(2016ལོའི་ཟླ་10ཚེས་27)ཉིན་ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་ཐོག་གྲོས་འཆམ་བྱུང་བ)
ལེའུ་དང་པོ། སྤྱིའི་རྩ་དོན།
དོན་ཚན་དང་པོ། ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་དང་། ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ། ཏང་ནང་ཁུལ་གྱི་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་པ། ཏང་གི་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་རྒྱུན་འཁྱོངས་བཅས་བྱ་ཆེད«ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཡིག»གཞིར་བཟུང་ནས་སྲོལ་ཡིག་འདི་གཏན་འབེབས་བྱས་པ་རེད།
དོན་ཚན་གཉིས་པ། ཏང་ནང་ཁུལ་གྱི་ལྟ་སྐུལ་ཐད་མར་ཁེ་སི་ལེ་ཉིང་རིང་ལུགས་དང་། མའོ་ཙེ་ཏུང་གི་དགོངས་པ། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས། “མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ཀྱི་ལྟ་བ་བཅས་མཛུབ་སྟོན་དུ་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིན་གྱི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་བསྟར་གཏིང་ཟབ་དང་། “ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་སྒྲིག་ལ་སྤྱི་འདོམས། “ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་སྐུལ་འདེད། ཏང་གི་སྒྲིག་ཡིག་གོང་དུ་བཀུར་བ། སྒྲིག་སྲོལ་བཞིན་ཏང་སྐྱོང་བ། ཏང་ནང་ཁུལ་གྱི་ལྟ་སྐུལ་དང་མི་དམངས་མང་ཚོགས་ཀྱི་ལྟ་སྐུལ་ཟུང་འབྲེལ་བྱ་རྒྱུ་རྒྱུན་འཁྱོངས། ཏང་གིས་ཡུན་རིང་སྲིད་འཛིན་པའི་ཆ་རྐྱེན་འོག་རང་ཉིད་དྭངས་གཙང་དང་། རང་ཉིད་འཐུས་ཚང་། རང་ཉིད་གསར་བརྗེ། རང་ངོས་ནུས་པ་ཆེར་གཏོང་བཅས་ལ་ཤུགས་སྣོན་བརྒྱབ་ནས། ཏང་འདི་ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་ཀྱི་སྲོག་ཤིང་དུ་འགྱུར་བའི་འགན་ལེན་བྱེད་དགོས།
དོན་ཚན་གསུམ་པ། ཏང་ནང་ཁུལ་གྱི་ལྟ་སྐུལ་ལ་ཚད་བཀག་མེད་ལ་དམིགས་བསལ་གང་ཡང་མེད། ཡིད་ཆེས་ཀྱིས་ལྟ་སྐུལ་གྱི་ཚབ་བྱེད་མི་ཐུབ། རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་ཡིད་ཆེས་འཕེལ་བ་དང་ལྟ་སྐུལ་ནན་པོ་ཟུང་འབྲེལ་གྱིས་ཏང་གི་མགོ་ཁྲིད་ལས་བྱེད་པས་དབང་ཆ་ཡོད་ཕྱིན་ངེས་པར་དུ་འགན་འཁྲི་སྒྲུབ་པ་དང་། དབང་ཆ་ཡོད་ཕྱིན་འགན་ཁུར་ཡོད་པ། དབང་ཆ་ཡོད་ཕྱིན་ལྟ་སྐུལ་དང་ལེན་བྱེད་པ། འགན་འཁྲི་ཡག་པོ་མ་ཁུར་ཕྱིན་ངེས་པར་དུ་རྩད་གཅོད་བཅས་བྱེད་དགོས།
དོན་ཚན་བཞི་པ། ཏང་ནང་ཁུལ་གྱི་ལྟ་སྐུལ་བྱེད་པར་ངེས་པར་དུ་དམངས་གཙོ་གཅིག་སྡུད་ལམ་ལུགས་ལག་ལེན་དུ་བསྟར་ནས་སྒྲིག་སྲོལ་དང་སྒྲིག་ཁྲིམས་བཞིན་ལྟ་སྐུལ་བྱེད་པ་དང་། གོང་ནས་འོག་བར་གྱི་རྩ་འཛུགས་ཀྱི་ལྟ་སྐུལ་བྱ་རྒྱུར་ཤུགས་སྣོན་རྒྱག་པ། འོག་ནས་གོང་བར་གྱི་དམངས་གཙོའི་ལྟ་སྐུལ་ཇེ་ལེགས་སུ་གཏོང་བ། རིམ་པ་གཅིག་མཚུངས་བར་ཕན་ཚུན་ལྟ་སྐུལ་བྱེད་པའི་ནུས་པ་ཤེས་རྟོགས་ཐུབ་པ་བཅས་བྱེད་དགོས། སྔ་བསླབ་ཕྱི་འདོམས་དང་ནད་བཅོས་སྲོག་སྐྱོབ། སྔ་ཙམ་ནས་དམ་འཛིན་དང་ཆུང་བ་ནས་དམ་འཛིན། རྐྱེན་རྩ་ཆུང་ཟློག་བཅས་བྱ་རྒྱུར་རྒྱུན་འཁྱོངས་བྱེད་དགོས།
དོན་ཚན་ལྔ་པ། ཏང་ནང་ཁུལ་གྱི་ལྟ་སྐུལ་གྱི་ལས་འགན་ནི་ཏང་གི་སྒྲིག་ཡིག་དང་། ཏང་གི་སྒྲིག་སྲོལ། ཏང་གི་སྒྲིག་ཁྲིམས་བཅས་ཏང་ཡོངས་སུ་ལག་བསྟར་ནུས་ལྡན་ཐུབ་པའི་འགན་ལེན་བྱས་ཏེ། ཏང་གི་མཐུན་སྒྲིལ་གཅིག་གྱུར་སྲུང་སྐྱོང་བྱེད་པ་དང་། ཏང་གི་མགོ་ཁྲིད་ཉམས་ཞན་དང་། ཏང་འཛུགས་སྐྱོང་འཐུས་ཤོར། ཕྱོགས་ཡོངས་ནས་ཏང་ནན་མོས་སྐྱོང་རྒྱུ་མི་འདང་བ། ཏང་གི་འདུ་ཤེས་ཞན་པ། རྩ་འཛུགས་ནུས་མེད་ཟབ་ཟོབ། སྒྲིག་ཁྲིམས་ལྷོད་གཡེང་། ཏང་ལ་དོ་དམ་དང་ཏང་སྐྱོང་རྒྱུ་ལྷུག་པ་དང་ནུས་མེད་ཟབ་ཟོབ་ཀྱི་གནད་དོན་གཙོ་གནད་ཐོག་ཐག་གཅོད་བྱེད་པ། ཏང་གི་རྩ་འཛུགས་ཀྱིས་འགན་ནུས་གང་ལེགས་འདོན་པ་དང་སྲོག་ཤིང་གི་ནུས་པ་འདོན་སྤེལ་ཐུབ་པའི་འགན་ལེན་བྱེད་པ། ཏང་ཡོན་ཡོངས་ཀྱིས་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་ཐུབ་པའི་འགན་ལེན་བྱེད་པ་བཅས་ལས་ཏང་གི་མགོ་ཁྲིད་ལས་བྱེད་པ་ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁྲི་ཁུར་ཕོད་པ་བཅས་ཡོང་བའི་འགན་ལེན་བྱེད་དགོས།
ཏང་ནང་ཁུལ་གྱི་ལྟ་སྐུལ་གྱི་ནང་དོན་གཙོ་བོ་ནི།
(གཅིག)ཏང་གི་སྒྲིག་ཡིག་དང་ཏང་གི་སྒྲིག་སྲོལ་ལ་བརྩི་སྲུང་ཞུ་བ་དང་། ཕུགས་བསམ་དང་དད་སེམས་ཇེ་བརྟན་དུ་གཏོང་བ། ཏང་གི་དམིགས་ཡུལ་ལག་ལེན་བསྟར་བ་བཅས་བྱས་ཏེ། རྩ་ཁྲིམས་དང་བཅའ་ཁྲིམས་ལ་དཔེ་སྟོན་ངང་བརྩི་སྲུང་ཞུ་བའི་གནས་ཚུལ།
(གཉིས)ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་མགོ་ཁྲིད་སྲུང་སྐྱོང་དང་། ཆབ་སྲིད་ཀྱི་འདུ་ཤེས། སྤྱི་ཡོངས་ཀྱི་འདུ་ཤེས། སྲོག་ཤིང་གི་འདུ་ཤེས། མིག་ལྟོས་ཀྱི་འདུ་ཤེས་བཅས་གཏིང་ཟབ་ཏུ་ཏན་ཏིག་བཏང་སྟེ་ཏང་གི་རིགས་པའི་གཞུང་ལུགས་དང་། ལམ་ཕྱོགས། མཛད་ཕྱོགས། སྲིད་ཇུས་བཅས་ལག་བསྟར་དོན་འཁྱོལ་བྱས་ཏེ། ཏང་ཡོངས་སུ་གང་གསུང་དེ་སྒྲུབ་ཐུབ་པའི་འགན་ལེན་བྱེད་པའི་གནས་ཚུལ།
(གསུམ)དམངས་གཙོ་གཅིག་སྡུད་ལམ་ལུགས་མཐའ་འཁྱོངས་དང་། ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་ནན་དུ་གཏོང་བ་དང་། ཏང་ཡོན་མི་སྒེར་གྱིས་ཏང་གི་རྩ་འཛུགས་ལ་བརྩི་བཀུར་བྱེད་པ། ཉུང་བས་མང་བར་བརྩི་བཀུར་བྱེད་པ། འོག་རིམ་རྩ་འཛུགས་ཀྱིས་གོང་རིམ་རྩ་འཛུགས་ལ་བརྩི་བཀུར་བྱེད་པ། ཏང་ཡོངས་ཀྱི་རྩ་འཛུགས་ཁག་དང་ཏང་ཡོན་ཡོངས་ཀྱིས་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་དང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་རྩ་དོན་ལ་བརྩི་བཀུར་ཞུ་བའི་གནས་ཚུལ།
(བཞི)ཕྱོགས་ཡོངས་ནས་ཏང་ནན་མོས་སྐྱོང་བའི་འགན་འཁྲི་དོན་འཁྱོལ་དང་། ཏང་གི་སྒྲིག་ཁྲིམས་དང་ལྷག་པར་དུ་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་ནན་དུ་བཏང་ནས། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་རྒོལ་ལས་དོན་སྤེལ་བའི་གནས་ཚུལ།
(ལྔ)ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་དང་། སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། མང་ཚོགས་དང་འབྲེལ་བ་དམ་ཟབ་བཅས་བྱས་ཏེ། ཏང་གི་སྲིད་འཛིན་རྨང་གཞི་ཇེ་བརྟན་དུ་གཏོང་བའི་གནས་ཚུལ།
(དྲུག)ཏང་གི་ལས་བྱེད་པའི་ཚད་གཞི་རྒྱུན་འཁྱོངས་དང་། ཡང་དག་པའི་མི་སྣ་འདེམས་སྤྱོད་ཀྱི་སྟོན་ཕྱོགས་བཏོད་ནས་ལས་བྱེད་པ་འདེམས་སྤྱོད་ལས་དོན་གྱི་གཏན་འབེབས་ལག་བསྟར་བྱེད་པའི་གནས་ཚུལ།
(བདུན)སྤྱོད་གཙང་རང་འདོམས་དང་དྲང་གཞག་དབང་ཆ་སྤྱོད་པའི་གནས་ཚུལ།
(བརྒྱད)ཏང་ཀྲུང་དབྱང་དང་གོང་རིམ་ཏང་རྩ་འཛུགས་ཀྱིས་བཀོད་སྒྲིག་བྱས་པའི་ལས་འགན་སྒྲུབ་པའི་གནས་ཚུལ་བཅས་ཡིན།
དོན་ཚན་དྲུག་པ། ཏང་ནང་ཁུལ་གྱི་ལྟ་སྐུལ་གྱི་གཙོ་གནད་ནི་ཏང་གི་མགོ་ཁྲིད་ལས་ཁུངས་དང་མགོ་ཁྲིད་ལས་བྱེད་པ་དང་། ལྷག་པར་དུ་མགོ་ཁྲིད་ལས་བྱེད་པ་གཙོ་བོ་ཡིན།
དོན་ཚན་བདུན་པ། ཏང་ནང་ཁུལ་གྱི་ལྟ་སྐུལ་བྱེད་སྐབས། ངེས་པར་དུ་སྒྲིག་ཁྲིམས་ཨང་དང་པོར་བཞག་སྟེ་སྒྲིག་ཁྲིམས་ལག་བསྟར་ལ་ལྟ་སྐུལ་བྱེད་པའི“རྣམ་པ་བཞི”སྤྱད་དེ། རྟག་ཏུ་སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་བྱེད་པ་དང་། སྐོང་འདྲི་དང་ཡི་གེ་བསྐུར་ནས་སྐད་ཆ་དྲིས་ཏེ“གདོང་དམར་པོ་ཆགས་པ་དང་རྔུལ་ནག་འདོན་རྒྱུ”དེ་རྒྱུན་རྣམ་དུ་འགྱུར་བ་བྱེད་དགོས་པ་དང་། ཏང་གི་སྒྲིག་ཁྲིམས་ཀྱི་ཆད་པ་ཡང་བ་གཅོད་པ་དང་རྩ་འཛུགས་ལེགས་སྒྲིག་བྱ་རྒྱུ་དེ་སྒྲིག་འགལ་ཐག་གཅོད་བྱེད་ཐབས་ཕལ་ཆེར་འགྱུར་བ། ཏང་གི་སྒྲིག་ཁྲིམས་ཆད་པ་ལྕི་མོ་གཅོད་པ་དང་ལས་གནས་ལེགས་སྒྲིག་འགངས་ཆེན་བྱ་རྒྱུ་དེ་ཉུང་ཤས་སུ་འགྱུར་བ། སྒྲིག་འགལ་ཚབས་ཆེན་བྱེད་པ་དང་ཁྲིམས་འགལ་དོགས་པ་ཡོད་པའི་གྱོད་དོན་ཐོ་འགོད་ཞིབ་བཤེར་བྱ་རྒྱུ་དེ་ཆེས་ཉུང་ཤས་སུ་འགྱུར་བ་བཅས་བྱེད་དགོས།
དོན་ཚན་བརྒྱད་པ། ཏང་གི་མགོ་ཁྲིད་ལས་བྱེད་པས་རང་གཅུན་རང་འདོམས་བྱེད་ཤུགས་ཆེ་རུ་བཏང་ནས་རྟག་ཏུ་ཏང་གི་སྒྲིག་ཡིག་ལ་ལྟ་བསྡུར་བྱས་ཏེ་རང་ཉིད་ཀྱི་གཏམ་སྤྱོད་ཞིབ་བཤེར་བྱེད་པ་དང་རང་འགུལ་ངང་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་ཚད་གཞི་དང་སྤྱོད་གཙང་རང་འདོམས་ཀྱི་ཚད་གཞི་ནན་པོ་བསྲུངས་ནས་ཏང་གཤིས་བློ་སྦྱོང་ལ་ཤུགས་སྣོན་རྒྱག་པ་དང་ཀུན་སྤྱོད་ཞུན་བརྡར་བྱས་ནས། གུང་ཁྲན་ཏང་མིའི་ཆབ་སྲིད་ཀྱི་རང་གཤིས་ནམ་ཡང་གནས་པ་བྱེད་དགོས།
དོན་ཚན་དགུ་པ། ཏང་ཀྲུང་དབྱང་གི་གཅིག་གྱུར་མགོ་ཁྲིད་དང་། ཏང་ཨུ་ཡིས་ཕྱོགས་ཡོངས་ནས་ལྟ་སྐུལ་བྱེད་པ། སྒྲིག་ཁྲིམས་ཞིབ་བཤེར་ལས་ཁུངས་ཀྱིས་ཆེད་མངགས་ལྟ་སྐུལ་བྱེད་འགན་ཁུར་བ། ཏང་གི་ལས་དོན་སྡེ་ཁག་གིས་འགན་ནུས་ལྟ་སྐུལ་བྱེད་པ། ཏང་གི་གཞི་རིམ་རྩ་འཛུགས་ཀྱིས་རྒྱུན་གཏན་གྱི་ལྟ་སྐུལ་བྱེད་པ། ཏང་ཡོན་གྱིས་དམངས་གཙོའི་ལྟ་སྐུལ་བྱེད་པ་བཅས་ཀྱི་ཏང་ནང་ཁུལ་གྱི་ལྟ་སྐུལ་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས།
ལེའུ་གཉིས་པ། ཏང་གི་ཀྲུང་དབྱང་རྩ་འཛུགས་ཀྱི་ལྟ་སྐུལ།
དོན་ཚན་བཅུ་པ། ཏང་གི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་དང་། ཀྲུང་དབྱང་ཆབ་སྲིད་ཅུའུ། ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ལས་ཨུ་ཡོན་ལྷན་ཁང་བཅས་ཀྱིས་ཏང་ནང་ཁུལ་གྱི་ལྟ་སྐུལ་ལས་དོན་ལ་ཕྱོགས་ཡོངས་ནས་མགོ་ཁྲིད་བྱེད་དགོས། ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐོག་ལོ་ལྟར་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ལས་དོན་སྙན་སྒྲོན་གསན་པ་དང་། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ལས་ཀར་ལྟ་སྐུལ་བྱེད་པ། ཏང་ནང་ཁུལ་གྱི་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་པའི་ལས་འགན་གལ་ཆེན་བཀོད་སྒྲིག་བཅས་བྱེད་དགོས།
དོན་ཚན་བཅུ་གཅིག་པ། ཀྲུང་དབྱང་ཆབ་སྲིད་ཅུའུ་དང་ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ལས་ཨུ་ཡོན་གྱིས་དུས་བཀག་ལྟར་ཏང་ཡོངས་སུ་སློབ་སྦྱོང་སློབ་གསོ་སྤེལ་རྒྱུ་ཞིབ་འཇུག་དང་བཀོད་སྒྲིག་བྱས་ནས། སྤྱོད་ཚུལ་ལེགས་གཏོང་གི་སྙིང་སྟོབས་ལ་བརྟེན་ཏེ་གནད་དོན་བཙལ་འཚོལ་དང་ཧེ་བག་ཡོ་བསྲང་བྱེད་དགོས་པ་དང་། ཏང་ཡོངས་ཀྱི་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་བྱེད་ཚུལ་གྱི་སྙན་སྒྲོན་ཉན་པ་དང་གྲོས་ཞིབ་བྱས་ཏེ། སྤྱོད་ཚུལ་འཛུགས་སྐྱོང་བྱེད་ཚུལ་ཐད་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་དགོས་པ། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་ཉན་དགོས་པ། ཀྲུང་དབྱང་གི་སྐོར་གཟིགས་བྱེད་ཚུལ་གྱི་སྙན་སྒྲོན་ཉན་པ་དང་། སྐབས་གཅིག་གི་ལས་འགན་ཁུར་ཡུན་ནང་ཀྲུང་དབྱང་གི་སྐོར་གཟིགས་ཡོངས་ཁྱབ་ཐུབ་པ་བཅས་བྱེད་དགོས། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་ལོ་ལྟར་དམངས་གཙོའི་འཚོ་བའི་ཚོགས་འདུ་འཚོག་སྟེ། ལྟ་བསྡུར་ཞིབ་བཤེར་དང་ཏང་གཤིས་དབྱེ་ཞིབ་བྱས་ནས་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་ཐབས་ཞིབ་འཇུག་བྱེད་དགོས།
དོན་ཚན་བཅུ་གཉིས་པ། ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཁོངས་མིས་ངེས་པར་དུ་ཏང་གི་ཆབ་སྲིད་སྒྲིག་ཁྲིམས་དང་ཆབ་སྲིད་སྒྲིག་ལམ་ལ་སྲུང་བརྩི་ནན་པོ་ཞུས་ཏེ། ཁོངས་མི་གཞན་དག་ལ་ཏང་གི་སྒྲིག་ཡིག་ལས་འགལ་བ་དང་། ཏང་གི་སྒྲིག་ཁྲིམས་གཏོར་བཤིག་གཏོང་བ། ཏང་གི་མཐུན་སྒྲིལ་དང་གཅིག་གྱུར་ལ་གནོད་འཚེ་གཏོང་བ་བཅས་ཀྱི་བྱ་སྤྱོད་ཡོད་པ་ཤེས་ཚེ། མཐའ་གཅིག་ཏུ་བཀག་འགོག་བྱེད་དགོས་པ་དང་འབྲེལ། དུས་ཐོག་ཏུ་ཏང་ཀྲུང་དབྱང་ལ་སྙན་སེང་ཞུ་དགོས། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་ལ་བསམ་འཆར་ཡོད་ཚེ། མིང་ངོ་མ་བཀོད་ནས་ཡིག་ཐོག་གམ་ཡང་ན་བྱེད་ཐབས་གཞན་དག་བརྒྱུད་ནས་ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ལས་ཨུ་ཡོན་ལྷན་ཁང་ངམ་ཡང་ན་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ལྷན་ལ་སྙན་སེང་ཞུ་དགོས།
དོན་ཚན་བཅུ་གསུམ་པ། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་གྱིས་ཐད་ཀར་ལས་འགན་ཁག་བགོས་དོ་དམ་སྡེ་ཚན་དང་། ས་གནས། ཁྱབ་ཁོངས་བཅས་ཀྱི་ཏང་རྩ་འཛུགས་དང་མགོ་ཁྲིད་ཚན་ཁག་གི་ཁོངས་མིའི་ལྟ་སྐུལ་ལ་ཤུགས་སྣོན་བརྒྱབ་ནས། དུས་བཀག་ལྟར་འབྲེལ་ཡོད་ས་གནས་དང་སྡེ་ཚན་གྱི་འགན་འཁུར་བ་གཙོ་བོ་དང་མཉམ་དུ་དེའི་ཕྱོགས་ཡོངས་ནས་ཏང་ནན་མོས་སྐྱོང་བའི་འགན་འཁྲི་སྒྲུབ་ཚུལ་དང་སྤྱོད་གཙང་རང་འདོམས་སོགས་ཀྱི་གནས་ཚུལ་ཐད་གླེང་མོལ་བྱེད་དགོས།
དོན་ཚན་བཅུ་བཞི་པ། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་གྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ལག་ལེན་ནན་པོ་བསྟར་ནས། རྩ་འཛུགས་ཀྱི་འཚོ་བ་གཉིས་ནང་རང་རྟོགས་ངང་ཞུགས་ཏེ། ཏང་ཀྲུང་དབྱང་ལ་མི་སྒེར་གྱི་དོན་ཚན་གལ་ཆེན་ཇི་མ་ཇི་བཞིན་སྙན་སེང་ཞུ་དགོས། ཁྱིམ་ཚང་གི་སྤྱོད་ཚུལ་བཟང་པོ་འཛུགས་རྒྱུའི་སྣེ་ཁྲིད་དེ། གཉེན་ཉེ་དང་རང་ཉིད་གམ་གྱི་ལས་དོན་པར་སློབ་གསོ་དང་གཅུན་འདོམས་བྱེད་ཤུགས་ཆེ་རུ་བཏང་ནས། བཟའ་ཟླ་དང་བུ་ཕྲུག་ལ་རེ་བ་ནན་པོ་བཏོན་ཏེ། བཟའ་ཟླར་སྒྲིག་འགལ་ངང་ཚོང་གཉེར་དང་ཁེ་ལས་གཉེར་དུ་མི་འཇུག་པ་དང་། སྒྲིག་འགལ་ངང་ལས་འགན་འཁུར་བ་དང་ལས་གནས་གཅིག་ལྕོགས་འཁུར་ནས་ཐོབ་ཆ་ལེན་མི་ཆོག
ལེའུ་གསུམ་པ། ཏང་ཨུ(ཏང་ཙུའུ)ཡི་ལྟ་སྐུལ།
དོན་ཚན་བཅོ་ལྔ་པ། ཏང་ཨུ(ཏང་ཙུའུ)ཡི་ཏང་ནང་ཁུལ་གྱི་ལྟ་སྐུལ་ཁྲོད་བྱེད་པོའི་འགན་འཁྲི་འཁུར་བ་དང་ཧྲུའུ་ཅི་ནི་འགན་འཁུར་བ་དང་པོ་ཡིན། ཏང་ཨུ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་(ཏང་ཙུའི་ཁོངས་མི)དང་ཏང་ཨུའི་ཨུ་ཡོན་གྱིས་འགན་འཁྲིའི་ཁྱབ་ཁོངས་ནང་ལྟ་སྐུལ་གྱི་འགན་འཁྲི་ཁུར་དགོས། ཏང་ཨུ(ཏང་ཙུའུ)ཡིས་གཤམ་གསལ་གྱི་ལྟ་སྐུལ་འགན་འཁྲི་ཁུར་དགོས་པ་སྟེ།
(གཅིག)རང་ས་ཁུལ་དང་། སྡེ་ཁག རང་ལས་ཁུངས་བཅས་ཀྱི་ཏང་ནང་ཁུལ་གྱི་ལྟ་སྐུལ་ལས་དོན་ལ་མགོ་ཁྲིད་བྱེད་པ་དང་ལྟ་སྐུལ་གྱི་ལམ་ལུགས་ཁག་སྒྲིག་འཛུགས་ལག་བསྟར་བྱས་ཏེ་ལྟ་སྐུལ་ཞིབ་བཤེར་ལ་དམ་འཛིན་ཡག་པོ་བྱེད་དགོས།
(གཉིས)རིམ་མཚུངས་སྒྲིག་ཨུ་དང་མངའ་ཁོངས་ཀྱི་སྒྲིག་ཁྲིམས་ཞིབ་བཤེར་ལས་དོན་ལ་མགོ་ཁྲིད་རྒྱུར་ཤུགས་སྣོན་རྒྱག་པ་དང་། དེས་སྒྲིག་ཁྲིམས་ལག་བསྟར་དང་འགན་འཁྲི་བདའ་འདེད་ལས་དོན་ལ་ལྟ་སྐུལ་བྱས་ཚུལ་ལ་ཞིབ་བཤེར་བྱེད་དགོས།
(གསུམ)ཏང་ཨུ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན(ཏང་ཙུའི་ཁོངས་མི)དང་། ཏང་ཨུའི་ཨུ་ཡོན། རིམ་མཚུངས་སྒྲིག་ཨུ་དང་ཏང་གི་ལས་དོན་སྡེ་ཚན། ཐད་ཀར་མགོ་ཁྲིད་མཁན་ཏང་རྩ་འཛུགས་ཀྱི་མགོ་ཁྲིད་ཚན་ཁག་དང་དེ་བཞིན་དེའི་ཁོངས་མིར་ལྟ་སྐུལ་བྱེད་དགོས།
(བཞི)གོང་རིམ་ཏང་ཨུ་དང་སྒྲིག་ཨུའི་ལས་དོན་ཐད་བཏོན་པའི་བསམ་འཆར་དང་གྲོས་འགོར་ལྟ་སྐུལ་བྱེད་དགོས།
དོན་ཚན་བཅུ་དྲུག་པ། ཏང་གི་ལས་དོན་སྡེ་ཚན་གྱིས་ལྟ་སྐུལ་ལམ་ལུགས་ཁག་ལག་བསྟར་ནན་ཏན་དང་འགན་འཁྲིའི་ཁྱབ་ཁོངས་ཀྱི་ཏང་ནང་ཁུལ་གྱི་ལྟ་སྐུལ་ལས་དོན་ལ་ཤུགས་སྣོན་བརྒྱབ་ནས། ཚན་པ་དེ་རང་དང་སྡེ་ཚན་དེ་རང་གི་ནང་ཁུལ་གྱི་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་པ་དང་། ཁོངས་གཏོགས་དེ་རང་གི་རྒྱུན་གཏན་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་དགོས།
དོན་ཚན་བཅུ་བདུན་པ། ཏང་ནང་ཁུལ་གྱི་ལྟ་སྐུལ་དེ་ངེས་པར་དུ་ཏང་རྩ་འཛུགས་ཀྱི་འགན་གཙོ་བོ་འཁུར་མཁན་དང་འགག་རྩའི་ལས་གནས་ཐོག་ཡོད་པའི་མགོ་ཁྲིད་ལས་བྱེད་པར་ལྟ་སྐུལ་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས་པ་དང་། དེའི་ཆབ་སྲིད་ལངས་ཕྱོགས་དང་། ཏང་འཛུགས་སྐྱོང་ལ་ཤུགས་སྣོན། ཏང་ནན་མོས་སྐྱོང་རྒྱུ། ཏང་གི་གྲོས་ཆོད་ལག་བསྟར། གཞུང་དྲང་ངང་མི་སྣ་འདེམས་སྤྱོད། འགན་འཁྲི་འཁུར་བ། སྤྱོད་གཙང་རང་འདོམས། འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ཀྱི་ལས་ཀའི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་བྱ་ཚུལ་བཅས་ལ་གཙོ་གནད་ཐོག་ལྟ་སྐུལ་བྱེད་དགོས།
གོང་རིམ་ཏང་རྩ་འཛུགས་དང་ལྷག་པར་དུ་དེའི་འགན་འཁུར་བ་གཙོ་བོས། འོག་རིམ་ཏང་རྩ་འཛུགས་ཀྱི་འགན་འཁུར་བ་གཙོ་བོར་དུས་རྒྱུན་སྐད་ཆ་མང་ཙམ་འདྲི་བ་དང་དྲན་སྐུལ་མང་ཙམ་བྱས་ནས། གནད་དོན་ཤེས་འཕྲལ་དུས་ཐོག་ཏུ་ཡོ་བསྲང་བྱེད་དགོས། མགོ་ཁྲིད་ཚན་ཁག་གི་ཁོངས་མིས་ཚན་ཁག་གི་འགན་འཁུར་བ་གཙོ་བོར་གནད་དོན་ཡོད་པ་ཤེས་ཚེ། འཕྲལ་དུ་ཡོ་བསྲང་བྱེད་པ་དང་འབྲེལ། དགོས་ངེས་སྐབས་ཐད་ཀར་གོང་རིམ་ཏང་རྩ་འཛུགས་ལ་སྙན་སེང་ཞུ་དགོས།
ཏང་རྩ་འཛུགས་ཀྱི་འགན་འཁུར་བ་གཙོ་བོའི་སྒེར་གྱི་འབྲེལ་ཡོད་བྱ་བ་ཏང་ནང་ཁུལ་གྱི་ཁྱབ་ཁོངས་ངེས་ཅན་ནང་ཡོངས་བསྒྲགས་བྱས་ཏེ་རང་འགུལ་ངང་ལྟ་སྐུལ་དང་ལེན་བྱེད་དགོས།
དོན་ཚན་བཅོ་བརྒྱད་པ། ཏང་ཨུ(ཏང་ཙུའུ)ཡིས་མགོ་ཁྲིད་ལས་བྱེད་པའི་རྒྱུན་གཏན་དོ་དམ་ལྟ་སྐུལ་ལ་ཤུགས་སྣོན་བརྒྱབ་ནས། ཁོང་ཚོའི་བསམ་བློ་དང་། ལས་དོན། སྤྱོད་ཚུལ། འཚོ་བ་བཅས་ཀྱི་གནས་ཚུལ་ཁོང་དུ་ཆུད་པ་བྱེད་དགོས། ཏང་གི་མགོ་ཁྲིད་ལས་བྱེད་པས་རྒྱུན་དུ་སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་བྱས་ཏེ། རང་ཉིད་ཀྱི་སྐྱོན་ཆ་དང་ནོར་འཁྲུལ་ལ་ལྟ་སྟངས་ཡང་དག་འཛིན་ཕོད་པ་དང་། དབྱེ་ཞིབ་གཏིང་ཟབ། རང་འགུལ་ངང་ཡོ་བསྲང་བཅས་བྱེད་དགོས། བློ་མཐུན་བར་གྱི་སྐྱོན་ཆ་དང་ནོར་འཁྲུལ་ཤོད་ཕོད་པ་བྱས་ཏེ་ཡོ་བསྲང་བྱེད་རོགས་བྱེད་དགོས།
དོན་ཚན་བཅུ་དགུ་པ། སྐོར་གཟིགས་ནི་ཏང་ནང་ཁུལ་དུ་ལྟ་སྐུལ་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན་ཞིང་། ཀྲུང་དབྱང་དང་ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་བཅས་ཀྱི་ཏང་ཨུའི་སྐབས་གཅིག་གི་ལས་འགན་འཁུར་ཡུན་ནང་དོ་དམ་བྱེད་ཁོངས་ཀྱི་ས་གནས་དང་། སྡེ་ཚན། ཁེ་ལས་བྱ་གཞག་ཚན་པ་བཅས་ཀྱི་ཏང་རྩ་འཛུགས་ལ་ཕྱོགས་ཡོངས་ནས་སྐོར་གཟིགས་བྱེད་དགོས། ཏང་རྩ་འཛུགས་དང་ཏང་གི་མགོ་ཁྲིད་ལས་བྱེད་པས་ཏང་གི་སྒྲིག་ཡིག་ལ་བརྩི་བཀུར་དང་། ཏང་གི་མགོ་ཁྲིད། ཏང་འཛུགས་སྐྱོང་། ཏང་གི་ལམ་ཕྱོགས་དང་། མཛད་ཕྱོགས། སྲིད་ཇུས་བཅས་དོན་འཁྱོལ་བྱས་ཚུལ་ལ་སྐོར་གཟིགས་བྱས་ཏེ། ཕྱོགས་ཡོངས་ནས་ཏང་ནན་མོས་སྐྱོང་རྒྱུའི་འགན་འཁྲི་དང་། ཏང་གི་སྒྲིག་ཁྲིམས་ལག་བསྟར། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལས་དོན། མི་སྣ་འདེམས་སྤྱོད་བཅས་ཀྱི་ལས་དོན་སྒྲུབ་དགོས། གནད་དོན་ཤེས་རྟོགས་དང་ཟིལ་གནོན་ཆགས་པ་བྱེད་པ་དང་། བཅོས་སྒྱུར་ལ་སྐུལ་འདེད་དང་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་ཏང་ནན་པོས་སྐྱོང་བའི་མཚོན་ཆ་རྣོ་པོའི་ནུས་པ་འདོན་སྤེལ་བྱེད་དགོས།
ཀྲུང་དབྱང་སྐོར་གཟིགས་ལས་དོན་མགོ་ཁྲིད་ཚོགས་ཆུང་གིས་ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་བཅས་ཀྱི་ཏང་ཨུ་དང་། ཀྲུང་དབྱང་གི་འབྲེལ་ཡོད་པུའུ་ཨུ། ཀྲུང་དབྱང་རྒྱལ་ཁབ་ལས་ཁུངས་སྡེ་ཚན་གྱི་ཏང་རྩ་འཛུགས་བཅས་ཀྱི་སྐོར་གཟིགས་ལས་དོན་ལ་མགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས། ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་བཅས་ཀྱི་ཏང་ཨུ་ཡིས་ཏང་གི་གྲོང་ཁྱེར་དང་། རྫོང་ཨུ་ཡོན་ལྷན་ཁང་གི་སྐོར་ཞིབ་ལམ་ལུགས་འཛུགས་རྒྱུར་སྐུལ་འདེད་བཏང་སྟེ་ཏང་ནན་པོས་སྐྱོང་རྒྱུ་གཞི་རིམ་དུ་སྣུར་སྲིང་བྱེད་དགོས།
དོན་ཚན་ཉི་ཤུ་པ། ཏང་གི་རྩ་འཛུགས་འཚོ་བའི་ལམ་ལུགས་ནན་དུ་གཏོང་བ་དང་དམངས་གཙོའི་འཚོ་བའི་ཚོགས་འདུ་རྒྱུན་དུ་འཚོག་སྟེ། གནད་དོན་གལ་ཆེན་དང་ཡོངས་ཁྱབ་རང་བཞིན་གྱི་གནད་དོན་འཕྲད་ཚེ་དུས་ཐོག་ཏུ་ཚོགས་འདུ་འཚོག་དགོས། དམངས་གཙོའི་འཚོ་བའི་ཚོགས་འདུ་འཚོག་པ་ནི་གཙོ་བོ་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱེད་རྒྱུ་དེ་ཡིན་པ་དང་། མགོ་ཁྲིད་ལས་བྱེད་པས་ཚོགས་འདུའི་ཐོག་མང་ཚོགས་ཀྱིས་གླེང་མང་བ་དང་། སྐོར་ཞིབ་ཀྱི་ཚུར་ལན་བསམ་འཆར། རྩ་འཛུགས་ཀྱིས་ཁ་ཆད་གྲོས་མོལ་བྱེད་པ་བཅས་ཀྱི་གནད་དོན་གསལ་པོ་དང་མཐར་ཕྱིན་པ་བཤད་དེ། སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་བྱས་ནས་དག་ཐེར་བྱ་ཐབས་འདོན་པ་དང་། རྩ་འཛུགས་ཀྱི་ལྟ་སྐུལ་དང་ལེན་བྱེད་དགོས། གོང་རིམ་ཏང་རྩ་འཛུགས་ཀྱིས་འོག་རིམ་མགོ་ཁྲིད་ཚན་ཁག་གི་དམངས་གཙོའི་འཚོ་བའི་ཚོགས་འདུར་མཛུབ་ཁྲིད་དང་ལྟ་སྐུལ་ལ་ཤུགས་སྣོན་བརྒྱབ་ནས་དམངས་གཙོའི་འཚོ་བའི་ཚོགས་འདུའི་སྤུས་ཚད་ལེགས་སུ་གཏོང་དགོས།
དོན་ཚན་ཉེར་གཅིག་པ། ཏང་ནང་ཁུལ་གྱི་གླེང་མོལ་ལམ་ལུགས་མཐའ་འཁྱོངས་བྱས་ཏེ། དྲན་སྐུལ་གླེང་མོལ་དང་བསླབ་འདོམས་སྐུལ་ལྕག་གི་གླེང་མོལ་ནན་ཏན་ངང་བྱེད་དགོས། འབྲེལ་ཡོད་ཏང་རྩ་འཛུགས་ཀྱི་འགན་འཁུར་བས་མགོ་ཁྲིད་ལས་བྱེད་པར་བསམ་བློ་དང་། བྱ་སྤྱོད། སྒྲིག་ལམ་སོགས་ཀྱི་ཐད་འབྱུང་རྩའི་རང་བཞིན་དང་ཕྱོགས་ལྷུང་རང་བཞིན་གྱི་གནད་དོན་ཡོད་པ་ཤེས་ཚེ། དུས་ཐོག་ཏུ་དྲན་སྐུལ་གླེང་མོལ་བྱེད་དགོས། སྒྲིག་འགལ་གྱི་གནད་དོན་ཕྲན་བུ་ཤེས་ཚེ་གོང་རིམ་ཏང་རྩ་འཛུགས་ཀྱི་འགན་འཁུར་བས་བསླབ་འདོམས་སྐུལ་ལྕག་གི་གླེང་མོལ་ཡག་པོ་བྱེད་པ་དང་འབྲེལ། མི་དེ་རང་གིས་གསལ་བཤད་བྱེད་པའམ་ཡང་ན་ངོས་ལེན་ཞུས་ཏེ། གནས་ཡུལ་ཏང་རྩ་འཛུགས་ཀྱི་འགན་འཁུར་བ་གཙོ་བོས་མིང་རྟགས་བཀོད་ནས་གོང་རིམ་གྱི་སྒྲིག་ཨུ་དང་རྩ་འཛུགས་སྡེ་ཚན་ལ་འབུལ་དགོས།
དོན་ཚན་ཉེར་གཉིས་པ། ལས་བྱེད་པར་རྟོག་ཞིབ་དང་དཔྱད་ཞིབ་བྱེད་པའི་ལམ་ལུགས་ལག་བསྟར་ནན་པོ་བྱས་ཏེ། ཀུན་སྤྱོད་དང་། འཇོན་ཐང་། ལས་སྒྲུབ། བྱས་རྗེས། སྤྱོད་གཙང་བཅས་ཀྱི་རྣམ་འགྱུར་ཕྱོགས་ཡོངས་ནས་རྟོག་ཞིབ་བྱས་ནས། སྲིད་སྐྱོང་གི་བྱས་རྗེས་ལ་མཐོང་ཆེན་བྱེད་པ་མ་ཟད། སྲིད་སྐྱོང་གི་ཀུན་སྤྱོད་ལ་མཐོང་ཆེན་བྱས་ཐོག་ཏང་ཀྲུང་དབྱང་དང་གོང་རིམ་ཏང་རྩ་འཛུགས་ཀྱི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་བྱེད་ཚུལ་དང་། ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་གི་འགན་འཁྲི་སྒྲུབ་ཚུལ། རྩ་དོན་གལ་ཆེན་ཐད་ཀྱི་ལངས་ཕྱོགས། མི་དམངས་མང་ཚོགས་ལ་འཛིན་པའི་རྣམ་འགྱུར། ཛ་དྲག་ཆེ་བ་དང་། དཀའ་ཚེགས་ཆེ་བ། ཉེན་ཁ་ཆེ་བ་བཅས་ཀྱི་ལས་འགན་གཙོ་བོ་སྒྲུབ་ཚུལ་བཅས་ལ་གཙོ་གནད་ཐོག་རྟོག་ཞིབ་བྱེད་དགོས། རྟོག་ཞིབ་དང་དཔྱད་ཞིབ་བྱེད་རིང་ཏང་རྩ་འཛུགས་ཀྱི་འགན་འཁུར་བ་གཙོ་བོས་ཚན་པའི་ཁོངས་མིར་དངོས་ཐོག་བདེན་འཚོལ་ངང་གདེང་འཇོག་བྱེད་དགོས། དཔྱད་ཞིབ་བྱས་པའི་དཔྱད་གཏམ་དེ་མི་དེ་རང་དང་ཐུག་འཕྲད་བྱས་རྗེས་ལས་བྱེད་པའི་ཡིག་ཚགས་ནང་འཇུག་དགོས། ཏང་རྩ་འཛུགས་ཀྱི་འགན་འཁུར་བ་གཙོ་བོས་ལས་བྱེད་པ་འདེམས་བསྐོ་དང་། རྟོག་ཞིབ། ཐབས་ཇུས་སོགས་ལྷུ་ཚིགས་ཀྱི་འགན་འཁྲི་དོན་འཁྱོལ་ཡག་པོ་བྱས་ཏེ། རྟོག་ཞིབ་ཡག་པོ་མ་བྱས་པ་དང་འགན་འཛོལ་ཤོར་བར་འགན་འཁྲི་བདའ་འདེད་ནན་པོ་གཏོང་དགོས།
དོན་ཚན་ཉེར་གསུམ་པ། ཏང་གི་མགོ་ཁྲིད་ལས་བྱེད་པས་ལོ་ལྟར་ཏང་ཨུའི་རྒྱུན་ཨུའི(ཏང་ཙུའུ)རྒྱ་ཆེའི་ཚོགས་འདུའི་ཐོག་འགན་འཁྲི་སྒྲུབ་ཚུལ་དང་སྤྱོད་གཙང་སྐྱོང་ཚུལ་གླེང་སྟེ་དཔྱད་མོལ་དང་ལེན་བྱེད་དགོས་ཤིང་། འགན་འཁྲི་སྒྲུབ་ཚུལ་དང་སྤྱོད་གཙང་སྐྱོང་ཚུལ་གླེང་བའི་གཙོ་གནད་ནི་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་ལམ་ལུགས་ལག་བསྟར་དང་། ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་གི་འགན་འཁྲི་ཁུར་བ། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་གྱི་ལས་དོན་ལ་སྐུལ་མ་གཏོང་བ་བཅས་དང་། དེ་བཞིན་སྤྱོད་གཙང་སྒྲིག་ཁྲིམས་ལག་བསྟར་བྱེད་ཚུལ་བཅས་ཡིན་པ་རེད། འགན་འཁྲི་སྒྲུབ་ཚུལ་དང་སྤྱོད་གཙང་སྐྱོང་ཚུལ་གྱི་སྙན་སེང་དེ་སྤྱོད་གཙང་གི་ཡིག་ཚགས་ནང་འཇུག་པ་དང་སྦྲགས། ཁྱབ་ཁོངས་ངེས་ཅན་ནང་ཡོངས་བསྒྲགས་བྱེད་དགོས།
དོན་ཚན་ཉེར་བཞི་པ། མགོ་ཁྲིད་ལས་བྱེད་པ་མི་སྒེར་གྱི་འབྲེལ་ཡོད་གནད་དོན་གྱི་སྙན་སེང་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་བཏང་ནས། མགོ་ཁྲིད་ལས་བྱེད་པས་གཏན་འབེབས་གཞིར་བཟུང་། མི་སྒེར་གྱི་འབྲེལ་ཡོད་གནད་དོན་ཇི་མ་ཇི་བཞིན་སྙན་སེང་ཞུ་དགོས་པ་དང་། མི་སྒེར་དང་དེ་བཞིན་ཁྱིམ་ཚང་གི་གནས་ཚུལ་གལ་ཆེན་དུས་ཐོག་ཏུ་སྙན་སེང་ཞུ་དགོས་པ། ལས་གནས་ནས་ཁ་བྲལ་བའམ་ཡང་ན་ལས་ཀ་བྱ་ཡུལ་སོགས་སྔ་སྣུར་དུ་དགོངས་སྐོར་སྙན་སེང་ཞུ་དགོས། འབྲེལ་ཡོད་སྡེ་ཚན་གྱིས་ཟུར་བཤེར་ཞིབ་བསྡུར་ལ་ཤུགས་སྣོན་རྒྱག་དགོས་ལ། མི་སྒེར་གྱི་གནད་དོན་གལ་ཆེན་རྫུན་ཞུ་དང་སྙན་སེང་མ་ཞུས་པ་དང་མི་སྒེར་གྱི་ཡིག་ཚགས་དཔྱད་གཞི་བཟོ་བཅོས་དང་རྫུན་བཟོ་བྱས་རིགས་ལ་ཞིབ་བཤེར་ཐག་གཅོད་ནན་པོ་བྱེད་དགོས།
དོན་ཚན་ཉེར་ལྔ་པ། ཏང་གི་མགོ་ཁྲིད་ལས་བྱེད་པས་གནད་དོན་གལ་ཆེན་ལ་ཐེ་ཇུས་བྱེད་པའི་ཐོ་འགོད་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་གོ་གནས་ཀྱི་སྟབས་བདེ་སྤྱད་དེ་ལས་བྱེད་པ་འདེམས་སྤྱོད་དང་། ལས་གྲྭ་འཛུགས་སྐྲུན། སྒྲིག་བཀུར་ཁྲིམས་སྲུང་། ཁྲིམས་འཛིན་བྱེད་སྒོ་སོགས་ཀྱི་གནད་དོན་ལ་ཁྲིམས་འགལ་ངང་ཐེ་ཇུས་བྱེད་པ་ཤེས་ཚེ་དུས་ཐོག་ཏུ་གོང་རིམ་ཏང་རྩ་འཛུགས་ལ་སྙན་སེང་ཞུ་དགོས།
ལེའུ་བཞི་པ། ཏང་གི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ལྟ་སྐུལ།
དོན་ཚན་ཉེར་དྲུག་པ། ཏང་གི་རིམ་པ་སོ་སོའི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་ནི་ཏང་ནང་ཁུལ་དུ་ལྟ་སྐུལ་བྱེད་མཁན་གྱི་ཆེད་འགན་ལས་ཁུངས་ཤིག་ཡིན་པ་དང་སྒྲིག་ཁྲིམས་ལག་བསྟར་དང་འགན་འཁྲི་བདའ་འདེད་ཀྱི་འགན་འཁྲི་བསྒྲུབ་རྒྱུ་དང་དེར་ལྟ་སྐུལ་བྱེད་པ་དང་ཁོངས་གཏོགས་ཁྱབ་ཁོངས་ནང་གི་ཏང་རྩ་འཛུགས་དང་མགོ་ཁྲིད་ལས་བྱེད་པས་ཏང་གི་སྒྲིག་ཡིག་དང་། ཏང་གི་སྒྲིག་སྲོལ། ཏང་གི་སྒྲིག་ཁྲིམས་བཅས་ལ་བརྩི་སྲུང་ཞུ་བ་དང་ཏང་གི་ལམ་ཕྱོགས་དང་བྱེད་ཕྱོགས་སྲིད་ཇུས་ལག་བསྟར་བྱས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་གཤམ་གསལ་གྱི་ཞིབ་ཕྲའི་ལས་འགན་འཁུར་དགོས་པ་སྟེ།
(གཅིག)རིམ་མཚུངས་ཏང་ཨུ་དང་ལྷག་པར་དུ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་། ཏང་གི་ལས་དོན་སྡེ་ཚན། ཐད་ཀར་མགོ་ཁྲིད་བྱེད་མཁན་ཏང་རྩ་འཛུགས། ཏང་གི་མགོ་ཁྲིད་ལས་བྱེད་པས་འགན་འཁྲི་སྒྲུབ་པ་དང་དབང་ཆ་སྤྱོད་ཚུལ་བཅས་ལ་ལྟ་སྐུལ་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས་པ་དང་།
(གཉིས)སྒྲིག་ཁྲིམས་ཞིབ་བཤེར་ལས་དོན་གྱི་འགན་གཉིས་འཁུར་མགོ་ཁྲིད་སྒྲིག་གཞི་དོན་འཁྱོལ་བྱས་ནས་སྒྲིག་ཁྲིམས་ལག་བསྟར་དང་ཞིབ་བཤེར་ལས་དོན་དེ་གོང་རིམ་སྒྲིག་ཨུས་མགོ་ཁྲིད་བྱ་རྒྱུ་གཙོ་བོར་བྱེད་པ་དང་ཁུངས་སྣེ་ཐག་གཅོད་དང་སྒྲིག་ཁྲིམས་ལག་བསྟར་ཞིབ་དཔྱད་བྱས་ཚུལ་རིམ་མཚུངས་ཏང་ཨུ་ལ་སྙན་སེང་ཞུ་བ་དང་དུས་མཚུངས་གོང་རིམ་སྒྲིག་ཨུ་ལའང་སྙན་སེང་ཞུ་དགོས། རིམ་ཁག་སྒྲིག་ཨུའི་ཧྲུའུ་ཅི་དང་ཧྲུའུ་ཅི་གཞོན་པ་མིང་འདོན་བྱ་རྒྱུ་དང་རྟོག་ཞིབ་བྱ་རྒྱུ་དེ་གོང་རིམ་སྒྲིག་ཨུའི་ཨུ་ཡོན་ལྷན་ཁང་དང་རྩ་འཛུགས་སྡེ་ཚན་གཙོ་བོར་བཟུང་དགོས།
(གསུམ)གོང་རིམ་སྒྲིག་ཨུས་འོག་རིམ་སྒྲིག་ཨུ་ལ་མགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། སྒྲིག་ཨུས་རིམ་མཚུངས་ཏང་ཨུ་དང་མགོ་ཁྲིད་ལས་བྱེད་པ་གཙོ་བོའི་གནད་དོན་ཤེས་རྟོགས་བྱུང་ཚེ། ཐད་ཀར་གོང་རིམ་སྒྲིག་ཨུ་ལ་སྙན་སེང་ཞུ་ཆོག འོག་རིམ་སྒྲིག་ཨུས་ཉུང་མཐར་ཡང་ལོ་ཕྱེད་རིང་གོང་རིམ་སྒྲིག་ཨུ་ལ་ལས་དོན་སྙན་སེང་ཐེངས་གཅིག་ཞུ་དགོས་དང་། ལོ་ལྟར་གོང་རིམ་སྒྲིག་ཨུ་ལ་ལས་འགན་སྒྲུབ་ཚུལ་གསལ་ཞུ་བྱེད་དགོས།
དོན་ཚན་ཉེར་བདུན་པ། སྒྲིག་ཁྲིམས་ཞིབ་བཤེར་ལས་ཁུངས་ཀྱིས་ངེས་པར་དུ་ཏང་གི་ཆབ་སྲིད་སྒྲིག་ཁྲིམས་དང་ཆབ་སྲིད་སྒྲིག་ལམ་སྲུང་སྐྱོང་བྱ་རྒྱུ་དེ་གཙོ་གནད་དུ་བཞག་ནས་གོང་ལ་སྲིད་ཇུས་ཡོད་ན་འོག་ལ་ཁ་གཏད་གཅོག་ཐབས་ཡོད་པ་དང་བཀའ་རྒྱ་ཡོད་རུང་ལག་བསྟར་མི་བྱེད་པ་དང་བཀག་ཀྱང་འགོག་མི་ཐུབ་པ། ཁ་ཞེ་མི་མཐུན་པ་དང་མངོན་སྲུང་ལྐོག་འགལ། ཁྱུ་ཤོག་སྒྲིག་པ་དང་ངན་པ་ཤོག་སྒྲིག རྩ་འཛུགས་ལ་མགོ་སྐོར་གཏོང་བ་དང་རྩ་འཛུགས་ལ་འགོག་རྒོལ་སོགས་ཀྱི་བྱེད་སྤྱོད་མཐའ་གཅིག་ཏུ་ཡོ་བསྲང་དང་ཞིབ་བཤེར་ཐག་གཅོད་བྱེད་དགོས།
དོན་ཚན་ཉེར་བརྒྱད་པ། སྒྲིག་ཨུའི་མངགས་སྡོད་སྒྲིག་བཤེར་ཚོགས་ཆུང་གིས་མངགས་གཏོང་ལས་ཁུངས་ཀྱི་འགན་འཁུར་དགོས། ལྟ་སྐུལ་བྱ་ཡུལ་ཚན་པའི་མགོ་ཁྲིད་ཚན་ཁག་དང་། དེའི་ཁོངས་མི། མགོ་ཁྲིད་ལས་བྱེད་པ་གཞན་དག་བཅས་ལ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་དགོས། གནད་དོན་ཤེས་རྟོགས་བྱུང་ཚེ་མངགས་གཏོང་ལས་ཁུངས་དང་ལྟ་སྐུལ་བྱ་ཡུལ་ཚན་པའི་ཏང་རྩ་འཛུགས་ལ་དུས་ཐོག་ཏུ་སྙན་སེང་ཞུ་དགོས། ཞིབ་བཤེར་ཐག་གཅོད་ཀྱི་འགན་ནན་པོ་འཁུར་ཏེ་འགན་འཁྲི་བདའ་འདེད་གཏོང་དགོས་པའི་རིགས་ལ་གྲོས་འགོ་འདོན་དགོས།
མངགས་གཏོང་ལས་ཁུངས་ཀྱིས་མངགས་སྡོད་སྒྲིག་བཤེར་ཚོགས་ཆུང་གི་ལས་དོན་ལ་མགོ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་སྟེ་ལྟ་སྐུལ་བྱ་ཡུལ་ཚན་པའི་ཏང་རྩ་འཛུགས་ཀྱི་འགན་འཁུར་བ་གཙོ་བོ་དང་མངགས་སྡོད་སྒྲིག་བཤེར་ཚོགས་ཆུང་གི་ཙུའུ་ཀྲང་དང་དུས་བཀག་བཞིན་སྐོང་འདྲི་བྱས་ནས་དེར་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་གི་འགན་འཁྲི་དོན་འཁྱོལ་བྱ་རྒྱུའི་ལྕག་སྐུལ་བྱེད་དགོས།
མངགས་སྡོད་སྒྲིག་བཤེར་ཚོགས་ཆུང་གིས་གནས་ཚུལ་དངོས་དང་གནད་དོན་ཞིབ་ཕྲ་འཁྱེར་ཏེ་མངགས་གཏོང་ལས་ཁུངས་ལ་དུས་བཀག་བཞིན་ལས་དོན་སྙན་སེང་ཞུ་དགོས། ཉུང་མཐར་ཡང་ལོ་ཕྱེད་ནང་ལྟ་སྐུལ་བྱ་ཡུལ་ཚན་པའི་རྩ་འཛུགས་དང་མཉམ་དུ་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་ལས་དོན་ལ་ཆེད་མངགས་ཞིབ་འཇུག་ཐེངས་གཅིག་བྱེད་དགོས། ཤེས་རྟོགས་བྱེད་ཐུབ་རིགས་ཀྱི་གནད་དོན་ཤེས་རྟོགས་མ་བྱུང་ན་ལས་འཛོལ་ཡིན་པ་དང་གནད་དོན་ཤེས་རྟོགས་བྱུང་བ་སྙན་སེང་མ་ཞུས་པ་དང་ཐག་གཅོད་མ་བྱས་ན་འགན་འཛོལ་ཡིན་པས་ངེས་པར་དུ་འགན་འཁྲི་རྩད་གཅོད་ནན་པོ་བྱེད་དགོས།
དོན་ཚན་ཉེར་དགུ་པ། ཡིག་བསྐུར་ངོ་བཅར་དང་ཐེར་འདོན་བྱས་པའི་རིགས་ཐག་གཅོད་ནན་པོ་བྱེད་དགོས། གནད་དོན་གྱི་ཁུངས་སྣེ་རིགས་ཕྱེ་ནས་ཐག་གཅོད་ཡག་པོ་བྱེད་དགོས། སྔ་ཙམ་ཤེས་རྟོགས་དང་སྔ་ཙམ་སྙན་སེང་ཞུ་དགོས། སྤྱི་ཚོགས་ཐོག་ལབ་གླེང་ཆེན་པོ་བྱེད་པ་དང་མང་ཚོགས་ཀྱི་གདེང་འཇོག་ཞན་པའི་མགོ་ཁྲིད་ལས་བྱེད་པའི་གནས་ཚུལ་དུས་ཐོག་ཏུ་སྙན་སེང་ཞུ་དགོས། ཉེས་སྐྱོན་ཐེར་འདོན་ཆེན་པོ་བྱས་རིགས་གཅིག་སྡུད་ཐོག་ཞིབ་འཇུག་བྱེད་དགོས། ཡིག་བསྐུར་ངོ་བཅར་དང་ཐེར་འདོན་བྱས་རིགས་དུས་བཀག་བཞིན་དབྱེ་ཞིབ་དང་དབྱེ་ཆོད་གཏན་འཁེལ་བྱེད་དགོས། ཡིག་བསྐུར་ངོ་བཅར་བརྒྱུད་གོང་ཞུ་བྱས་པའི་དཔེ་མཚོན་རང་བཞིན་དང་ཡོངས་ཁྱབ་རང་བཞིན་གྱི་གནད་དོན་ལ་དམིགས་སའི་རང་བཞིན་ལྡན་པའི་ཐག་གཅོད་བསམ་འཆར་འདོན་དགོས། ཡིག་བསྐུར་ངོ་བཅར་དང་ཐེར་འདོན་བྱས་རིགས་གཅིག་སྡུད་ཅུང་ཆེ་བའི་ས་ཁུལ་དང་སྡེ་ཚན་ལ་དོན་དག་འབྱུང་རྐྱེན་རྩད་འཚོལ་དང་དབྱེ་ཞིབ་བྱ་རྒྱུའི་ལྕག་སྐུལ་བྱེད་དགོས་པ་མ་ཟད་དག་ཐེར་ནན་པོ་བྱ་རྒྱུའི་ལྕག་སྐུལ་ཡང་བྱེད་དགོས།
དོན་ཚན་སུམ་ཅུ་པ། ལས་བྱེད་པ་འདེམས་སྒྲུག་བསྐོ་སྤྱོད་ཐད་ཀྱི“ཏང་སྲོལ་སྤྱོད་གཙང་བསམ་འཆར་ཚུར་ལན”གྱི་འགག་སྒོ་ནན་པོ་སྲུང་བ་དང་། རྒྱུན་གཏན་གྱི་ལས་དོན་ཁྲོད་ཤེས་རྟོགས་བྱུང་བའི་གནས་ཚུལ་ཕྱོགས་སྡོམ་བྱེད་པ། དབྱེ་ཞིབ་དང་དབྱེ་ཆོད་གཏན་འཁེལ་བྱེད་ཤུགས་ཆེ་རུ་གཏོང་བ། ལས་བྱེད་པའི་སྤྱོད་གཙང་གནས་ཚུལ་དངོས་ཐོག་བདེན་འཚོལ་གྱི་སྒོ་ནས་གདེང་འཇོག་བྱེད་པ་བཅས་ཀྱི་ཐོག་ནས“སྐྱོན་ཅན་གནས་སྤོར”དང“སྐྱོན་ཅན་ལས་སྐྱོད”སྔོན་འགོག་བྱེད་དགོས།
དོན་ཚན་སོ་གཅིག་པ། ལས་བྱེད་པའི་སྤྱིར་བཏང་རང་བཞིན་གྱི་སྒྲིག་འགལ་གནད་དོན་ལྷག་པ་གོང་དུ་ཞུས་རྗེས་མི་དེ་ག་དུས་ཐོག་ཏུ་བཙལ་ནས་གནས་ཚུལ་བདེན་མིན་ཞིབ་དཔྱད་བྱེད་པ་དང་། གླེང་མོལ་བྱས་ནས་དྲན་སྐུལ་བྱེད་པ། སྐོང་འདྲི་བྱེད་པ། ཡིག་བསྐུར་འདྲི་རྩད་བྱེད་པ་བཅས་ཀྱི་ཐོག་ནས་ལས་བྱེད་པར་གནད་དོན་གསལ་པོ་བརྗོད་དུ་འཇུག་དགོས། ཐེར་འདོན་བྱ་ཡུལ་སྐོང་འདྲི་བྱེད་པ་དེ་མི་དེ་གནས་ཡུལ་གྱི་ཏང་རྩ་འཛུགས་ཀྱི་འགན་འཁུར་བ་གཙོ་བོ་དང་དུས་གཅིག་ཏུ་བྱེད་ཆོག ཡིག་བསྐུར་འདྲི་རྩད་བྱས་པའི་གནད་དོན་ཐད་ཀྱི་ཐེར་འདོན་བྱ་ཡུལ་མི་དེའི་གསལ་བཤད་མི་དེ་གནས་ཡུལ་ཏང་རྩ་འཛུགས་ཀྱི་འགན་འཁུར་བ་གཙོ་བོས་མིང་རྟགས་བཀོད་རྗེས་གོང་རིམ་སྒྲིག་ཨུ་ལ་སྙན་སེང་ཞུ་དགོས། གླེང་མོལ་ཟིན་ཐོ་དང་ཡིག་བསྐུར་འདྲི་རྩད་ལན་འདེབས་དེ་ཞིབ་དཔྱད་ནན་པོ་བྱས་ནས་ཕྱིས་སུ་ཞིབ་བཤེར་བྱ་རྒྱུར་ཡིག་ཚགས་སུ་ཉར་དགོས། གནད་དོན་མེད་པའི་རིགས་རྩད་གཅོད་བྱེད་མཚམས་བཞག་ནས་གསལ་པོ་བཟོ་དགོས་པ་དང་། གནས་ཚུལ་ཇི་མ་ཇི་བཞིན་དུ་མ་བཤད་པའི་རིགས་ལ་ཆད་གཅོད་ནན་པོ་བྱེད་དགོས།
དོན་ཚན་སོ་གཉིས་པ། སྒྲིག་སྲོལ་དང་སྒྲིག་ཁྲིམས་གཞིར་བཟུང་སྒྲིག་ཁྲིམས་ལག་ལེན་བསྟར་ཚུལ་ཞིབ་བཤེར་བྱེད་དགོས་པ་དང་སྐུམ་འཐེན་མ་བྱས་པ་དང་བྱེད་མཚམས་མི་བཞག་པར་གཙོ་གནད་དུ་ཞིབ་བཤེར་བྱེད་དགོས། གནད་དོན་གྱི་ཁུངས་སྣེ་གོང་ཞུ་བྱ་ཚུལ་གཅིག་སྡུད་ཆེ་བ་དང་། མང་ཚོགས་ཀྱིས་ལབ་གླེང་ཆེན་པོ་བྱེད་པ། ད་ལྟ་ལས་གནས་གལ་ཆེན་ཐོག་ཡོད་ལ་གོ་གནས་ད་དུང་སྤོར་སྲིད་པ་བཅས་ཀྱི་མགོ་ཁྲིད་ལས་བྱེད་པར་གོང་གསལ་གནས་ཚུལ་རིགས་གསུམ་དུས་གཅིག་ཏུ་ལྡན་པ་ནི་གལ་ཆེན་ནང་གི་འགངས་ཆེ་ཞིག་རེད། སྒྲིག་ཁྲིམས་ལག་ལེན་བསྟར་ཚུལ་ཞིབ་བཤེར་བྱེད་སྐབས་སྒྲིག་ཁྲིམས་ལས་འགལ་བའི་དོན་དངོས་ཞིབ་བཤེར་གསལ་པོ་བྱས་ཏེ་ཞིབ་བཤེར་བྱ་ཡུལ་ལ་ཏང་གི་སྒྲིག་ཡིག་སློབ་སྦྱོང་བྱེད་པ་ནས་འགོ་འཛུགས་སུ་འཇུག་དགོས་པ་དང་ཕུགས་བསམ་དང་དད་སེམས་ཀྱི་དམིགས་ཡུལ་དང་། ཏང་གཤིས་རྩ་དོན། སྤྱོད་ཚུལ་སྒྲིག་ལམ་སོགས་ཕྱོགས་ནས་རང་ཉིད་ལ་དབྱེ་ཞིབ་བྱེད་དུ་འཇུག་དགོས། འདྲི་ཞིབ་སྙན་ཞུར་ཆ་མཚོན་ན་དོན་དངོས་ཁ་གསལ་པོ་དང་ངོ་བོ་གནད་ལ་འཁེལ་བ་དགོས། ཞིབ་བཤེར་བྱ་ཡུལ་གྱི་བསམ་བློའི་ངོས་འཛིན་གནས་ཚུལ་མཚོན་ཐུབ་པ་དགོས།
དོན་ཚན་སོ་གསུམ་པ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་རིགས་དང་། སྒྲིག་ཁྲིམས་ལས་ཚབས་ཆེན་འགལ་རྗེས་གྱོད་དོན་ཐོ་འགོད་བྱས་ཏེ་ཞིབ་བཤེར་བྱས་པ་བརྒྱུད་ཏང་གི་སྐྱིད་སྡུག་ནས་ཕུད་པའི་རིགས། འགན་འཛོལ་དང་ལས་འཛོལ་ཚབས་ཆེན་བྱུང་ནས་འགན་འཁྲི་བདའ་འདེད་བཏང་བའི་རིགས། དེ་བཞིན་མང་ཚོགས་ཀྱི་ཉེ་འཁོར་དུ་ཐོན་པ་དང་ཤུགས་རྐྱེན་ངན་པའི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་རིགས་བཅས་མིང་དངོས་སུ་བཏོན་ནས་ཕྱིར་བསྒྲགས་བྱེད་དགོས།
དོན་ཚན་སོ་བཞི་པ། སྒྲིག་ཁྲིམས་ཞིབ་བཤེར་ལས་ཁུངས་ལ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་དགོས། སྒྲིག་ཁྲིམས་ཞིབ་བཤེར་ལས་ཁུངས་དང་དེའི་ལས་དོན་པར་སྒྲིག་ཁྲིམས་ལས་འགལ་བའི་གནད་དོན་ཡོད་པ་ཤེས་རྟོགས་བྱུང་ཚེ་ངེས་པར་དུ་ཐག་གཅོད་ནན་པོ་བྱེད་དགོས། རིམ་པ་སོ་སོའི་སྒྲིག་ཁྲིམས་ཞིབ་བཤེར་ལས་ཁུངས་ཀྱིས་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། ནང་ཁུལ་ཚོད་འཛིན་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ཏང་ནང་ཁུལ་གྱི་ལྟ་སྐུལ་དང་། སྤྱི་ཚོགས་ཀྱི་ལྟ་སྐུལ། མང་ཚོགས་ཀྱི་ལྟ་སྐུལ་བཅས་རང་རྟོགས་ངང་དང་ལེན་བྱས་ནས་དབང་ཆར་ཚོད་འཛིན་ནན་པོ་བྱེད་དགོས།
ལེའུ་ལྔ་པ། ཏང་གི་གཞི་རིམ་རྩ་འཛུགས་དང་ཏང་ཡོན་གྱི་ལྟ་སྐུལ།
དོན་ཚན་སོ་ལྔ་པ། ཏང་གི་གཞི་རིམ་རྩ་འཛུགས་ཀྱིས་དམག་འཐབ་མཁར་རྫོང་གི་ནུས་པ་འདོན་སྤེལ་གྱིས་གཤམ་གསལ་ལྟ་སྐུལ་འགན་འཁྲི་དག་འཁུར་དགོས་པ་སྟེ།
(གཅིག)ཏང་གི་རྩ་འཛུགས་འཚོ་བ་ནན་དུ་གཏོང་བ་དང་། སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་བྱེད་པ། ཏང་ཡོན་གྱིས་འོས་འགན་སྒྲུབ་པར་ལྟ་སྐུལ་ཏན་ཏིག་བྱེད་པ་བཅས་བྱས་ནས་ཏང་ཡོན་གྱི་དབང་ཆར་གནོད་འཚེ་མི་ཕོག་པ་བྱེད་དགོས།
(གཉིས) ཏང་ཡོན་དང་མང་ཚོགས་ཀྱིས་ཏང་གི་ལས་དོན་དང་ཏང་གི་མགོ་ཁྲིད་ལས་བྱེད་པར་སྐྱོན་བརྗོད་བྱས་ཚུལ་དང་བསམ་འཆར་འདོན་ཚུལ་ཤེས་རྟོགས་བྱེད་པ་དང་ཆབས་ཅིག་གོང་རིམ་ཏང་རྩ་འཛུགས་ལ་གནས་ཚུལ་དུས་བཀག་བཞིན་སྙན་སེང་ཞུ་དགོས་ལ་བསམ་འཆར་དང་གྲོས་འགོ་ཡང་འདོན་དགོས།
(གསུམ) ཏང་གི་སྒྲིག་ཁྲིམས་ལ་སྲུང་སྐྱོང་དང་ལག་བསྟར་བྱེད་རིང་ཏང་ཡོན་དང་ལས་བྱེད་པར་སྒྲིག་ཁྲིམས་ལས་འགལ་བའི་གནད་དོན་ལྡན་པ་ཤེས་མ་ཐག་དུས་ཐོག་ཏུ་སློབ་གསོ་གཏོང་བའམ་ཐག་གཅོད་བྱེད་དགོས། གནད་དོན་ཚབས་ཆེན་ལྡན་ཚེ་གོང་རིམ་ཏང་རྩ་འཛུགས་ལ་སྙན་སེང་ཞུ་དགོས།
དོན་ཚན་སོ་དྲུག་པ། ཏང་ཡོན་གྱིས་ཏང་དང་མི་དམངས་ཀྱི་བྱ་གཞག་ལ་ཚད་མཐོའི་འགན་འཁུར་བའི་རྣམ་འགྱུར་བཟུང་ནས་ཏང་ཡོན་གྱི་དབང་ཆ་ཧུར་ཐག་སྤྱད་དེ་གཤམ་གསལ་གྱི་ལྟ་སྐུལ་འོས་འགན་སྒྲུབ་དགོས་པ་སྟེ།
(གཅིག) ཏང་གི་མགོ་ཁྲིད་ལས་བྱེད་པའི་དམངས་གཙོའི་ལྟ་སྐུལ་ལ་ཤུགས་སྣོན་བརྒྱབ་ནས་མང་ཚོགས་ཀྱི་བསམ་འཆར་དང་རེ་ཞུ་ཏང་རྩ་འཛུགས་ལ་དུས་ཐོག་ཏུ་སྙན་སེང་ཞུ་དགོས་པ་དང་།
(གཉིས) ཏང་གི་ཚོགས་འདུའི་ཐོག་གཞི་འཛིན་ས་ཡོད་པའི་ཐོག་ནས་ཏང་གི་རྩ་འཛུགས་གང་རུང་དང་ཏང་ཡོན་གང་རུང་ལ་སྐྱོན་བརྗོད་བྱེད་དགོས་པ་དང་ལས་དོན་ཁྲོད་ལྷག་པའི་སྐྱོན་ཆ་དང་གནད་དོན་ཐེར་འདོན་དང་དག་བཅོས་བྱེད་དགོས།
(གསུམ) ཏང་རྩ་འཛུགས་ཀྱིས་སྤེལ་བའི་མགོ་ཁྲིད་ལས་བྱེད་པའི་དཔྱད་གླེང་བྱེད་སྒོར་ཞུགས་ཏེ་འགལ་ཟླའི་རིགས་ཀྱི་གནད་དོན་ལ་གཏུག་ཕོད་པ་དང་སྐྱོན་ཆ་དང་ནོར་འཁྲུལ་རིགས་འདོན་ཕོད་པ་བྱེད་དགོས། ནོར་འཁྲུལ་གྱི་གཏམ་སྤྱོད་ལ་གཏུག་ཕོད་པ་དང་འཐབ་རྩོད་བྱེད་ཕོད་དགོས།
(བཞི) ཏང་ལ་འགན་འཁུར་བའི་རྣམ་འགྱུར་གྱི་ཐོག་ནས་ཏང་གི་རྩ་འཛུགས་གང་རུང་དང་ཏང་ཡོན་གང་རུང་གི་སྒྲིག་འགལ་ཁྲིམས་འགལ་གྱི་དོན་དངོས་ཐེར་འདོན་དང་ཉེས་སྐྱོན་ཐེར་འདོན་བྱེད་དགོས། ཤོག་ཁག་གི་བྱེད་སྒོ་དང་ཚོགས་པ་ཆུང་ངུའི་བྱེད་སྒོ་མཐའ་དག་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་དགོས་པ་དང་རུལ་སུངས་ཀྱི་སྣང་ཚུལ་ལ་འཐབ་རྩོད་མཐའ་གཅིག་ཏུ་བྱེད་དགོས།
ལེའུ་དྲུག་པ། ཏང་ནང་ཁུལ་གྱི་ལྟ་སྐུལ་དང་ཕྱི་ཕྱོགས་ཀྱི་ལྟ་སྐུལ་ཟུང་འབྲེལ་བྱེད་དགོས།
དོན་ཚན་སོ་བདུན་པ། རིམ་པ་སོ་སོའི་ཏང་ཨུས་རིམ་པ་གཅིག་མཚུངས་ཀྱི་མི་དམངས་འཐུས་མི་ཚོགས་ཆེན་དང་། སྲིད་གཞུང་། ལྟ་ཞིབ་ལས་ཁུངས། ཁྲིམས་འཛིན་ལས་ཁུངས་སོགས་ཀྱིས་རྒྱལ་ཁབ་ལས་ཁུངས་དང་དེ་བཞིན་གཞུང་ཞབས་པར་ཁྲིམས་བཞིན་ལྟ་སྐུལ་བྱ་རྒྱུར་རྒྱབ་སྐྱོར་དང་འགན་ལེན་བྱས་ནས་མི་དམངས་སྲིད་གྲོས་ཀྱིས་སྒྲིག་ཡིག་བཞིན་དམངས་གཙོའི་ལྟ་སྐུལ་བྱེད་པ་དང་རྩིས་བཤེར་ལས་ཁུངས་ཀྱིས་ཁྲིམས་བཞིན་རྩིས་བཤེར་ལྟ་སྐུལ་བྱེད་དགོས། འབྲེལ་ཡོད་རྒྱལ་ཁབ་ལས་ཁུངས་ཀྱིས་ཏང་གི་མགོ་ཁྲིད་ལས་བྱེད་པས་ཏང་སྲོལ་དང་ཏང་གི་སྒྲིག་ཡིག་ལས་འགལ་བ་དང་ཏང་རྩ་འཛུགས་ཀྱིས་ཐག་གཅོད་བྱེད་དགོས་པའི་རིགས་ཤེས་ཚེ། དུས་ཐོག་ཏུ་འབྲེལ་ཡོད་ཏང་རྩ་འཛུགས་ལ་སྙན་སེང་ཞུ་དགོས། རྩིས་བཤེར་ལས་ཁུངས་ཀྱིས་ཏང་གི་མགོ་ཁྲིད་ལས་བྱེད་པར་སྒྲིག་ཁྲིམས་ལས་འགལ་བའི་གནད་དོན་ཡོད་པ་ཤེས་ཚེ་རིམ་པ་གཅིག་མཚུངས་ཀྱི་ཏང་རྩ་འཛུགས་ལ་སྙན་སེང་ཞུ་དགོས། དགོས་པ་ཡོད་ཚེ་གོང་རིམ་ཏང་རྩ་འཛུགས་ལ་སྙན་སེང་ཞུ་དགོས་པ་དང་འབྲེལ་གཏན་འབེབས་གཞིར་བཟུང་ནས། གནད་དོན་གྱི་ཁུངས་སྣེ་འབྲེལ་ཡོད་སྒྲིག་ཁྲིམས་ཞིབ་བཤེར་ལས་ཁུངས་སུ་ཐག་གཅོད་བྱ་རྒྱུར་སྐྱེལ་དགོས།
སྒྲིག་ཁྲིམས་ཞིབ་བཤེར་བྱེད་པའི་བརྒྱུད་རིམ་ནང་ཏང་གི་མགོ་ཁྲིད་ལས་བྱེད་པས་སྒྲིག་ཁྲིམས་ལས་ཚབས་ཆེན་འགལ་ནས་ཁྲིམས་འགལ་ཉེས་གསོག་གི་དོགས་གཞི་ཡོད་ཚེ། སྔོན་ལ་ཏང་གི་སྒྲིག་ཁྲིམས་ཀྱི་ཆད་པ་གཅོད་པའི་གཏན་འབེབས་བྱེད་དགོས་པ་དང་། དེ་རྗེས་སྲིད་འཛིན་ལས་ཁུངས་དང་ཁྲིམས་འཛིན་ལས་ཁུངས་ལ་ཐག་གཅོད་བྱ་རྒྱུར་སྐྱེལ་དགོས། ཁྲིམས་སྐྱོང་ལས་ཁུངས་དང་ཁྲིམས་འཛིན་ལས་ཁུངས་ཀྱིས་ཁྲིམས་བཞིན་ཏང་གི་མགོ་ཁྲིད་ལས་བྱེད་པ་དང་འབྲེལ་ཡོད་གྱོད་གཞི་ཐོ་བཀོད་དང་ཐག་གཅོད་བྱས་ནས་རིམ་པ་གཅིག་མཚུངས་ཀྱི་ཏང་ཨུ་དང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་ལ་བརྡ་ཁྱབ་གཏོང་དགོས། ལས་བྱེད་པ་དེ་གནས་སའི་ཏང་རྩ་འཛུགས་ཀྱིས་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ནས་ལས་བྱེད་པ་དེའི་འབྲེལ་ཡོད་ཏང་ཡོན་གྱི་ཁེ་དབང་སྤྱོད་མཚམས་འཇོག་དགོས། ཁྲིམས་བཞིན་ཉེས་དོན་གྱི་འགན་འཁྲི་བདའ་འདེད་གཏོང་དགོས་པའམ་ཡང་ན་ཉེས་པ་བསགས་པ་མིན་ཡང་སྒྲིག་འགལ་དོགས་གཞི་ཡོད་ཚེ་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་ལ་སྒྲིག་ཁྲིམས་བཞིན་ཐག་གཅོད་བྱ་རྒྱུར་སྐྱེལ་དགོས།
དོན་ཚན་སོ་བརྒྱད་པ། ཀྲུང་གོ་གུང་ཁྲན་ཏང་དང་དམངས་གཙོ་ཏང་ཁག་གིས་ཡུན་རིང་མཉམ་གནས་དང་། ཕན་ཚུན་ལྟ་སྐུལ། གཅིག་སེམས་གཅིག་གཏད། གཟི་ཁྲེལ་མཉམ་མྱོང་བཅས་བྱས་ཡོད། རིམ་ཁག་ཏང་རྩ་འཛུགས་ཀྱིས་དམངས་གཙོ་ཏང་ཁག་གིས་ལྟ་སྐུལ་འགན་ནུས་འཁུར་རྒྱུར་རྒྱབ་སྐྱོར་བྱས་ནས་དམངས་གཙོ་ཏང་ཁག་དང་ཏང་ཁག་གང་ལ་ཡང་མི་གཏོགས་པའི་མི་སྣས་བཏོན་པའི་བསམ་འཆར་དང་། སྐྱོན་བརྗོད། གྲོས་འགོ་བཅས་ལ་མཐོང་ཆེན་བྱས་ཏེ་གནས་ཚུལ་ཤེས་རྟོགས་དང་། སྤེལ་རེས། ལྡོག་འདྲེན། དོན་འཁྱོལ་སོགས་བྱེད་པའི་ལམ་སྲོལ་འཐུས་སྒོ་ཇེ་ཚང་དུ་གཏོང་དགོས།
དོན་ཚན་སོ་དགུ་པ། རིམ་པ་སོ་སོའི་ཏང་རྩ་འཛུགས་དང་ཏང་གི་མགོ་ཁྲིད་ལས་བྱེད་པས་སྤྱི་ཚོགས་ཀྱི་ལྟ་སྐུལ་ལ་གཙིགས་ཆེན་དང་རང་འགུལ་ངང་དང་ལེན་བྱས་ཐོག དྲ་སྦྲེལ་གྱི་ལག་རྩལ་དང་ཆ་འཕྲིན་ཅན་གྱི་བྱ་ཐབས་སྤྱད་ནས་ཏང་དོན་ཡོངས་བསྒྲགས་ལ་སྐུལ་འདེད་གཏོང་བ་དང་ལྟ་སྐུལ་ཐབས་ལམ་རྒྱ་ཆེར་བཏང་སྟེ་སེམས་ཆུང་ངང་མང་ཚོགས་ཀྱི་སྐྱོན་བརྗོད་དང་ལེན་བྱེད་དགོས། གསར་འགྱུར་སྨྱན་སྦྱོར་གྱིས་ཏང་གཤིས་དང་མི་དམངས་རང་བཞིན་གཅིག་གྱུར་ཡོང་རྒྱུ་མཐའ་འཁྱོངས་ཀྱིས་ཡང་དག་པའི་ཕྱོགས་སྟོན་མཐའ་འཁྱོངས་དང་གླེང་ཕྱོགས་ཀྱི་ལྟ་སྐུལ་ལ་ཤུགས་སྣོན་བརྒྱབ་སྟེ་དཔེ་མཚོན་གྱི་གྱོད་གཞིར་དབྱེ་ཞིབ་བྱས་ནས་ཉེན་བརྡའི་ནུས་པ་འདོན་སྤེལ་བྱེད་དགོས།
ལེའུ་བདུན་པ། དག་ཐེར་དང་འགན་ལེན།
དོན་ཚན་བཞི་བཅུ་པ། ཏང་རྩ་འཛུགས་ཀྱིས་ཏང་ནང་ཁུལ་གྱི་ལྟ་སྐུལ་ཁྲོད་ཐོན་པའི་གནད་དོན་དང་ཁུངས་སྣེ་ཇི་བཞིན་ཐོ་འགོད་དང་གཅིག་སྡུད་དོ་དམ་བྱས་ཏེ་དུས་ཐོག་ཏུ་ཤེས་རྟོགས་དང་དཔྱད་བསྡུར་བྱས་ནས་དེ་མཚུངས་ཀྱི་ཐག་གཅོད་བྱེད་དགོས་པ་དང་། རིམ་པ་འདི་གའི་བདག་སྤྲོད་ཁྱབ་ཁོངས་སུ་མ་གཏོགས་པ་དབང་ཚད་ལྡན་པའི་ཏང་རྩ་འཛུགས་ལ་ཐག་གཅོད་བྱ་རྒྱུར་སྐྱེལ་དགོས།
དོན་ཚན་ཞེ་གཅིག་པ། ཏང་རྩ་འཛུགས་ཀྱིས་ལྟ་སྐུལ་ཁྲོད་ནས་ཤེས་རྟོགས་བྱུང་བའི་གནད་དོན་ཚང་མར་དག་ཐེར་དང་གནད་དོན་ཡོད་ཚད་དོན་ཐོག་ཏུ་འཁྱོལ་བ་བྱེད་དགོས། དག་ཐེར་བྱས་འབྲས་དུས་ཐོག་ཏུ་རིམ་པ་གོང་མའི་ཏང་རྩ་འཛུགས་ལ་སྙན་སེང་ཞུ་བ་དང་དགོས་པ་ཡོད་ཚེ་རིམ་པ་འོག་མའི་ཏང་རྩ་འཛུགས་དང་ཏང་ཡོན་ལ་བརྡ་ཁྱབ་གཏོང་ཆོག་པ་མ་ཟད། སྤྱི་ཚོགས་ལའང་ཡོངས་བསྒྲགས་བྱེད་ཆོག
རིམ་པ་གོང་མའི་ཏང་རྩ་འཛུགས་ཀྱིས་སྒྲུབ་འགན་སྐུལ་བ་དང་དེ་བཞིན་སྐོར་གཟིགས་སོགས་ཀྱིས་སྤྲད་པའི་སྒྲིག་འགལ་གནད་དོན་གྱི་ཁུངས་སྣེ་དུས་ཐོག་ཏུ་ཐག་གཅོད་བྱེད་དགོས་པ་དང་སྦྲགས། དུས་ཡུན་ཟླ་བ་གསུམ་ནང་བདག་སྤྲོད་བྱས་ཚུལ་ལྡོག་འདྲེན་བྱེད་དགོས།
དོན་ཚན་ཞེ་གཉིས་པ། ཏང་ཨུ་དང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་ཏང་ནང་ཁུལ་གྱི་ལྟ་སྐུལ་འགན་འཁྲི་འཁུར་བ་དང་གནད་དོན་དག་ཐེར་དང་དོན་འཁྱོལ་བྱས་ཚུལ་གྱི་ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་བརྒྱབ་སྟེ་ཏང་ནང་ཁུལ་གྱི་ལྟ་སྐུལ་འགན་འཁྲི་མ་འཁུར་བའམ་ཡང་དག་མ་འཁུར་བ་དང་། དེ་བཞིན་ཡོ་བསྲང་དང་དག་ཐེར་ཡག་པོ་མ་བྱུང་བར«ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག»དང་། «ཀྲུང་གོ་གུང་ཁྲན་ཏང་གི་འགན་འཁྲི་རྩད་གཅོད་སྲོལ་ཡིག»སོགས་ཀྱི་གཏན་འབེབས་ལྟར་ཐག་གཅོད་བྱེད་དགོས།
དོན་ཚན་ཞེ་གསུམ་པ། ཏང་རྩ་འཛུགས་ཀྱིས་ཏང་ཡོན་གྱི་གནས་ཚུལ་ཤེས་དབང་དང་ལྟ་སྐུལ་དབང་ཆ་འགན་ལེན་བྱས་ནས་ཏང་ཡོན་གྱིས་ཏང་ནང་ཁུལ་གྱི་ལྟ་སྐུལ་ཁྲོད་དགེ་མཚན་ལྡན་པའི་ནུས་པ་འདོན་རྒྱུར་སྐུལ་ལྕག་དང་རྒྱབ་སྐྱོར་བྱེད་དགོས། མིང་ངོ་མ་བཀོད་ནས་སྒྲིག་འགལ་དོན་དངོས་ཐེར་འདོན་བྱ་རྒྱུ་དར་སྤེལ་གཏོང་བ་དང་ཏང་རྩ་འཛུགས་ཀྱིས་ཐེར་འདོན་བྱེད་མཁན་གྱི་གསང་བ་ནན་པོ་སྲུང་དགོས་པ་དང་འབྲེལ། འོས་འཚམ་གྱི་བྱ་ཐབས་ལ་བརྟེན་ནས་ཐེར་འདོན་བྱེད་མཁན་ལ་བདག་སྤྲོད་བྱས་ཚུལ་ལྡོག་འདྲེན་བྱེད་དགོས། ལྟ་སྐུལ་ལ་བཀག་འགོག་དང་ལྟ་སྐུལ་བྱེད་མཁན་ལ་འཁོན་ལན་སློག་པར་སྒྲིག་ཁྲིམས་ལྟར་ཐག་གཅོད་ནན་པོ་བྱེད་དགོས།
དོན་ཚན་ཞེ་བཞི་པ། ཏང་རྩ་འཛུགས་ཀྱིས་ལྟ་སྐུལ་བྱ་ཡུལ་གྱི་དག་སེལ་དབང་ཆ་དང་ཞུ་འབུལ་དབང་ཆ་སོགས་འབྲེལ་ཡོད་ཀྱི་དབང་ཆ་འགན་ལེན་བྱེད་དགོས། བརྟག་དཔྱད་བྱས་པ་བརྒྱུད་ལྟ་སྐུལ་བྱ་ཡུལ་ལ་ཚུལ་མིན་གྱི་བྱེད་སྤྱོད་མེད་ན་གསལ་བཟོ་དང་མིང་ཚུལ་དང་མཐུན་པ་བཟོ་དགོས། ལྟ་སྐུལ་ལ་ཁ་གཡར་ནས་མི་གཞན་ལ་དམའ་འབེབས་དང་། མ་ཉེས་ཁ་གཡོགས། ཉེས་མེད་ཉེས་འགེལ་བཅས་བྱེད་པར་སྒྲིག་ཁྲིམས་བཞིན་ཐག་གཅོད་ནན་པོ་བྱེད་དགོས་པ་དང་། ཉེས་གསོག་དོགས་གཞི་ཡོད་ན་ཁྲིམས་འཛིན་ལས་ཁུངས་ལ་ཐག་གཅོད་བྱ་རྒྱུར་རྩིས་སྤྲོད་དགོས། ལྟ་སྐུལ་བྱ་ཡུལ་གྱིས་ཐག་གཅོད་གཏན་འབེབས་ལ་མོས་མཐུན་མ་བྱུང་ན་ཏང་གི་སྒྲིག་ཡིག་དང་གཏན་འབེབས་ལྟར་ཞུ་གཏུག་རྒྱག་ཆོག འབྲེལ་ཡོད་ཏང་རྩ་འཛུགས་ཀྱིས་ནན་ཏན་ངང་བསྐྱར་གྲོས་བསྐྱར་ཞིབ་བྱེད་པ་དང་སྦྲགས། མཇུག་སྡོམ་རྒྱག་དགོས།
ལེའུ་བརྒྱད་པ། ཞར་བཀོད།
དོན་ཚན་ཞེ་ལྔ་པ། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གིས་སྲོལ་ཡིག་འདི་གཞིར་བཟུང་འབྲེལ་ཡོད་གཏན་འབེབས་བཟོ་ཆོག
དོན་ཚན་ཞེ་དྲུག་པ། སྲོལ་ཡིག་འདིར་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་ཁང་གིས་འགན་འཁུར་གསལ་འགྲེལ་བྱེད་དགོས།