མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱིས་ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་བཅས་ཀྱི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་འཕེལ་རྒྱས་ཀྱི་འདུ་ཤེས་ཆེན་པོ་ལྔ་དང་“ནན་ནན་ཏིག་ཏིག་བཞིའི་”བླང་བྱ་གལ་ཆེན་ཁྲིད་སྟོན་བྱས་ཏེ། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པའི་འབད་འཐབ་དམིགས་འབེན་ཁོང་དུ་ཆུད་པར་བྱས་ཏེ། ནུས་ཤུགས་ཡོད་རྒུས་འབྱོར་ཕྱུག་གི་མཚོ་བྱང་དང་། ཤེས་རིག་གི་མཚོ་བྱང་། འཆམ་མཐུན་གྱི་མཚོ་བྱང་། མཛེས་སྡུག་གི་མཚོ་བྱང་། བདེ་སྐྱིད་ཀྱི་མཚོ་བྱང་བཅས“རྣམ་པ་ལྔའི་མཚོ་བྱང་”གི་མ་འོངས་བའི་ལོ་ལྔའི་ལས་འགན་གསར་བ་དང་བླང་བྱ་གསར་བར་བརྩིས་ཏེ། གཅིག་གྱུར་མཐུན་སྦྱོར་ངང་དཔལ་འབྱོར་དང་ཆབ་སྲིད། རིག་གནས། སྤྱི་ཚོགས། སྐྱེ་ཁམས་དཔལ་ཡོན་དང་ཏང་གི་འཛུགས་སྐྲུན་ལ་སྐུལ་འདེད་བྱེད་པ་དང་། སྔར་ལས་ལྷག་པའི་སྒོ་ནས་འབྱོར་ཕྱུག་ཤེས་རིག་དང་འཆམ་མཐུན་མཛེས་སྡུག་གི་མཚོ་བྱང་གསར་བ་འཛུགས་པར་འབད་བརྩོན་བྱེད་དགོས།
རིགས་བསྒྱུར་མཉམ་འདྲེས་དང་འཕེལ་རྒྱས་སྒུལ་ཤུགས་ཀྱིས་ཁེངས་པའི་འབྱོར་ཕྱུག་གི་མཚོ་བྱང་འཛུགས་སྐྲུན་བྱ་དགོས། མ་སྐུལ་དང་ལེན་གྱིས་དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་བར་མཐུན་པ་དང་སྣེ་ཁྲིད་བྱས་ཏེ། འབད་བརྩོན་གྱིས་མཐོ་སྒང་གི་དེང་རབས་ཅན་གྱི་སྐྱེ་ཁམས་ཕྱུག་ལས་དེ་མཚོ་སྔོན་ཞིང་ཆེན་ནང་ཁུལ་གྱི་སྔོན་ཐོན་དུ་རྒྱུན་འཁྱོངས་བྱ་དགོས། བཟོ་སྐྲུན་ལས་རིགས་དང་རིག་གནས་ཐོན་ལས། དེང་རབས་ཅན་གྱི་ཞབས་ཞུ་ལས་རིགས་བཅས་མཐོར་འདེགས་སུ་བཏང་ནས་དེང་རབས་ཀྱི་ཞབས་ཞུའི་ལས་རིགས་ཀྱི་རིན་ཐང་འཕར་མའི་བསྡུར་ཚད་དེའི་སྔར་ལས་ལྷག་པའི་སྒོ་ནས་ལྗང་མདོག་སྟོབས་ཆེར་གཏོར་རྒྱུ་དང་།ཐཱན་ཉུང་།འཁོར་སྐྱོད་དཔལ་འབྱོར་ཐོན་ལས་སོགས་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་བསྡུར་ཚད་མཐོར་འདེགས་སུ་བཏང་། དཔལའབྱོར་འཕེལ་རྒྱས་གཏོང་སྟངས་བསྒྱུར་བ་ཇེ་མགྱོགས་སུ་གཏོང་བ་དང་། ཐོན་ལས་རིགས་སྒྱུར་རིམ་སྤོར་བྱེད་པར་སྐུལ་འདེད་གཏོང་དགོས། ཐེངས་དང་པོ་དང་གཉིས་པ་གསུམ་པ་བཅས་མཉམ་འདྲེས་གཏིང་ཟབ་ངང་འཕེལ་རྒྱས་འགྲོ་བ་མངོན་འགྱུར་བྱེད་པ་དང་དཔལ་འབྱོར་འཕར་བའི་སྒུལ་ཤུགས་གསར་པ་ཞིག་སྐྱེད་སྲིང་བྱས་ནས་ཆགས་པར་བྱ་དགོས། གྲོང་རྡལ་ཅན་གསར་བ་དང་གྲོང་གསེབ་གསར་བ། འབྲོག་ཁུལ་གསར་བ་བཅས་མཐུན་སྦྱོར་ངང་འཛུགས་སྐྲུན་བྱེད་དགོས། མཁར་གྲོང་ཅན་གྱི་ཆུ་ཚད་ཇེ་མཐོར་བཏང་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་བར་ཁྱད་ཇེ་ཆུང་དུ་གཏོང་དགོས།
མཁར་གྲོང་གཞི་གཅིག་ཅན་འཕེལ་རྒྱས་སུ་གཏོང་བའི་སྒྲིག་སྲོལ་ནང་རྐྱེན་འཐུས་ཚང་དུ་གཏོང་དགོས། མཉམ་དུ་ལོངས་སྤྱོད་བྱེད་རྒྱུ་ཡོད་པར་གཏོང་བ་དང་། མི་དམངས་ཀྱི་རྒྱུ་སྤུས་མཐོ་བའི་དཔལ་ཡོན་གྱི་མཚོ་བྱང་བསྐྲུན་དགོས།། ཀྲུང་གོའི་ཕུགས་འདུན་དང་སྤྱི་ཚོགས་རིང་ལུགས་ཀྱི་རིན་ཐང་ལྟ་བ་སྔར་ལས་སེམས་ལ་འཛིན་པ་དང་། རྒྱལ་གཅེས་རིང་ལུགས་དང་། ཐུན་མོང་རིང་ལུགས། སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་རྒྱ་ཁྱབ་དུ་དར་སྤེལ་གཏོང་བ་དང་། མི་རིགས་སོ་སོས་མཉམ་དུ་འཕེལ་རྒྱས་ཡོང་བའི་བསམ་བློའི་རྨང་གཞི་ཇེ་བརྟན་དུ་གཏོང་བ། རང་བྱུང་ཁམས་ལ་བརྩི་བཀུར་བྱེད་པ། ཚན་རིག་གི་དེང་རབས་དཔལ་ཡོན་འདུ་ཤེས་ལ་གོང་བཀུར་ཡོད་པ། ཡིད་རྟོན་སྒོས་ཕན་ཚུན་ལ་རོགས་འདེགས་བྱེད་པའི་སྤྱི་ཚོགས་ཀྱི་གོམས་སྲོལ་ཇེ་བཟང་དུ་གཏོང་བ། མི་དམངས་ཀྱི་བསམ་བློའི་ཀུན་སྤྱོད་ཀྱི་རྒྱུ་སྤུས་དང་། ཁྲིམས་ལུགས་ཀྱི་རྒྱུ་སྤུས། ཚན་རིག་རིག་གནས་ཀྱི་རྒྱུ་སྤུས། བདེ་ཐང་གི་རྒྱུ་སྤུས་སོགས་མཐོར་འདེགས་གཏོང་དགོས། སྤྱི་ཡོངས་ཀྱི་རྨང་གཞིའི་ཤེས་བྱའི་ཞབས་ཞུའི་མ་ལག་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་། རིག་གནས་ལས་དོན་དང་རིག་གནས་ཐོན་ལས་མགྱོགས་མྱུར་ངང་དར་སྤེལ་གཏོང་བ། འབར་མདེལ་གཉིས་ཀྱི་ཞིབ་བཟོའི་རྟེན་གཞི་སོགས་མཚོན་བྱེད་ཡིན་པའི་མཚོ་བྱང་གི་སྙིང་སྟོབས་མངོན་འགྱུར་བྱེད་པར་གྲུབ་འབྲས་ལེན་དགོས།
མཐུན་སྒྲིལ་བརྟན་འཇགས་དང་སྤྱི་ཚོགས་སྒྲིག་ལམ་སྔར་ལས་བཟང་བོའི་འཆམ་མཐུན་གྱི་མཚོ་བྱང་འཛུགས་སྐྲུན་བྱེད་དགོས། རྒྱུན་ཆད་མེད་པར་བདེ་འཇགས་མཚོ་བྱང་འཛུགས་སྐྲུན་ཇེ་ཟབ་ཏུ་གཏོང་བ་དང་དུས་ཐོག་ཏུ་ཕྱོགས་སོ་སོ་དང་རིམ་པ་སོ་སོའི་ཁེ་ཕན་གཏུག་བཤེར་དང་འགལ་བ་རྩོད་གཞི་བཅས་མཐུན་སྦྱོར་དང་ཐག་གཅོད་བྱེད་པ་དང་། སྤྱི་ཚོགས་བརྟན་འཇགས་ཀྱི་ཉེན་ཁའི་དཔྱད་བསྡུར་ནང་རྐྱེན་འཐུས་ཚང་དུ་གཏོང་བ། རིགས་སོ་སོའི་མང་ཚོགས་ཀྱི་བརྩོན་སེམས་དང་གསར་གཏོད་རང་བཞིན་འདོན་སྤེལ་གང་ལེགས་བྱས་ནས་ཧུར་ཐག་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་གྱི་ལོ་ལྔར་ཡང་བསྐྱར་མཐོར་འདེགས་བྱེད་པའི་དམིགས་འབེན་ཡོངས་འགྲུབ་བྱེད་དགོས། ཁྱོན་ཡོངས་ནས་ཁྲིམས་སྐྱོང་མཚོ་བྱང་འཛུགས་སྐྲུན་བྱེད་པའི་དམིགས་འབེན་སྣ་ཚོགས་མངོན་འགྱུར་བྱེད་པ་དང་ཆོས་ལུགས་ལས་དོན་ཁྲིམས་ལྟར་དོ་དམ་བྱས་ཏེ་ཚད་ལྡན་དུ་གཏོང་བ། མི་དམངས་དམངས་གཙོ་འཐུས་ཚང་དུ་གཏོང་བ། གཞི་རྩའི་སྟེང་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྲུན་བྱེད་པ། ཁྲིམས་འཛིན་ཡིད་ཆེས་མཐོར་འདེགས་གཏོང་བ། གཞི་གསུམ་འཛུགས་སྐྲུན་ལ་ཤུགས་བསྣན་ནས་ཏང་འཛུགས་ལམ་ལུགས་ཅན་གྱི་ཆུ་ཚད་མངོན་གསལ་མཐོར་འདེགས་གཏོང་དགོས།
རི་ཀླུང་མཛེས་ཤིང་ཡིད་དུ་འོང་བ་དང་སྐྱེ་ཁམས་ཁོར་ཡུག་སྔར་ལས་བཟང་བོའི་མཛེས་སྡུག་གི་མཚོ་བྱང་འཛུགས་སྐྲུན་བྱེད་དགོས། སྐྱེ་ཁམས་སྲུང་སྐྱོབ་དམིགས་སུ་བཀར་བའི་འདུ་ཤེས་བརྟན་པོར་འཛུགས་དགོས་པ་དང་གཟབ་ནན་གྱིས་གྲུབ་ཆ་གཙོ་བོའི་བྱེད་ལས་ཁུལ་གྱི་འཆར་འགོད་དོན་འཁྱོལ་བྱེད་པ། ནུས་ཡོད་སྒོས་རང་བྱུང་སྐྱེ་ཁམས་མ་ལག་སྲུང་སྐྱོབ་བྱེད་པ། མཁར་གྲོང་གི་ཁོར་ཡུག་སྤུས་ཚད་ལེགས་བཅོས་བྱེད་པ། ནགས་ཚལ་ཐོན་ཁུངས་དོ་དམ་དང་སྲུང་སྐྱོབ་བྱེད་པ། བརླན་སའི་ཐོན་ཁུངས་སྲུང་སྐྱོབ་བྱེད་པ། བྱེ་མ་འགོག་བཅོས་དང་ སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོབ་བྱེད་པ། སྐྱེ་ཁམས་རིག་གནས་ཡུལ་སྐོར་བཅས་ཕྱོགས་ལྔའི་ཐད་ལ་བརྩོན་ལེན་བྱས་ཏེ་ཞིང་ཆེན་ཡོངས་ཀྱི་མདུན་གྲས་སུ་བསྐྱོད་དགོས། ཐོན་ཁུངས་གྲོན་ཆུང་གིས་བེད་སྤྱོད་དང་ཕྱོགས་བསྡུས་བེད་སྤྱོད་ཆུ་ཚད་མཐོར་འདེགས་བཏང་ནས་ལྗང་མདོག་དང་ཐན་ཉུང་། འཁོར་སྐྱོད་བཅས་ཀྱི་འཕེལ་རྒྱས་རྣམ་པ་འཛུགས་དགོས། སྐྱེ་ཁམས་ཆགས་སྟངས་དང་སྐྱེ་ཁམས་ཁོར་ཡུག སྐྱེ་ཁམས་ལམ་ལུགས། སྐྱེ་ཁམས་རིག་གནས་བཅས་ཕན་ཚུན་གཅིག་རམ་གཅིགའདེགས་གི་འཕེལ་རྒྱས་མ་ལག་ཆགས་པར་བྱེད་དགོས།
ས་ཁུལ་དང་བསྟུན་ནས་ལས་ཀ་གཉེར་བ་དང་། མི་དམངས་སྔར་ལས་བདེ་སྐྱིད་ལྡན་པའི་བདེ་སྐྱིད་ཀྱི་མཚོ་བྱང་འཛུགས་སྐྲུན་བྱེད་དགོས། ཁྱོན་ཡོངས་ནས་རིགས་སོ་སོའི་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བའི་ཆུ་ཚད་ལེགས་བཅོས་བྱེད་པ་དང་ཡོང་འབབ་འབྲིང་རིམ་གྱི་མི་གྲངས་བསྡུར་ཚད་རྒྱ་བསྐྱེད་པ། རྒྱལ་ཁབ་ཀྱི་ད་ཡོད་ཚད་གཞིའི་འོག་གི་རོང་འབྲོག་ཁུལ་གྱི་དབུལ་ཕོངས་མི་གྲངས་ཡུན་རིང་དུ་ཕན་པའི་དབུལ་ཐར་བྱེད་པ་དང་དབུལ་ཕོངས་སྡེ་བ་ཧྲིལ་བོ་དབུལ་ཐར་བྱེད་པ། དབུལ་ཕོངས་རྫོང་ཚང་མ་དབུལ་ཐར་བྱེད་པ་མངོན་འགྱུར་བྱེད་དགོས། རྨང་གཞིའི་སྒྲིག་ཆས་དང་སྤྱི་བའི་ཞབས་ཞུའི་སྒྲིག་ཆས་འཐུས་ཚང་དུ་བཏང་ནས་མཁར་གྲོང་གཅིག་གྱུར་གྱི་གཞི་རྩའི་སྤྱི་བའི་ཞབས་ཞུའི་མ་ལག་འཛུགས་སྐྲུན་བྱེད་པ་དང་སློབ་གསོའི་སྤུས་ཚད་མཐོར་འདེགས་བཏང་ནས་སྤྱི་ཚོགས་ལས་ཞུགས་ཀྱི་ཚད་དང་མཁར་གྲོང་སྡོད་དམངས་ཀྱི་རྒན་གསོའི་འགན་སྲུང་ཆུ་ཚད། མང་ཚོགས་བདེ་ཐང་ཆུ་ཚད་བཅས་ཧུར་ཐག་གིས་ཞིང་ཆེན་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་མཐོ་རུ་གཏོང་བ་དང་། ལས་བྱེད་པ་དང་མང་ཚོགས་ཀྱི་དངོས་པོའི་འཚོ་བ་དང་བསམ་པའི་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་བཏང་ནས་དམངས་ཚིས་སྤུས་ཚད་མཐོར་འདེགས་དང་དམངས་ཚོགས་ཀྱི་བདེ་སྐྱིད་ཚོར་བ་ཇེ་དྲག་ཏུ་གཏོང་དགོས།
ལོ་ཙཱ་བ། སྐར་མ་འཚོ།