ཏང་འཛུགས་སྐྲུན་གྱིས་སྣེ་ཁྲིད་བྱས་པས་མདུན་ལམ་ལ་འོད་ཀྱིས་ཁེངས།
2021.08.06 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 81

—མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་དང་པོའི་ཏང་ཨུའི་གནས་ཚུལ་བཀོད་པ།

གཟའ་ཟླ་བའི་ཞོགས་པར། ཉི་འོད་རབ་ཏུ་འཚེར། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་དང་པོའི་ལུས་རྩལ་ར་བ་རུ། རྔམ་བརྗིད་ལྡན་ལ་སྤོབས་པས་ཁེངས་པའི《བློས་བླངས་དམག་གི་མདུན་སྐྱོད་གླུ་གཞས》གྲགས་པ་དང་བསྟུན་ནས། ཡིད་དུ་འོང་བའི་སྐར་ལྔའི་དར་དམར་དལ་བ་དལ་བུའི་ངང་ཡར་བསྒྲེངས་བྱུང་།

“ཀྲུང་གོ་གུང་ཁྲན་ཏང་མི་བརྒྱུད་འོང་བའི་ལམ་འདི་ནི་ཧ་ཅང་དཀའ་ཚེགས་ཆེ་ལ་ཀྱག་ཀྱོག་མང་བ་ཞིག་ཡིན་མོད། འོན་ཀྱང་ཁོ་ཚོས་ནམ་ཡང་ཕྱི་བཤོལ་མ་བྱས་པར། ནུས་ཤུགས་གང་ཡོད་ཀྱིས་དཀའ་སྤྱད་འབད་བརྩོན་དང་ཞུན་བརྡར་མདུན་སྐྱོད་བྱས་པས། འཇིགས་པ་མེད་པའི་སྟོབས་ཤུགས་ཆེན་མོ་ཞིག་གཅིག་ཏུ་བསྡུས་ཏེ། མཇུག་མཐར་གསར་བརྗེ་ཡི་ཉི་གཞོན་བསུས་བྱུང་།”

མཐོ་འབྲིང་ལོ་རིམ་གཉིས་པའི་འཛིན་གྲྭ(8)པའི་སློབ་མ་བཙན་མགོན་སྐྱབས་ཀྱིས་ལྷབ་ལྷུབ་ཏུ་བསྐྱོད་པའི་རྒྱལ་དར་གྱི་འོག་ཏུ། 《ལོ་ཆུང་གཞོན་ནུར་སྤྲིངས་པའི་ཏང་གི་ལོ་རྒྱུས》ཞེས་པའི་དཔེ་དེབ་གཉིས་པ་སྟེ་མེ་སྟག་དམར་པོས་སྤང་ལྗོངས་བསྲེགས་ཞེས་པ་དེ་སྒྲོག་འདོན་བྱས་ཤིང་། དགེ་རྒན་དང་སློབ་གྲོགས་ཚོ་དང་མཉམ་དུ་ཏང་གི་ལོ་རྒྱུས་ཁྲོད་ཀྱི་བརྗེད་དཀའ་བའི་འདས་དོན་ཕྲ་མོར་ཕྱིར་ལྟ་ཐེངས་ཤིག་བྱས།

འདི་ནི་མཚོ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་དང་པོས་ཏང་གི་འཛུགས་སྐྲུན་དང་སློབ་གསོ་བྱ་བར་སྐུལ་འདེད་བྱེད་པ་དང་དམ་དུ་སྦྲེལ་བའི་བསྡུས་རིས་ཙམ་ཞིག་རེད། ཉེ་བའི་ལོ་འགའི་རིང་ལ། མཚོ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་དང་པོའི་ཏང་ཨུས“ཏང་འཛུགས”བྱ་བའི་དཔེ་དབྱིབས་གཏིང་ཟབ་སྒོས་ལག་བསྟར་དང་། “དུས་རབས་གསར་པའི་ལམ་གྱི་ཉི་འོད”ཅེས་པའི་ཏང་འཛུགས་ཆས་རྟགས་ཧུར་ཐག་གིས་གསར་སྐྲུན་བྱས་ཏེ། ཏང་གི་བརྩེ་བ་སློབ་ར་ཡོངས་སུ་གཏོར་ཞིང་། སློབ་ཕྲུག་མང་པོར་ཉི་འོད་ཀྱི་བྱབས་ཁྲུས་བྱེད་དུ་བཅུག

ཏང་འཛུགས་དང་སློབ་ཁྲིད་ཀྱིས་སློབ་གསོ་བཅོས་བསྒྱུར་ཟབ་སྤེལ་དང་དངོས་སྒྲུབ་བྱེད་པར་རོགས་རམ་བྱས།

སློབ་གྲྭ་གྲོལ་རྗེས། མཚོ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་གི“ལམ་གྱི་ཉི་འོད”ཅེས་པའི་རིག་ཚན་རྟེན་གཞིའི་ཐོག་ཁང་དུ་སོང་བ་ན། སློབ་དོན་ཁྲུའུ་ཡི་ཀྲུའུ་རིན་གཞོན་པ་ཚེ་རིང་རྒྱལ་གྱིས་ད་དུང་གྲངས་རིག་རིག་ཚན་རྟེན་གཞིའི་ནང་དུ་མགོ་བོ་བསྒུར་ནས་རྩིས་རྒྱག་བཞིན་འདུག ཁོའི་མདུན་དུ་གྲངས་རིག་གི་རྒྱུགས་ཤོག་མང་པོ་སྤུངས་འདུག་ལ། བྲང་ཁའི་ཏང་རྟགས་ནི་དེ་བས་ཀྱང་མངོན་གསལ་དོད་པོ་ཞིག་རེད། “མཐོ་རྒྱུགས་དང་འབྲིང་རྒྱུགས་གཉིས་ཀ་མཇུག་རྫོགས་ཟིན། རྒྱུགས་གཞི་འདི་དག་ནི་ད་ལོའི་གྲངས་རིག་གི་རྒྱུགས་གཞི་ཡིན་པས། ངའི་མྱུར་དུ་ཞིབ་འཇུག་བྱས་ཏེ། ང་ཚོ་སློབ་གྲྭའི‘ཉིན་རེར་དྲི་བ་ལྔ་སྦྱོང’བའི་སྦྱངས་གཞིའི་ནང་དོན་ཕུན་སུམ་ཇེ་ཚོགས་སུ་གཏོང་དགོས”ཟེར།

ཚེ་རིང་རྒྱལ་ནི་མཚོ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་དང་པོའི་གྲངས་རིག་གི་རྐང་འཛིན་དགེ་རྒན་ཞིག་ཡིན་ལ། ཏང་ཡོན་རྒན་པ་ཞིག་ཀྱང་ཡིན། གྲངས་རིག་རིག་ཚན་རྟེན་གཞི་རུ་ཞུགས་པ་ནས་བཟུང་། ལས་སྣོན་དང་སློབ་དཔྱོད་ནི་ཁོ་རང་གི་སྤྲོ་བ་ཞིག་ཏུ་གྱུར་ཡོད།

བོད་སྐད་ཡིག་གི་རིག་ཚན་རྟེན་གཞི་རུ་ཐལ་མོའི་རྡེབ་སྒྲ་ལྷང་ལྷང་གྲགས་བྱུང་། མ་གཞི་དེ་ནི་ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ་བརྒྱ་འཁོར་བར་རྟེན་འབྲེལ་ཞུ་བའི་སྐབས་སུ་པར་སྐྲུན་བྱས་པའི་ཕྱོགས་བསྡུས་བསླབ་ཚན་ཞིག་རེད།

ང་ཚོའི་སློབ་གྲྭའི་བོད་སྐད་ཡིག་གི་སློབ་ཁྲིད་ད་བར་དུ་ཞིང་ཆེན་ཡོངས་ཀྱི་སྔོན་གྲས་སུ་ཚུད་ཡོད་པས། སྤྱི་ཚོགས་སྟེང་འཇོན་མི་མང་པོ་ཞིག་གསོ་སྐྱོང་བྱས་ཡོད། ད་ལོར་ང་ཚོས་མཉམ་འབྲེལ་གསར་སྐྲུན་བྱས་པའི་བོད་སྐད་ཡིག་གི་ཕྱོགས་བསྡུས་བསླབ་ཚན་དེ་བརྙན་འཕྲིན་དང་དྲ་རྒྱའི་ཕྱོགས་སུ་སྤེལ་བ་ནི་བོད་སྐད་ཡིག་གི་རིག་ཚན་རྟེན་གཞི་དེ་སྤྱི་ཚོགས་ཡོངས་སུ་ཕྱོགས་པའི་འགག་གཏོར་ཞིག་ཡིན་ལ། སློབ་ཁྲིད་བཅོས་བསྒྱུར་གྱི་ཆེས་ལེགས་པའི་ལག་ལེན་ཞིག་ཀྱང་ཡིན་ཞེས་བོད་སྐད་ཡིག་གི་རིག་ཚན་རྟེན་གཞིའི་འགན་ཁུར་པ་དང་། མཚོ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་དང་པོའི་ཏང་ཨུའི་ཨུ་ཡོན་ནམ་སློབ་གཙོ་གཞོན་པ་ཀླུ་འབུམ་རྒྱལ་གྱིས་དེ་ལྟར་བཤད་ཞོར་ཆེད་དོན་བསླབ་ཚན་ལ་ཡང་ནས་བསྐྱར་དུ་ལྟ་བ་དང་། བྲང་ཁའི་ཏང་རྟགས་དེ་ཁོ་རང་གནས་གང་དུ་བསྐྱོད་ཀྱང་བཏགས་ཡོད། ཏང་འཛུགས་དེ་སློབ་ཁྲིད་ཁྲོད་བསྲེས་པ་དང་། ཤེས་བྱ་མུ་མཐུད་དུ་གསར་བསྒྱུར་བྱེད་དགོས།‘ལམ་གྱི་ཉི་འོད’ཀྱིས་ང་ཚོ་ཏང་ཡོན་དགེ་རྒན་དག་དུས་རབས་གསར་པའི་སློབ་གསོའི་དཔྱིད་དཔལ་གྱི་པང་དུ་བསྐྱལ་ཞེས་བསམ་བློ་ཆབ་སྲིད་རིག་ཚན་རྟེན་གཞིའི་འགན་འཁུར་པ་སྟེ་མཚོ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་དང་པོའི་ཏང་ཨུའི་ཆེད་བསྐོས་ཧྲུའུ་ཅི་གཞོན་པ་མ་ཀྲན་ལུང་གིས་མྱོང་ཚོར་ཟབ་མོ་ལྡན་པའི་སྒོ་ནས་དེ་ལྟར་བཤད།

གསར་འགོད་པས་རྒྱུས་ལོན་བྱུང་བ་ལྟར་ན།‘ལམ་གྱི་ཉི་འོད’ ཅེས་པའི་རིག་ཚན་རྟེན་གཞི་འདི་ནི་མཚོ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་དང་པོའི“དུས་རབས་གསར་པའི་ལམ་གྱི་ཉི་འོད”ཅེས་པའི་ཏང་འཛུགས་ཆས་རྟགས་ཀྱི་ཡན་ལག་ལས་གཞི་ཞིག་ཡིན་ལ། དེའི་ནང་དུ་བསམ་བློ་ཆབ་སྲིད་ཀྱི་རིག་ཚན་རྟེན་གཞི་དང་བོད་སྐད་ཡིག་གི་རིག་ཚན་རྟེན་གཞི། གྲངས་རིག་གི་རིག་ཚན་རྟེན་གཞི་བཅས་འདུས། རིག་ཚན་རྟེན་གཞི་དེ་ནི་ཁུལ་ཡོངས་ཀྱི་རྫོང་ལྔའི་དགེ་རྒན་སོ་བརྒྱད་ཀྱིས་གྲུབ་པ་དང་། དེའི་ཁྲོད་དུ་ཏང་ཡོན་དགེ་རྒན་བཅུ་དགུ་ཡོད་ལ། ཏང་ཨུའི་ཆེད་བསྐོས་ཧྲུའུ་ཅི་གཞོན་པ་མ་ཀྲན་ལུང་གིས་མཚམས་སྦྱོར་བྱས་པ་ལྟར་ན། རིག་ཚན་རྟེན་གཞི་བཙུགས་པ་དེས་ཁུལ་ཡོངས་སུ་སྐུལ་ཁྲིད་དང་འཕྲོ་འགྱེད་ནུས་པ་འདོན་སྤེལ་གང་ལེགས་བྱས་པར་མ་ཟད། ཁུལ་ཡོངས་ཀྱི་སློབ་གསོ་དང་སློབ་དཔྱོད་ཐད་ལ་སྟེགས་བུ་བསྐྲུན་ནས། དགེ་རྒན་གྱི་ཆེད་ལས་དང་སློབ་གསོའི་སྤུས་ཀ་མཐོར་འདེགས་ཡོང་བར་སྐུལ་འདེད་བཏང་ཡོད།

ཏང་འཛུགས་དང་། ཀུན་སྤྱོད་སློབ་གསོས་ཀུན་སྤྱོད་ཀྱིས་མི་སྐྱོང་བའི་ཁྱོན་ཡོངས་འཕེལ་རྒྱས་ལ་སྐུལ་འདེད་བཏང་།

མཚོ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་དང་པོའི་སློབ་ཁྲིད་ཐོག་ཁང་གི་ནང་དུ། ཆེས་ཡིད་དབང་འཕྲོག་པ་ནི་གཅིག་ཐོག་ནས་ལྔ་ཐོག་བར་གྱི་གྲལ་དག་ལ་གོ་རིམ་ལྡན་པའི་དཔེ་སྒྲོམ་དེ་དག་རེད། དཔེ་སྒྲོམ་སྟེང་གི་དཔེ་ཆའི་རིགས་མང་བ་དང་། སློབ་གསེང་གི་སྐབས་སུ་སློབ་མ་རྣམས་དུས་ངེས་མེད་དུ་ཡོང་ནས་དཔེ་ཆ་བླངས་ནས་ལྟ་ཀློག་བྱེད་བཞིན་འདུག

སྒོ་འབྱེད་ཅན་གྱི་དཔེ་སྒྲོམ་དེར་ཇི་ལྟར་དོ་དམ་བྱས་པ་ཡིན་ནམ་ཞེ་ན། ཏང་ཨུའི་ཆེད་བསྐོས་ཧྲུའུ་ཅི་གཞོན་པ་མ་ཀྲན་ལུང་གིས་དཔེ་སྒྲོམ་སྟེང་ནས་དཔེ་དེབ་ཅིག་ལེན་ཞོར་ང་ཚོར་དེའི་གནས་ཚུལ་ལྷུག་པོར་བརྗོད་བྱུང་།“འདི་ནི་ང་ཚོ་སློབ་གྲྭའི་གྲགས་ཆེ་བའི‘ཉི་འོད་བརྩེ་སེམས་ཡིད་རྟོན་དཔེ་སྒྲོམ’ཡིན། སློབ་མས་དཔེ་སྒྲོམ་འདིའི་སྟེང་ནས་དཔེ་དེབ་གང་འདོད་དུ་བླངས་ནས་གང་འདོད་དུ་བལྟས་ཆོག གཟའ་འཁོར་རེའི་གཟའ་སྤེན་པའི་ཉིན་མོར་ཏང་ཡོན་དགེ་རྒན་གྱིས་དཔེ་ཀློག་དང་བླངས་པ་མཐུན་ཚོགས་ཀྱི་སློབ་མའི་སྣེ་ཁྲིད་དེ་འཛིན་གྲྭ་སོ་སོ་ནས་གཡར་ཀློག་དཔེ་དེབ་ཕྱིར་བསྡུ་བ་དང་། དེའི་རྗེས་སུ། དཔེ་དེབ་དེ་དག་དཀར་ཆག་ལྟར་ཡང་བསྐྱར་དཔེ་སྒྲོམ་སྟེང་བཞག་རྗེས། གཟའ་འཁོར་གསར་པ་གཅིག་གི་མགོ་རྩོམ་བཞིན་ཡོད”ཟེར།

“ཉི་འོད་བརྩེ་སེམས་ཡིད་རྟོན་དཔེ་སྒྲོམ”ནི2012ལོར་གྲ་སྒྲིག་བྱས་ཏེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ་དང་། སྤྱི་ཚོགས་ཀྱི་བརྩེ་ལྡན་མི་སྣས་ཞལ་འདེབས་དང་རོགས་སྐྱོར་བྱས་མཐར། ད་ལྟ་དཔེ་དེབ་ཁྲི་གཅིག་དང་སྟོང་ལྔ་ལྷག་ཡོད། དཔེ་སྒྲོམ་བཙུགས་པ་དེས་སློབ་མའི་དཔེ་ཀློག་གི་བྱང་ཚད་ཇེ་མཐོར་བཏང་བར་མ་ཟད། སྒོ་འབྱེད་ཅན་གྱི་དོ་དམ་བྱེད་སྟངས་དེས་ད་དུང་སློབ་མའི་ཡིད་རྟོན་གྱི་གཤིས་སྤྱོད་གསོ་སྐྱོང་བྱས་ཏེ། མི་རིགས་དང་དུས་རབས་ཀྱི་ཁྱད་ཆོས་ལྡན་པའི“ཉི་འོད་སློབ་རའི་རིག་གནས”གསར་སྐྲུན་བྱེད་པར་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད།

དེ་ལྟར་ཏང་འཛུགས་དང་ཀུན་སྤྱོད་གསོ་སྐྱོང་ནུས་ལྡན་སྒོས་ཟུང་འབྲེལ་དང་། དགེ་སློབ་ཀྱི་ལམ་བུ་ཉི་འོད་ལ་ཕྱོགས་པར་སྣེ་ཁྲིད་བྱེད་པ། སྐྱོན་བྲལ་ངང་འཕེལ་རྒྱས་སུ་སོང་བའི“དུས་རབས་གསར་པའི་ལམ་གྱི་ཉི་འོད”ཅེས་པའི་ཡན་ལག་ལས་གཞིའི་ནང་དུ་ད་དུང“ཉི་འོད་སྒྲོག་བཤད་ཚོགས་པ”དང“ཉི་འོད་ལས་བཟོ་པའི་དཔེ་ཁང”“རྒྱལ་དར་འོག་གི་གཏམ་བཤད”སོགས་འདུས།

ད་ལོར། སློབ་གྲྭ་འདི་གའི་ཏང་ཨུས“སློབ་ཞུགས་སློབ་ཁྲིད་དང་པོ”གསར་དུ་བཙུགས། ཏང་གི་ལོ་རྒྱུས་ཤེས་བྱས་ཁེབས་པའི་གསར་བརྗེའི་བར་ཁྱམས་ནས་སྐུལ་ལྕག་གི་གསུང་བཤད་གྲགས་ཅན་བཀལ་བའི་རིག་གནས་གྱང་ངོས་ཀྱི་བར་དང་། ཏང་འཛུགས་རིག་ནུས་ཀྱི་སློབ་ཁང་དང་པོ་ནས་འཕེལ་རྒྱས་ཐེག་པའི་སློབ་གྲྭའི་ལོ་རྒྱུས་འགྲེམ་སྟོན་ཁང་གི་བར་གྱི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་གཡུལ་ས་གསར་པ་འདི་ནི་སློབ་གྲྭའི་དགེ་སློབ་ཡོངས་རྫོགས་ཆེས་དགའ་སའི་གནས་མཆོག་ཏུ་གྱུར་པར་མ་ཟད། སློབ་སྦྱོང་དཔེ་ཀློག་དང་ཡང་ན་རྗེས་དྲན་པར་ལེན་བྱེད་ས་ཞིག་ཏུ་གྱུར་ནས། དགེ་སློབ་ཡོངས་ཀྱིས་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་རྒྱལ་གཅེས་བརྩེ་བ་ཇེ་བརྟན་དུ་གཏོང་བར་སྐུལ་འདེད་བྱས་ཡོད།

ཏང་འཛུགས་དང་ཞབས་ཞུས་ཏང་ཡོན་གྱི་སྟོབས་ཤུགས་གཅིག་དུ་བསྡུས་ནས་སྔར་ལས་དྲོད་སྣང་ལྡན་པར་བྱས་ཡོད།

མཚོ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་དང་པོ་ནི་བཅའ་སྡོད་སློབ་གྲྭ་ཞིག་ཡིན་ལ། དབྱར་གནང་དང་དགུན་གནང་གི་སྐབས་སུ“ཁྱིང་ཚང་གི་བཅར་འདྲི་ཆེན་མོ”ཡི་བྱ་འགུལ་ཐེངས་རེར་སྤེལ་བ་རྒྱུན་འཁྱོངས་བྱེད་བཞིན་འདུག སློབ་གྲྭའི་ཏང་ཡོན་གྱིས་སྣེ་ཁྲིད་དེ་འབྲོག་ཁུལ་དུ་འགྲོ་བ་དང་། ཡུལ་དངོས་སུ་བཅར་འདྲི་བྱེད་པ། ཁྱིམ་བདག་ལ་སློབ་གསོ་གཏོང་བ། སློབ་གསོ་སྲིད་ཇུས་སྒྲོག་བཤད་བཅས་བྱས་ཏེ། ཁྱིམ་བདག་དང་མཉམ་དུ་སློབ་གསོའི་གླེང་གཞི་དཔྱད་བསྡུར་བྱེད་བཞིན་ཡོད། ཁྱིམ་ཚང་ལ་བཅར་འདྲི་བྱས་པའི་ཁྲོད། ཏང་ཡོན་དགེ་རྒན་ཚོས་དཀའ་ངལ་ཅན་གྱི་སློབ་མའི་ཁྱིམ་ཚང་དམིགས་བསལ་གྱིས་དོ་སྣང་བྱས་ཤིང་། “ཉི་འོད་སློབ་རོགས”ཁོ་ཚོའི་ཉེ་འགྲམ་དུ་སྐྱེལ་བ་དང་། ཁོ་ཚོའི་རྗེས་ཕྱོགས་ཀྱི་སེམས་ཁྲལ་ཐག་གཅོད་བྱས་ཏེ་ཉི་འོད་དང་འདྲ་བའི་དྲོད་ཁོལ་མྱོང་དུ་བཅུག

“ཉི་འོད་དགེ་སློབ་ཆ་སྒྲིག”དང“ཉི་འོད་སེམས་ཁམས་ཟུར་ཁྲིད”ནི་དགེ་རྒན་དང་སློབ་མས་བསྐྲུན་པའི་སེམས་ཁམས་མཐུན་སྦྱོར་བྱེད་སའི་ཟམ་པ་ལྟ་བུ་ཞིག་ཡིན། སློབ་གྲྭས་སྐུ་ཞབས་ལུའུ་ཞུན་གྱིས《ན་གཞོན་གསར་པ》ཡི་སྟེང་སྤེལ་བའི“སློབ་གསོའི་རྩ་བ་ནི་བྱམས་བརྩེ”ཡིན་པའི་འདུ་ཤེས་དེ་ཁྱིམ་ཚང་གི་བཅར་འདྲི་ཁྲོད་ཀྱི་མགོ་མཇུག་བར་གསུམ་དུ་བསྟར་ལ་བརྒྱུས་ཤིང་། ཁྱིམ་བདག་དང་མཉམ་དུ་བརྩེ་བའི་ཞིང་ས་གཤིན་པོས་སློབ་མའི་སེམས་ཁམས་བདེ་ཐང་ལ་སྲུང་སྐྱོང་དང་སེམས་ཁུར་བྱས།

“ཐེངས་རེ་རེའི‘ཁྱིམ་ཚང་གི་བཅར་འདྲི་ཆེན་མོ’ཡི་བྱ་འགུལ་སྤེལ་བར་ལམ་ཐག་རིང་པོར་ཕར་འགྲོ་ཚུར་འོང་བྱེད་དགོས་ནའང་། དེས་སློབ་གྲྭ་དང་ཁྱིམ་བདག་བར་གྱི་སེམས་ཀྱི་བར་ཐག་ཇེ་ཉེར་བཏང་བར་མ་ཟད། དགེ་སློབ་བར་གྱི་འབྲེལ་བ་ཡང་སྔར་བས་འཆམ་མཐུན་དུ་བཏང་ཡོད”ཅེས་ཏང་ཨུའི་ཆེད་བསྐོས་ཧྲུའུ་ཅི་གཞོན་པ་མ་ཀྲན་ལུང་གིས་སེམས་འགུལ་ཐེབས་པའི་ངང་ནས་དེ་ལྟར་བཤད་བྱུང་།

ཁྱིམ་ཚང་ལ་བཅར་འདྲི་བྱས་པ་ལས་རྒྱུས་ལོན་བྱུང་བ་ལྟར་ན། ཁྱིམ་བདག་ཚོས་ཆེས་སེམས་ཁུར་བྱེད་སའི་གནད་དོན་ནི་སྔར་བཞིན་བྱིས་པའི་སློབ་གྲྭའི་ནང་གི་འཚོ་བ་ཅི་འདྲ་ཡིན་པ་དེ་རེད། ཉེ་བའི་ལོ་འགའི་རིང་ལ། མཚོ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་དང་པོའི་ཏང་ཨུའི་མགོ་ཁྲིད་འོག  སློབ་གྲྭའི“ཉི་འོད་ཟ་ཁང”གིས་ཞབས་ཞུ་འདུ་ཤེས་དང་ཞབས་ཞུ་བྱེད་སྟངས། ཞབས་ཞུ་སྤུས་ཀ་མུ་མཐུད་དུ་ཇེ་མཐོར་བཏང་སྟེ། སློབ་མ་ཚོས་ཟོས་ན་སེམས་བདེ་བ་དང་བདེ་ཐང་ཡིན་པར་འགན་སྲུང་གང་ལེགས་བྱས་ཡོད།

དེ་མ་གཏོགས། “ཉི་འོད་ཟ་ཁང”གིས་ད་དུང་ཕྱི་གསལ་ནང་གསལ་ཅན་དང་ཉི་འོད་ཅན་གྱི་བཟོ་སྐྲུན་སྒྲིག་རིམ་དང“འབྲེལ་མཐུད་དྲ་རྒྱ”ཡི་བསམ་གཞིག་ཕན་ཚུན་ཟུང་འབྲེལ་བྱས་ཏེ། ཐག་རིང་ན་ཡོད་པའི་ཁྱིམ་བདག་ཚོ་སེམས་བདེ་རུ་བཅུག

“ངས་སློབ་གྲྭའི་སྐད་འཕྲིན་སྤྱི་སྟེགས་བརྒྱུད་དེ་ཉི་འོད་ཟ་ཁང་ནི་ང་ཚོའི་ཁྱིམ་གྱི་ཇ་ཁང་ལས་ཀྱང་གཙང་མ་ཡིན་པ་མཐོང་བྱུང་། སློབ་གྲྭས་ང་ཚོའི་བྱིས་པར་ལྟ་སྐྱོང་དེ་འདྲ་ལེགས་པོ་ཞིག་བྱས་པར་བཀའ་དྲིན་ཆེ་ཞུ”ཞེས་མཐོ་འབྲིང་ལོ་རིམ་དང་པོའི་འཛིན་གྲྭ(4)པའི་སློབ་མ་རྣམ་རྒྱལ་གཅོད་པའི་ཁྱིམ་བདག་བཀྲ་ཤིས་དོན་གྲུབ་ཀྱིས་བསྟོད་པའི་མཐེ་བོང་བསྒྲེངས་བཞིན་དེ་ལྟར་བཤད་བྱུང་།

རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།