནི་སྐྱེ་དངོས་སྣ་མང་གི་རྒྱུད་རྒྱུའི་མཛོད་ཁང་ཞིག་ཡིན་པའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཀྱང་ར་སྤྲོད་བྱས་ཡོད།

གསའ་དང་གཟིག་ལྟ་བུའི་མཚོན་བྱེད་སྲོག་ཆགས་ལས་གཞན་ད་དུང་ལྟ་ཞིབ་ཚད་ལེན་གཞི་གྲངས་ལས་མངོན་པ་ལྟར་ན།  གནམ་སྲས་ཡུལ་ཚོ་རུ་ཟིན་ཐོར་བཀོད་པའི་སྲོག་ཆགས་ཁྱོན་བསྡོམས་གཅན་གཟན་རིགས་བཅོ་བརྒྱད་དང་བྱ་རིགས་བཅོ་ལྔ།  ཤ་གཟན་ཞི་ལའི་རིགས་ལྔ།  ཁྱིའི་རིགས་བཞི།  དྲེད་མོང་གི་རིགས་གཅིག  སྲེ་མོང་གི་རིགས་གཉིས།  རྨིག་ལྡན་སྲོགས་ཆགས་ཀྱི་རིགས་གསུམ།  རི་བོང་གི་རིགས་གསུམ་དང་སོ་འཆའི་སྲོག་ཆགས་ཀྱི་རིགས་གཅིག་བཅས་ཡོད།

ཀརྨ་བསྟན་འཛིན་གྱིས་བཤད་རྒྱུར།  “ལོ་རེའི་ཟླ11པ་ནས་ཟླ12པའི་བར་ནི།  མོ་གསའ་ཡིས་ཕྲུ་གུ་ཁྲིད་པ་ཆེས་མང་བའི་དུས་སྐབས་ཤིག་ཡིན་ལ།  པར་ཆས་ནང་དུ་ནམ་རྒྱུན་བ་སྤུ་གཟེང་བའི་གསའ་ཕྲུག་དག་ཨ་མའི་རྗེས་སུ་དེད་ནས་རི་དྭགས་རྔོན་སྟངས་སློབ་བཞིན་པ་མཐོང་ཐུབ་ལ།  དེ་ནི་ཧ་ཅང་སྙིང་རྗེ་བོ་ཞིག་རེད”ཟེར།

བརྙན་རིས་འདི་དག་ནི་ཚན་རིག་ཞིབ་འཇུག་གི་རྒྱུ་ཆ་རྩ་ཆེན་ཡིན་པར་མ་ཟད།  འབྲོག་པ་མང་ཚོགས་ཀྱིས་སྐྱེ་ཁམས་སྲུང་སྐྱོབ་བྱས་པའི་གཟི་བརྗིད་དཔང་ཡིག་ཅིག་ཀྱང་ཡིན།

ཚེ་དབང་རྡོ་རྗེའི་མིག་མདངས་ལ་ཡིད་ཆེས་དང་རེ་བས་ཁེངས་ནས་བཤད་རྒྱུར། ང་ཚོས་མུ་མཐུད་དུ་དོ་སྲུང་པ་སྟོང་གཅིག་དང་ལྔ་བརྒྱ་བཅུ་དྲུག་དང་རིགས་སོ་སོའི་ལས་བྱེད་མང་ཚོགས་སྟོང་བརྒྱད་ལྷག་གི་སྣེ་ཁྲིད་དེ། རི་སྔོ་ཆུ་དྭངས་དང་གནམ་སྔོ་ས་གཙང་གི་རྣམ་སྲས་ལ་སྲུང་སྐྱོང་ལེགས་པོ་བྱས་ནས། མང་ཚོགས་ཀྱི་འཚོ་བར་བདེ་སྐྱིད་ལྡན་ཞིང་། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཐུབ་པར་བྱེད་རྒྱུ་ཡིན་ཟེར།

གསའ་ཡི་ཁ་གྲངས་ལྡབ་འགྱུར་གྱིས་འཕར་བ་ནས་འབྲོག་པའི་ཡོང་འབབ་འཕར་བའི་བར། རྣམ་སྲས་ཡུལ་ཚོའི་སྐྱེ་ཁམས་ལག་ལེན་ནི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་གྱི་གསོན་ཉམས་ལྡན་པའི་སྣང་བརྙན་ཞིག་ཡིན་པར་མ་ཟད། སྐྱེ་ཁམས་སྲུང་སྐྱོབ་དང་ལྗང་མདོག་འཕེལ་རྒྱས། དམངས་ཚིས་ལེགས་སྒྱུར་བཅས་གཅིག་གྱུར་བྱེད་པའི་ནང་སྙིང་ཟབ་མོར་འགྲེལ་བཤད་བྱེད་སྟངས་ཞིག་ཀྱང་རེད།

ལྷ་མོ་འཚོ་དང་ལྷ་མོ་ཚེ་རིང་། ཁོར་ཐར་དབང་རྒྱལ་བཅས་ཀྱི་བསྒྱུར།

ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།