རྭ་རྒྱ་གྲོང་རྡལ་སེར་ཐོ་སྡེ་བ་ནི་རྨ་ཆེན་རྫོང་གི་བྱང་ཤར་གྱི་མཚམས་སུ་གནས་ལ། རྫོང་མཁར་དང་བར་ཐག་སྤྱི་ལེ་བདུན་ཅུ་ཡོད། འབྲོག་ཨུ་རུ་སེར་ཐོ་དང་། ཝ་ཤར། གནས་མདོ། མར་སྟེང་བཅས་སྡེ་བ་བཞི་ཡོད་པ་དང་། མཚོ་འཕང་ལ་མུས་སྟོང་གསུམ་དང་བདུན་བརྒྱ་ཡོད་ཅིང་། སྡེ་བ་ཡོངས་ཀྱི་རྩྭ་སའི་རྒྱ་ཁྱོན་ལ་ས་མུའུ་འབུམ་དྲུག་དང་ཁྲི་གཉིས་ཡོད་པ་དང་། ཁྱོན་བསྡོམས་ཁྱིམ་ཚང་དྲུག་བརྒྱ་དང་ལྔ་དང་མི་གྲངས་སྟོང་གཉིས་དང་དགུ་བཅུ་གོ་བདུན་ཡོད།
ཟླ་བརྒྱད་པའི་ཚེས་སོ་གཅིག་ཉིན། གསར་འགོད་པ་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་རྭ་རྒྱ་གྲོང་རྡལ་སེར་ཐོ་སྡེ་བའི་སྔོ་ཚོད་འདེབས་འཛུགས་རྟེན་གཞི་ཡོད་སར་སོང་། སེར་ཐོ་སྡེ་བའི་སྔོ་ཚོད་དྲོད་ཁང་ཆེན་མོ་དེ་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་རྭ་རྒྱ་གྲོང་རྡལ་གྱི་རྨ་ཆུའི་འགྲམ་དུ་ཡོད་ལ། རྒྱ་ཁྱོན་མུའུ་ལྔ་བཅུ་ཟིན། དེ་ནི་སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་མ་དངུལ་གྱི་སྐྱེད་ཀ་དང་སྡེ་མིའི་རང་གྲབས་མ་དངུལ་ལ་བརྟེན་ནས་ལས་པ་ཡིན་ལ། བསྡོམས་པས་དྲོད་ཁང་བཅུ་གསུམ་ཡོད། དྲོད་ཁང་དུ་རྡོ་ཀུབ་དང་། སུར་པན་ལྗང་ཁུ། ཀྲོ་མ་ཀྲུ། སྣུམ་ཚལ། ལྕ་ཚལ། ལ་ཕུག་སོགས་སྔོ་ཚོད་སྣ་ཚོགས་འདེབས་བཞིན་ཡོད།
སྔོ་ཚོད་འདེབས་འཛུགས་བྱེད་མཁན་ནི་སེར་ཐོ་སྡེ་བའི་འབྲོག་ཨུའི་སྡེ་བ་བཞི་ཡི་མ་མཐའི་འཚོ་བའི་འགན་སྲུང་ཁྱིམ་ཚང་དང་། དབང་པོ་སྐྱོན་ཅན་ཡོད་པའི་ཁྱིམ་ཚང་དག་གི་འབྲོག་པ་ཡིན་ལ། ཁྱོན་བསྡོམས་ཁྱིམ་ཚང་བརྒྱ་དང་བརྒྱད་ཅུ་ལ་ཁེབས་ཡོད།
རྒན་པོ་ཆུ་པུ་ནི་གནས་མདོ་སྡེ་བའི་རེད། ད་ལོར་ལོ་རེ་དྲུག་ལ་བུད་ཡོད། ཁོ་ནི་རྐང་པར་ཆག་སྐྱོན་ཤོར་བའི་དབང་པོ་སྐྱོན་ཅན་ཞིག་ཡིན་ལ། ཁོ་ཡང་སྔོ་ཚོད་འདེབས་འཛུགས་བྱེད་མཁན་གྱི་གྲས་རེད། ཁོས་བཤད་རྒྱུར། ང་རང་དབང་པོ་སྐྱོན་ཅན་ཡིན་ནའང་། ལག་པ་གཉིས་ལ་སྐྱོན་མེད་པས། སྔོ་ཚོད་འདེབས་འཛུགས་བྱེད་པར་དཀའ་ཚེགས་མི་འདུག ས་འདི་ནས་སྔོ་ཚོད་འདེབས་འཛུགས་ཀྱི་ལས་ཀ་སྒྲུབ་ན་གཅིག་ནས་རང་གིས་ཡོང་སྒོ་འཚོལ་ཐུབ་པ་དང་། གཉིས་ནས་སྔོ་ཚོད་ཉོ་ཡང་མི་དགོས་པས་ང་ལ་མཚོན་ན་འདི་ནི་ཆེས་ལེགས་པའི་ལས་ཀ་ཞིག་རེད་ཟེར།
སེར་ཐོ་སྡེ་བས་ཏང་གི“ཞིང་གསུམ”བྱ་བའི་སྲིད་ཇུས་རབ་དང་རིམ་པ་ཧུར་ཐག་སྒོས་དང་ལེན་བྱས་པ་དང་། རྨ་ཆེན་རྫོང་གི“ཅན་བཅུ་ཏང་འཛུགས”བྱ་བའི་བླང་བྱ་ནན་ཏན་གྱིས་ལག་བསྟར་བྱས་ཐོག ཐོན་སྐྱེད་དང་ཕྱིར་འཚོང་ཕན་ཚུན་ཟུང་འབྲེལ་གྱི་སྟེང་ཤུགས་བརྒྱབ་སྟེ། ད་ལོའི་ཟླ་ལྔ་པར་མར་སྟེང་ཆུ་གློག་ས་ཚིགས་ལ་མཉམ་ལས་འབྲེལ་མཐུད་བྱས་ཤིང་། སྨིན་ཟིན་པའི་སྔོ་ཚོད་བཙོང་སའི་་ཁྲོམ་ར་བཙལ་བ་དང་ཚོང་ལམ་རྒྱ་བསྐྱེད་དེ། སེར་ཐོ་སྡེ་བའི་སྔོ་ཚོད་འདེབས་འཛུགས་ཁྱིམ་ཚང་གི་ཡོང་སྒོ་འཕར་བར་སྣེ་ཁྲིད་བྱས། སེར་ཐོ་སྡེ་བའི་ཀྲི་པུའུ་ཧྲུའུ་ཅི་གནམ་ཁོ་ནི་ལས་ལ་བརྩོན་ཞིང་རང་སྡེའི་མང་ཚོགས་ལ་བློ་གཅིག་སེམས་གཅིག་གིས་ཞབས་འདེགས་ཞུ་མཁན་ཞིག་རེད། ཁོས་ད་ལོའི་ཟླ་གཉིས་པའི་ཚེས་བཅུ་དྲུག་ཉིན་ནས་བཟུང་། ང་ཚོ་ཏང་ཡོན་རྣམས་ཀྱིས་སེར་ཐོ་སྡེ་བའི་མང་ཚོགས་རྩ་འཛུགས་དང་སྣེ་ཁྲིད་བྱས་ཏེ། དྲོད་ཁང་གི་ཕྱི་ནང་བར་གསུམ་ཀུན་ལ་བདག་ཉར་དང་ཉམས་གསོ་ཡག་པོ་བརྒྱབ་ནས་སྔོ་ཚོད་འདེབས་མགོ་བརྩམས་པ་ཡིན། སྔོན་ཆད་ནོར་ལུག་འཚོ་སྐྱོང་གི་ཉམས་མྱོང་མ་གཏོགས་མེད་པས་སྔོ་ཚོད་་འདེབས་འཛུགས་ནི་ང་ཚོར་མཚོན་ན་ལས་ཀ་གསར་པ་ཞིག་ཡིན་མོད། འོན་ཀྱང་ང་ཚོས་ཉམས་མྱོང་ཅན་གྱི་སར་འདྲི་རྟོགས་དང་སོ་སོའི་ཉམས་མྱོང་ཟུང་འབྲེལ་གྱིས་དྲོད་ཁང་དུ་སྔོ་ཚོད་སྣ་ཚོགས་བཏབ་པ་ཡིན། དགའ་འོས་པ་ཞིག་ལ་ད་ལོའི་ཟླ་བདུན་པའི་ཟླ་མཇུག་ཏུ་ང་ཚོའི་སྔོ་ཚོད་འདེབས་འཛུགས་ཁྱིམ་ཚང་རྣམས་ལ་ཡོང་སྒོ་བགོ་བཤའ་ཐེངས་གཅིག་རྒྱག་ཐུབ་པ་བྱུང་། སྔོ་ཚོད་འདེབས་འཛུགས་བྱེད་མཁན་རེར་ཆ་སྙོམས་ཀྱིས་སྒོར་མོ་སྟོང་གཅིག་དང་བརྒྱད་བརྒྱ་བགོ་བཤའ་རྒྱག་རྒྱུ་ཡོད་པར་གྱུར་བས་ཉམས་མྱོང་མང་པོ་བསགས་པ་དང་བསྟུན་ནས་ང་ཚོ་མང་ཚོགས་ཀྱི་ཡོང་སྒོ་སྔར་ལས་འཕར་བར་ཡིད་ཆེས་བརྟན་པོ་ཡོད་ཅེས་དགའ་བ་དང་སྤོབས་པའི་ཉམས་ཀྱིས་གསར་འགོད་པར་དེ་ལྟར་ཁ་བརྡ་བྱས།
སེར་ཐོ་སྡེ་བའི་སྔོ་ཚོད་འདེབས་འཛུགས་རྟེན་གཞིའི་དཔེ་སྟོན་སྣེ་ཁྲིད་ལེགས་འགྲུབ་བྱུང་བ་དེས་ས་གནས་མང་ཚོགས་ཀྱི་སྔོ་ཚོད་འདེབས་འཛུགས་ཀྱི་སྤྲོ་སེམས་རབ་ཏུ་རྒྱས་པར་བྱས་ལ། རྭ་རྒྱའི་ཁོངས་གཏོགས་སྡེ་བ་དག་གི་སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་བར་རོགས་རམ་བྱས་ཤིང་། ཐོན་ལས་གྲུབ་ཚུལ་སྙོམས་སྒྲིག་བྱས་ཏེ། ས་གནས་མང་ཚོགས་ཀྱི་ཡོང་སྒོ་དམའ་བའི་གནད་དོན་ཐག་བཅད་པ་དང་། སེར་ཐོ་སྡེ་བའི་ཁྱིམ་ཚང་བརྒྱ་དང་བརྒྱད་ཅུའི་ལས་ཞུགས་གནད་དོན་ཡང་ཐག་བཅད་ཡོད།
རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།