ངང་དཀར་གར་སྟབས་སྒྱུར། སྐྱེ་ཁམས་ཇེ་ལེགས་སུ་ཕྱིན།
2024.04.08 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 3

ལོ་རེའི་དགུན་ཁར། ངང་དཀར་བབས་པས་ཁུ་སིམ་མེར་འཁྱིལ་བའི་རྨ་ཆུ་དེ་འཁྲུག་ཆ་དོད་པོར་གྱུར་པར་མ་ཟད། རྨ་ཆུའི་ཁུག་སོར་ཆགས་པའི་ཨན་འདར་ཆ་ག་སྡེ་བའང་དེ་ལས་འཁྲུག་ཆ་དོད་པོ་ཞིག་ཏུ་གྱུར་ཡོད། དཔྱིད་མགོའི་དུས་འདིར། སྐྱེ་དངོས་ཐམས་ཅད་སྐྱེ་འཕེལ་བྱུང་བ་དང་། ཐག་རིང་ནས་འཕུར་ཡོང་བའི་ངང་དཀར་གྱི་ཁྱུ་ཚོགས་ཀྱང་མི་རིང་བར་བྱང་དུ་འཕུར་ལ་ཉེ། དེའི་སྟབས་ཀྱིས་པར་ལེན་ལ་དགའ་མཁན་ཚོས“གོ་སྐབས་ཡག་ཤོས”དེ་དམ་འཛིན་བྱས་ནས་བརྩམས་ཆོས་ཡག་པོ་ཟིན་པར་བྲེལ་བཞིན་འདུག

ལི་ཡུས་ཧྥེང་ནི་པར་ལེན་པར་དགའ་བས། ལོ་རེའི་དགུན་དཔྱིད་དུས་སུ་ངང་དཀར་ལ་པར་རྒྱག་རྒྱུ་དེ་ཁོ་དང“ངང་དཀར་མཚེའུ”ཡི་བར་གྱི་འགྱུར་བ་མེད་པའི་ཁ་ཆད་ཅིག་ཏུ་གྱུར་ཡོད། ལྡིང་སྐོར་རྒྱག་པ་དང་། རྒུམ་བུ་འཚོལ་བ། བག་ཡངས་སུ་རྒྱུ་བ། ངལ་གསོ་བ། གར་ལ་རྩེན་པ་སོགས་མདོར་ན་ཁོའི་པར་ཆས་ཀྱི་ནང་དུ་ངང་དཀར་གྱི་མཛེས་པའི་ཉམས་འགྱུར་སྣ་ཚོགས་ངོམ་པའི་པར་གྱིས་ཁེངས་ཡོད། ལི་ཡུས་ཧྥེང་གིས“མཐོ་སྒང་དུ་ཡུན་རིང་བསྡད་པས་ངང་དཀར་མཐོང་ཐེངས་རེར་སེམས་པ་དགའ་སྤྲོས་ཁེངས་འགྲོ”ཞེས་སེམས་གཏམ་བརྗོད་པ་དང་། ཕྱིར་དྲན་བྱེད་བཞིན་བཤད་རྒྱུར། 2016ལོར་གནས་འདིར་ཡོང་ནས་པར་ལེན་སྐབས་ཤིག་ལ། ཤ་བོ་འགག་ཆུ་མཛོད་ཁུལ་གྱི་མཚེ་མགུར་རྨ་ཆུའི་དུམ་མཚམས་འདིར་ངང་དཀར་མངོན་བྱུང་བས། དེ་ནས་བཟུང་ངང་དཀར་ལ་དོ་ཁུར་བྱེད་མགོ་ཚུགས་པ་ཡིན། དེའི་རྗེས་ལོ་ལྟར་ངང་དཀར་དགུན་སྒྲོལ་གྱི་དུས་ཚིགས་ལ་སླེབས་ཚེ། ཁོ་ཡུལ་དེར་བསྡད་ནས་པར་མང་པོ་བརྒྱབ་པ་ཡིན་ལ། བྱེད་ཐབས་དེ་རིགས་ལ་བརྟེན་ནས་དྲིལ་སྒྲོག་བྱེད་ཤུགས་ཆེ་རུ་བཏང་བ་དང་མི་དེ་ལས་མང་པོ་ངང་དཀར་སྲུང་སྐྱོབ་བྱེད་པའི་གྲལ་དུ་ཞུགས་རྒྱུའི་རེ་བ་བཅངས་པ་ཡིན།

མིག་མདུན་གྱི་རྨ་ཆུ་སྟོན་ཞོར། ལི་ཡུས་ཧྥེང་གིས་གསར་འགོད་པར“2016ལོ་ནས་བཟུང་ལོ་རེའི་དགུན་ཁར་ངང་དཀར་སླེབས་ཡོང་བ་མ་ཟད། གྲངས་འབོར་ཡང་ལོ་རེ་བཞིན་ཇེ་མང་དུ་འགྲོ་བཞིན་འདུག དེར་བརྟེན་མི་རྣམས་ཀྱིས་ངང་དཀར་གྱིས‘ཞིབ་ཏུ་བདམས་པའི’འབབ་སྡོད་ཆུ་ཁོངས་དེ་ལ‘ངང་དཀར་མཚེའུ’ཞེས་བཏགས་ཡོད”ཅེས་བཤད།

ངང་དཀར་སླེབས་པ་དེ་ནི་ལི་ཡུས་ཧྥེང་དང་འདྲ་བའི་པར་ལེན་པར་དགའ་མཁན་ཚོའི་ངོས་ནས་བརྗོད་ན། རང་བྱུང་ཁམས་ཀྱིས་གནང་བའི་ལེགས་སྐྱེས་ཤིག་ཡིན་པས་དེ་ནི་ལས་སླ་མོར་ཐོབ་པ་ཞིག་ག་ལ་ཡིན། དེ་ནས་ལི་ཡུས་ཧྥེང་གིས་ཉེ་འགྲམ་གྱི་པར་ལེན་ལ་དགའ་མཁན་ཚོར་སྐུལ་སློང་བྱས་ནས“ཧྭ་ལུང་དུས་རབས་གསར་པའི་དཔལ་ཡོན་ལག་ལེན་ཁོར་ཡུག་སྲུང་སྐྱོབ་པར་ལེན་དང་བླངས་རུ་ཁག”ཅིག་བཙུགས་པ་དང་། ཁོ་ཚོས་ཕྱོགས་གཅིག་ནས་པར་ཆས་ལ་བརྟེན་ནས་སྐྱེ་ཁམས་ཀྱི་འགྱུར་ལྡོག་ཟིན་ཐོར་བཀོད་པ་དང་། ཕྱོགས་གཅིག་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ནང་ཧུར་ཐག་གིས་ཞུགས་ནས། ལོ་མང་པོའི་རིང་ལ། གད་སྙིགས་བཏུ་རྒྱུ་དེའང་ཁོ་ཚོའི་པར་ལེན་གོ་རིམ་ཁྲོད་ཀྱི་མེད་དུ་མི་རུང་བའི་ལས་རིམ་ཞིག་ཏུ་གྱུར་པར་མ་ཟད། ཁོ་ཚོས་ད་དུང་རྒྱུན་དུ་འོས་འགན་དྲིལ་སྒྲོག་བྱས་ནས་མང་ཚོགས་ཀྱིས་འདབ་ཆགས་ལ་ལྟ་བ་དང་བདེ་འཇགས་ངང་པར་ལེན་པར་ཁྲིད་སྟོན་བྱས་ཏེ་ངང་དཀར་སྲུང་སྐྱོབ་བྱེད་བཞིན་ཡོད།

ངང་དཀར་ནི་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་སྲུང་སྐྱོབ་སྲོག་ཆགས་ཀྱི་གྲས་ཡིན་པ་དང་སྐྱེ་ཁམས་ཁོར་ཡུག་ལ་རེ་བ་ཅུང་མཐོན་པོ་ཡོད། ཧྭ་ལུང་རྫོང་གི་འབྲེལ་ཡོད་སྡེ་ཁག་གིས་བསྡོམས་རྩིས་བྱས་པ་ལྟར་ན། ཉེ་བའི་ལོ་ཤས་རིང་དགུན་སྐྱེལ་དུ་ཡོང་བའི་ངང་དཀར་གྱི་གྲངས་འབོར་བརྟན་བརླིང་ངང་འཕར་ནས་ཐོག་མའི་བཅུ་གྲངས་ཙམ་ནས་ད་ལྟའི་བརྒྱ་ལྷག་ཏུ་འཕར་ཡོད།

ངང་དཀར་གྱི་གྲངས་འབོར་ཇེ་མང་དུ་སོང་བ་དེ་ནི་ས་གནས་དེ་གའི་སྐྱེ་ཁམས་ཁོར་ཡུག་མུ་མཐུད་ཇེ་ལེགས་སུ་ཕྱིན་པའི་དཔང་རྟགས་ཡག་ཤོས་ཤིག་རེད། ད་སྐབས“ངང་དཀར་མཚེའུ”གནས་སའི་ཨན་འདར་ཆ་ག་སྡེ་བ་དེ་གྲོང་གསེབ་ཡུལ་སྐོར་གྱི“དྲ་གྲགས”མཛེས་ལྗོངས་ཁུལ་ཞིག་ཏུ་གྱུར་ཡོད་ཅིང་། ཧྭ་ལུང་རྫོང་ཁམ་བུའི་མེ་ཏོག་རིག་གནས་སྒྱུ་རྩལ་གཟའ་འཁོར་ལོ་རེར་གནས་དེ་རུ་སྤེལ་བཞིན་ཡོད། “དཔྱིད་ཀར་ཁམ་བུའི་མེ་ཏོག་ལ་རོལ་མྱོང་དང་། དབྱར་སྟོན་དུས་སུ་སྔོ་ལྗང་རི་ལ་ཉུལ་བ། དགུན་དུས་ངང་དཀར་ལ་ལྟ་བ”བཅས་བྱས་ཏེ། ཨན་འདར་ཆ་ག་སྡེ་བས་སྐྱེ་ཁམས་ཐོན་ཁུངས་ལ་བརྟེན་ནས་ཁྱད་ལྡན་ཐོན་ལས་བསྐྲུན་ཡོད་ལ། ཡུལ་མི་ཚོར་རང་ཁྱིམ་གྱི་སྒོ་དྲུང་དུ་ཕྱུག་འགྱུར་ལམ་བུ་དེ་ལས་མང་པོ་བཏོད་ཡོད།

རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།