འདི་ནི་མགོ་རྩོམ་ས་གསར་བ་ཞིག་ཡིན་ལ། ལམ་བུ་གསར་བ་ཞིག་ཀྱང་རེད།
ཡུལ་ཤུལ་གྱི་ལོ་རྒྱུས་ལ་ཕྱིར་མིག་བལྟས་ན་ཧ་ཅང་ཁྱད་པར་བ་ཞིག་ཡིན་ལ། སྤྱིར་བཏང་མིན་པའི་ལོ་ལྔ་ཡང་རེད། ཡུལ་ཤུལ་གྱིས་བློ་སྤོབས་ཆེན་པོས་དཀའ་སྤྱད་འབད་བརྩོན་བྱས་ཏེ། མིག་མཐོང་ལག་ཟིན་གྱི་འཕེལ་རྒྱས་གྲུབ་འབྲས་བཟང་བོ་བླངས་ཡོད།
ལོ་ལྔའི་རིང་རྩ་འཛུགས་མགོ་ཁྲིད་ནུས་ལྡན་ལ་ཤུགས་སྣོན་བྱས། ལག་ལེན་ལས་བདེན་དཔང་བྱས་པ་ལྟར་ན། ཐོག་མཐའ་བར་གསུམ་ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་བྱས་ཏེ། ཏང་ཨུའི་ཁྱོན་ཡོངས་ཀྱི་གནས་ཚུལ་འདོན་སྤེལ་བྱེད་པ་དང་། ཕྱོགས་སོ་སོའི་མགོ་ཁྲིད་ཀྱི་སྲོག་ཤིང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། ཏང་གི་ལམ་ཕྱོགས་བྱེད་ཕྱོགས་སྲིད་ཇུས་ཇི་མ་ཇི་བཞིན་ལག་ལེན་མཐར་ཕྱིན་བྱས་ཏེ། ཡུལ་ཤུལ་འཕེལ་རྒྱས་དེ་ཡང་དག་པའི་ཁ་ཕྱོགས་སུ་སྐུལ་འདེད་བྱེད་ཐུབ་པ་ཁག་ཐེག་བྱས།
ལོ་ལྔའི་རིང་ཕྱོགས་ཡོངས་ནས་ཚན་རིག་ལྟར་འཆར་འགོད་བྱས་པ། ལག་ལེན་ལས་བདེན་དཔང་བྱས་པ་ལྟར་ན། དངོས་ཐོག་བདེན་འཚོལ་དང་ཡུལ་ཤུལ་ཁུལ་གྱི་ཡུལ་བབ་དང་བསྟུན་པ་རྒྱུན་འཁྱོངས་བྱས་ཏེ། རྒྱུད་འཛིན་དང་གསར་སྐྲུན། སྲ་བརྟན་དང་འཕེལ་རྒྱས་ཀྱི་འབྲེལ་བ་ཡང་དག་པའི་སྒོ་ནས་ཐག་གཅོད་བྱས་པས། ཐོན་ཁུངས་ཀྱི་ཁྱད་སྟོབས་དེ་མུ་མཐུད་ནས་འཕེལ་རྒྱས་ཀྱི་ཁྱད་སྟོབས་སུ་བསྒྱུར། དམངས་ཚིས་གཙོ་གནད་དུ་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། སློབ་གསོ་དང་འཕྲོད་བསྟེན། ལས་ཞུགས། སྤྱི་ཚོགས་འགན་སྲུང་སོགས་སྤྱི་ཚོགས་ཀྱི་སྤྱི་པའི་ཞབས་ཞུ་འདྲ་མཉམ་ཅན་དུ་སོང་བས། མང་ཚོགས་ཀྱིས་བཅོས་སྒྱུར་འཕེལ་རྒྱས་དང་སྐྱེ་ཁམས་ཀྱི་ཕན་འབྲས་མང་པོ་རོལ་མྱོང་བྱས།
ལོ་ལྔའི་རིང་དངོས་གཉེར་གསར་སྐྲུན་གྱི་གྲུབ་འབྲས་ཞིབ་རྩིས་བྱས་པ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་འགན་འཁྲི་དང་ལེན་བྱས་ཏེ། རྨ་འབྲི་རྫ་གསུམ་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་པའི་རྒྱལ་ཁབ་ཀྱི་འཐབ་ཇུས་ལག་བསྟར་བཟང་བོ་བྱས་ནས། མི་ཚང་མ་ཟབ་ཞུགས་བྱེད་པ་དང་། སྐྱེ་ཁམས་ཀྱི་ཁྱད་སྟོབས་འདོན་སྤེལ་གང་ལེགས་བྱས་པས། “ལྷད་མེད་སྐྱེ་ཁམས་ལ་བརྟེན་ནས་རྒྱལ་ཁབ་ལ་དྲིན་ལན་འཇལ་བའི”ཁས་ལེན་ལག་བསྟར་བྱས།
ཟླ་བཅུ་གཅིག་པར་ཡུལ་ཤུལ་གྱིས་གོམས་སྟབས་བརྟན་པོའི་ངང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པར་རྒྱལ་ཁ་ལེན་པར་ཐོག་མའི་གྲུབ་འབྲས་ཐོབ།
ཟླ་བཅུ་གཅིག་པར་ཡུལ་ཤུལ་གྱི་འཕེལ་རྒྱས་རྣམ་པ་བསྒྱུར་བར་དཀའ་ཁག་ཆེན་པོར་འཕྲལ་ཡོད་ལ། བཅོས་སྒྱུར་འཕེལ་རྒྱས་ལ་ཡང་དཀའ་ཁག་ཆེན་པོ་གནས་ཡོད།
དཔལ་འབྱོར་སྤྱི་ཚོགས་ཀྱི་ཐད་ཡར་ཐོན་ཆེན་པོ་ཡོད་པ་དང་། འོན་ཀྱང་། དར་རྒྱས་ཆེ་བའི་ས་ཁུལ་དང་བསྡུར་ན་ད་དུང་བར་ཁྱད་ཆེན་པོ་གནས་ཡོད། ཞིང་ཆེན་ཡོངས་ཀྱི་ས་ཁུལ་འཕེལ་རྒྱས་སྤྱིའི་གྲས་དང་བསྡུར་ན་ད་དུང་གོ་རིམ་དམའ་བའི་དུས་སུ་སླེབས་ཡོད་ལ། ཕྱོགས་བསྡུས་སྟོབས་ཤུགས་ད་དུང་ཤུགས་སྣོན་བྱེད་དགོས། ཐོན་ལས་གྲུབ་ཚུལ་ལེགས་སྒྲིག་བྱེད་པ་དེ་ཐོག་མའི་དུས་རིམ་དུ་གནས་ཡོད་པ་དང་། ཐོན་ལས་ཀྱི་གྲུབ་ཚུལ་གསར་བ་འཛུགས་པར་འགན་འཁྲི་ལྕི་ལ་ལམ་ཐག་རིང་། དབུལ་ཕོངས་མི་གྲངས་ཀྱིས་ཞིང་ཆེན་ཡོངས་ཀྱི་བརྒྱ་ཆའི་ཉི་ཤུ་ཟིན་ཡོད་པ་དང་། དུས་ལྟར་གནད་འཁེལ་དབུལ་ཐར་བྱེད་པའི་འགན་འཁྲི་ཧ་ཅང་ལྕི། སློབ་གསོ་དང་འཕྲོད་བསྟེན་སོགས་ཀྱི་ཐད་མི་འདང་ས་མང་ལ། དབུལ་ཐར་མཁྲེགས་གཏོར་བྱེད་པར་འབད་བརྩོན་ཆེན་པོ་བྱེད་དགོས། ཚན་རྩལ་འདེགས་སྐྱོར་གྱི་ནུས་པ་ཞན་པ་དང་ཆེད་མཁས་འཇོན་མི་དཀོན་པས། ལས་རིགས་གསར་སྐྲུན་གྱི་ཐད་མི་འདང་ས་ཧ་ཅང་མང་།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིན་གྱིས་མཚོ་སྔོན་དུ་རྟོག་ཞིབ་མཛད་སྐབས་ཡུལ་ཤུལ་ལ་ཐུགས་ཁུར་ཆེན་པོ་གནང་། ཡུལ་ཤུལ་ས་འགུལ་བརྒྱུགས་པའི་ས་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་བྱ་བ་དམ་འཛིན་བཟང་བོ་བྱེད་དགོས་པ་དང་། ས་གནས་ཀྱི་རིགས་སོ་སོའི་མང་ཚོགས་ཀྱི་འཚོ་བ་སྔར་ལས་ཇེ་རྒྱས་ཇེ་ལེགས་སུ་གཏོང་དགོས་ཞེས་པ་དེ་ནི་སྐུལ་ལྕག་ཆེན་པོ་ཞིག་རེད།
འཚོ་བ་སྔར་ལས་ཇེ་བཟང་དུ་གཏོང་རྒྱུ་ནི་བཅོས་སྒྱུར་འཕེལ་རྒྱས་ཀྱི་གྲུབ་འབྲས་ཀྱིས་མང་ཚོགས་སྔར་ལས་མང་པོར་ཕན་ཁེ་བསྐྲུན་རྒྱུ་དེ་ཡིན་ལ། སྐྱེ་ཁམས་སྔར་ལས་ཇེ་བཟང་དང་། དམངས་ཚིས་མུ་མཐུད་ལེགས་བཅོས། ཆབ་སྲིད་འཚོ་བའི་ཁོར་ཡུག སྤྱི་ཚོགས་སྔར་ལས་འཆམ་མཐུན། མང་ཚོགས་ཀྱི་འཚོ་བ་སྔར་ལས་འབྱོར་ཕྱུག་ལྡན་དུ་འཇུག་ཐུབ། འཕེལ་རྒྱས་སྔར་ལས་ཇེ་བཟང་དུ་གཏོང་རྒྱུ་ནི་གཙོ་བོ་ཁུལ་དར་སྤེལ་བྱེད་རྒྱུ་དེ་རེད། མང་ཚོགས་ཀྱི་འཚོ་བ་སྔར་ལས་ཇེ་བཟང་དུ་གཏོང་རྒྱུ་ནི་གཙོ་བོ་མི་དམངས་ཕྱུག་པོར་བསྒྱུར་རྒྱུ་དེ་ཡིན་པ་དང་། དེ་གཉིས་ཕན་ཚུན་གཅིག་ལ་གཅིག་བརྟེན་རེད།
མགོ་རྩོམ་ས་གསར་བ་ནས་ལས་ཀ་འབད་སྒྲུབ་བྱེད་པ་དེ་གནད་འགག་ཡིན་ལ། དངོས་སུ་ལག་ལེན་དུ་བསྟར་རྒྱུ་ནི་ནུས་ལྡན་གྱི་བདེན་དཔང་རེད། མིག་མདུན་གྱི་འཕེལ་རྒྱས་གནས་བབ་སྲུང་འཛིན་བཟང་བོ་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་ཁུལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱིས་མཉམ་དུ་མཐུན་སྒྲིལ་འབད་འཐབ་བྱས་ཏེ། མུ་མཐུད་དུ་ཚན་རིག་འཕེལ་རྒྱས་དང་སྔོན་ལ་འཕེལ་རྒྱས། གཅིག་གྱུར་འཕེལ་རྒྱས་བཅས་ཀྱི་འཐབ་ལམ་སྟེང་མུ་མཐུད་མདུན་སྐྱོད་བྱས་ན། ཡུལ་ཤུལ་དེ་ཞིང་ཆེན་ཡོངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་སུ་སྙེག་ཐུབ།
རྗེས་ཕྱོགས་ཀྱི་ལོ་ལྔའི་གཞི་རྩའི་བསམ་ཕྱོགས་དང་འབད་འཐབ་དམིགས་འབེན།
རྗེས་ཕྱོགས་ཀྱི་ལོ་ལྔའི་ནང་ཡུལ་ཤུལ་འཕེལ་རྒྱས་ཀྱི་གཞི་འཛིན་སའི་མཛུབ་སྟོན་བསམ་བློ་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ནས། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བ་དང་ལྔ་བ། དྲུག་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་མཛུབ་སྟོན་དུ་བྱས་ནས། ཀྲུང་དབྱང་གི“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་ནན་ཏན་སྒོས་དངོས་འབེབ་བྱེད་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་ཆེན་པོ་ལྔ་དང“ནན་ནན་ཏིག་ཏིག་བཞིའི”རེ་བ་གལ་ཆེན་སྣེ་ཁྲིད་བྱས་ཏེ། ཞིང་ཆེན་ཏང་ཨུའི“131”གི་འཕེལ་རྒྱས་བཀོད་སྒྲིག་ལ་དམ་པོར་དམིགས་ནས། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་འགན་འཁྲི་དང་པོ་དམ་འཛིན་བཟང་བོ་བྱས་ཏེ། གནད་འཁེལ་དབུལ་ཐར་གཙོ་གནད་དུ་འཛིན་པ་དང་། ཐོན་ལས་རིམ་སྤར་དེ་གཙོ་གནད་དུ་འཛིན་པ། མཁར་གྲོང་གཅིག་གྱུར་འཆར་འགོད་དེ་གནད་འགག་ཏུ་བརྩི་བ། ཚན་རྩལ་གསར་སྐྲུན་དེ་འདེགས་སྐྱོར་བྱས་ནས། ཏང་གི་མགོ་ཁྲིད་ཀྱི་ནུས་པ་ཇེ་དྲག་ཏུ་གཏོང་བ་དང་། སྤྱི་ཚོགས་ཡུན་རིང་བདེ་འགོད་ལ་སྲུང་སྐྱོང་བྱེད་པ། ལས་སྐྲུན་ཁོར་ཡུག་ཇེ་ལེགས་སུ་གཏོང་བ། ཡུལ་ཤུལ་གྱི་ས་ཡོམ་འགོག་གནོད་ཀྱི་སྙིང་སྟོབས་དར་སྤེལ་བྱས་ཏེ། ཡུལ་ཤུལ་གྱི་འཕེལ་རྒྱས་སྔར་ལས་བཟང་བ་དང་མང་ཚོགས་ཀྱི་འཚོ་བ་སྔར་ལས་ཇེ་ལེགས་སུ་གཏོང་བ་ཁག་ཐེག་བྱེད་དགོས།
ཕྱོགས་བསྡུས་སྟོབས་ཤུགས་མངོན་གསལ་སྒོས་ཇེ་མཐོར་གཏོང་བ། དཔལ་འབྱོར་གྱི་སྤྱིའི་འཕར་ཚད་དང་ནོར་སྲིད་ཀྱི་ཡོང་སྒོ། སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་མ་རྐང་དུ་འཇོག་པ་སོགས་སོ་སོར་བརྒྱ་ཆའི་བརྒྱད་དང་བརྒྱ་ཆའི་དྲུག བརྒྱ་ཆའི་བཅུ་བཅས་འཕར་སྣོན་འབྱུང་དུ་འཇུག་པ་དང་། ཐེངས་གསུམ་གྱི་ཐོན་ལས་རིམ་སྤར་དང་མཉམ་འདྲེས་འཕེལ་རྒྱས་མངོན་གསལ་སྒོས་ཇེ་མགྱོགས་སུ་གཏོང་བ། འགྲིམ་འགྲུལ་དང་ཆུ་བེད། འཕྲིན་གཏོང་། དམངས་སྤྱོད་མཁའ་འགྲུལ་སོགས་ཞབས་ཞུའི་དྲ་རྒྱའི་ཚགས་དམ་ཚད་ཇེ་བཟང་དུ་གཏོང་བ། རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་གྱི་ལོ་རྒྱུས་དངུལ་བུན་ཆད་པ་དག་ཕན་ནུས་ཡོད་པའི་སྒོ་ནས་འདུམ་འགྲིག་བྱས་ཏེ། ཐོན་ལས་མཉམ་བསྲེས་སོགས་མུ་མཐུད་དུ་ཇེ་མགྱོགས་སུ་བཏང་ཡོད་པས། རྨ་འབྲི་རྫ་གསུམ་འབྱུང་ཡུལ་ས་ཁུལ་གྱི་སྐྱེ་ཁམས་དཔལ་འབྱོར་འཕེལ་རྒྱས་ཀྱི་རྣམ་པ་ཐོག་མར་ཆགས།
དམངས་ཚིས་བདེ་སྐྱིད་ལྡན་ཚད་ཇེ་མཐོར་སོང་བ། མཁར་གྲོང་དང་ཞང་གི་སྡོད་དམངས་ཀྱི་ཡོང་སྒོ་སོ་སོར་བརྒྱ་ཆའི་བཅུ་དང་བརྒྱ་ཆའི་བཅུ་གཉིས་ཀྱིས་འཕར་སྣོན་བྱུང་ཡོད། གནད་འཁེལ་དབུལ་ཐར་དམིགས་འབེན་དུས་ལྟར་ཡོངས་འགྲུབ་བྱས་ཡོད་པ་དང་། སློབ་གསོ་དང་རིག་གནས། འཕྲོད་བསྟེན། ལུས་རྩལ་སོགས་ཐད་ཀྱི་མི་འདང་ས་ཕན་ནུས་ཡོད་པའི་ཁ་གསབ་བྱས་པས། སྤྱི་ཚོགས་འགན་སྲུང་དང་ངལ་རྩོལ་ལས་ཞུགས། མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བའི་ཆ་རྐྱེན་སོགས་མུ་མཐུད་དུ་ལེགས་བཅོས་ཐོབ་པས། མཁར་གྲོང་གི་རྨང་གཞིའི་སྤྱི་པའི་ཞབས་ཞུ་ཆ་སྙོམས་ཅན་སོགས་ཀྱི་ཆུ་ཚད་མངོན་གསལ་སྒོས་ཇེ་མཐོར་སོང་།
སྐྱེ་ཁམས་སྣེ་ཁྲིད་ཀྱི་ནུས་པ་མངོན་གསལ་སྒོས་ཇེ་མཐོར་སོང་བ། སྐྱེ་ཁམས་དཔལ་ཡོན་གྱི་འདུ་ཤེས་སྲ་བརྟན་དུ་བཏང་ནས། ཨ་ཆེན་གངས་རྒྱབ་ཏེ་རྒྱལ་ཁབ་རང་བྱུང་ཤུལ་དངོས་སུ་སྙན་ཞུ་ལེགས་འགྲུབ་འབྱུང་བ་བརྩོན་ལེན་བྱས། རྨ་འབྲི་རྫ་གསུམ་རྒྱལ་ཁབ་སྤྱི་གླིང་རྨང་གཞིའི་སྟེང་ཡོངས་འགྲུབ་བྱུང་ཡོད་པ་དང་། སྐྱེ་ཁམས་འཛུགས་སྐྲུན་བཟོ་སྐྲུན་སྣ་ཚོགས་གོ་རིམ་ལྡན་པའི་ངང་ལག་བསྟར་བྱེད་བཞིན་ཡོད་ལ། ལྷད་མེད་ཐོན་ལས་གྲུབ་ཚུལ་མུ་མཐུད་དུ་ལེགས་སྒྲིག་བྱས་ཏེ། མཁར་གྲོང་གི་ཁོར་ཡུག་སྤུས་ཚད་མངོན་གསལ་སྒོས་ལེགས་བཅོས་ཐོབ་ཡོད་པ་དང་། ནུས་ཤུགས་ཡོད་དགུས་ཡུལ་ཤུལ་གྱི་སྐྱེ་ཁམས་སླར་གསོའི་དཔེ་སྟོན་ཁུལ་དང་། མི་དང་རང་བྱུང་འཆམ་མཐུན་མཉམ་གནས་ཀྱི་སྔོན་ཐོན་ས་ཁུལ། རང་བྱུང་ཁམས་ཆེན་མོར་སྲུང་སྐྱོབ་བྱེད་པའི་དཔེ་སྟོན་ས་ཁུལ་ཡོངས་འགྲུབ་བྱེད་དགོས།
བཅོས་སྒྱུར་སྒུལ་ཤུགས་མངོན་གསལ་སྒོས་ཇེ་མཐོར་སོང་བ། སྔར་ཡོད་ཀྱི་ཐོན་སྐྱེད་རྒྱུ་ཆའི་བཀོད་སྒྲིག་ཇེ་ལེགས་སུ་གཏོང་བ་དང་། གསར་སྐྲུན་གྱི་ནུས་པ་འབུར་དུ་བཏོན་པ། ཚན་རྩལ་གྱི་འདེགས་སྐྱོར་ལ་གདེང་འཇོག་བྱེད་པ། སྲོལ་རྒྱུན་ཐོན་ལས་བསྒྱུར་བཀོད་བྱེད་པ། ཁྱད་ལྡན་ཐོན་ལས་འཕེལ་རྒྱས་བཅས་གཏོང་དགོས། སྲིད་གཞུང་གི་འགན་ནུས་བསྒྱུར་བར་ཤུགས་སྣོན་བྱས་ཏེ། ཁྲིམས་ལྟར་ལྟ་སྐུལ་དོ་དམ་དང་དངུལ་ལོར་སྐུལ་འདེད། སྤྱི་ཚོགས་དངུལ་གསོག ལས་སྐྲུན་ཞབས་ཞུ། ཁོར་ཡུག་ལེགས་བཅོས་བཅས་ཀྱི་ཐད་གྲུབ་འབྲས་དངོས་བླངས་ཡོད་པས། མུ་མཐུད་དུ་བཅོས་སྒྱུར་ཁེ་སྤོགས་གཙོ་བོར་བཟུང་ནས་དམ་འཛིན་བྱེད་དགོས།
ཡུལ་ཤུལ་གྱི་སྣང་བརྙན་ཇེ་བཟང་དུ་སོང་བ། སྤྱི་ཚོགས་སྒོ་འབྱེད་ཆུ་ཚད་ཇེ་མཐོར་འགྲོ་བཞིན་ཡོད་པ་དང་། རིག་གནས་ཀྱི་ཁུལ་མིང་གྲགས་ཀྱི་གོ་གནས་རིམ་བཞིན་ཇེ་བརྟན་དུ་འགྲོ་བཞིན་ཡོད་ལ། རྒྱལ་ཁབ་ཕྱི་ནང་དུ་ཡང“གཙང་གསུམ་གྱི་མགོ་ཁུངས། དྭངས་གཙང་གི་ཡུལ་ཤུལ”ཞེས་པའི་མཚན་སྙན་དང་སྤུས་ལེགས་ཐོན་རྫས་རིམ་བཞིན་ཁྱབ་ཀྱིན་ཡོད་པས། ཧུར་ཐག་གིས་རྒྱལ་ཡོངས་བོད་རིགས་རིག་གནས་སྐྱེ་ཁམས་སྲུང་སྐྱོབ་ཚོད་ལྟ་ས་ཁུལ་དང་རིག་གནས་གནས་སྐོར་གྱི་ས་ཆ་ཡོངས་འགྲུབ་བྱེད་དགོས།
ཕྱུགས་ལས་ཀྱི་རྣམ་པ་བསྒྱུར་བའི་འཕེལ་རྒྱས་ཀྱི་ལམ་དུ་ཞུགས་པ།
“སྐྱེ་ཁམས་ཕྱུགས་ལས་ནི་ཡུལ་ཤུལ་གྱི་འཚོ་ཇུས་དང་འདེགས་སྐྱོར། དམངས་ཚིས་བཅས་ཡིན་ལ། བརྟན་འཇགས་ཀྱི་གཙོ་གནད་ཅིག་རེད། ཡུལ་ཤུལ་འཕེལ་རྒྱས་དང་དམངས་ཚིས་ལེགས་བཅོས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་པ་བཅས་ངེས་པར་དུ་སྐྱེ་ཁམས་ཕྱུགས་ལས་ལ་བརྟེན་དགོས་པ་དང་། ཕྱུགས་ལས་ནི་ཡུལ་ཤུལ་འཕེལ་རྒྱས་ཀྱི་གནད་འགག་ཡིན”ཞེས་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཐེངས་བཅུ་གསུམ་པའི་ཏང་གི་འཐུས་མི་ཚོགས་ཆེན་གྱི་འཐུས་མི། ཁྲི་འདུ་རྫོང་གི་རྫོང་དཔོན་ཨ་མྱེ་ཨ་ཀུན་གྱིས་གདེང་ཚོད་ཡོད་པའི་སྒོ་ནས་དེ་ལྟར་བཤད།
མི་གྲངས་ཇེ་མང་དང་ཕྱུགས་ཟོག་དང་རྩྭ་ས་ཇེ་ཉུང་ཡིན་པའི་གནས་ཚུལ་འོག ཡུལ་ཤུལ་ཁུལ་ཏང་གི་འཐུས་མི་ཚོགས་ཆེན་གྱི་སྙན་ཞུའི་སྟེང་ཕྱུགས་ལས་ཀྱི་རྣམ་པ་བསྒྱུར་བའི་འཕེལ་རྒྱས་ཀྱི་ལམ་དུ་ཞུགས་དགོས་པ་བཏོན་ཡོད།
ཨ་མྱེ་ཨ་ཀུན་གྱིས་མཚམས་སྦྱོར་བྱས་པ་ལྟར་ན། “ལོ་ལྔའི་འཆར་གཞི་བཅུ་གཉིས་པའི”ཚུན་ལ། ཁྲི་འདུ་རྫོང་གི་སྐྱེ་ཁམས་ཕྱུགས་ལས་འཕེལ་རྒྱས་དེ་ཆུང་བ་ནས་ཆེ་བ་དང་། ཉམས་ཞན་ནས་ཇེ་བཟང་དུ་འགྲོ་བཞིན་ཡོད་ལ། ཁྱིམ་ཚང་གི་སྣ་གཅིག་ཅན་གྱི་ཐོན་སྐྱེད་བྱེད་པའི་ཁ་ཐོར་དང་ཉམས་ཞན་སོགས་རག་ལས་ཀྱི་རྣམ་པ་བསྒྱུར་ནས། ཁ་ཐོར་དེ་གཅིག་བསྡུས་ཕྱོགས་སུ་བསྒྱུར་བ་དང་། སྲོལ་རྒྱུན་གྱི་ཕྱུགས་ལས་གཉེར་སྟངས་དེ་དེང་རབས་ཅན་གྱི་ཕན་འབྲས་མཐོ་བའི་ཕྱོགས་སུ་བསྒྱུར་ཏེ། རྩྭ་ས་དང་ཕྱུགས་ཟོག ངལ་རྩོལ་པ་སོགས་ཐོན་སྐྱེད་རྒྱུ་ཆ་གཅིག་བསྡུས་བྱས་ནས། ཕྱུགས་ལས་ཐོན་ཁུངས་ཡང་བསྐྱར་ལེགས་སྒྲིག་བྱེད་པ་དང་འབྲོག་པའི་རྩལ་ནུས་ལྟར་ལས་བགོས་བྱེད་པ། ཡོང་སྒོ་མ་རྐང་ལྟར་བགོ་བྱ་རྒྱག་པ། ཐོན་སྐྱེད་རྒྱུ་ཆ་ཚོང་ར་ལྟར་བཀོད་སྒྲིག་བྱས་ཏེ་ཚད་མཐུན་དང་གཞི་ཁྱོན་ཅན་གྱི་ཚོང་གཉེར་རྣམ་པ་ཆགས་སུ་བཅུག་ཟེར།
ད་ལོའི་ཏང་གི་འཐུས་མི་ཚོགས་ཆེན་གྱི་སྟེང་མངོན་གསལ་སྒོས་བཏོན་ཡོད་པ་ནི། འབྲུ་རིགས་གཟན་ཆས་སུ་བསྒྱུར་བ་དང་གཟན་ཆས་ཀྱིས་ཕྱུགས་གསོ་བ་སྐུལ་སྤེལ་བྱེད་པ། འབྲུ་རིགས་གཟན་ཆས་སུ་བསྒྱུར་བའི་རྨང་གཞིའི་སྒྲིག་ཆས་ཇེ་དྲག་ཏུ་བཏང་ནས། འཆར་འགོད་ཡོད་པའི་སྒོ་ནས་ཕྱུགས་སྤྱིལ་ཁང་དུ་གསོ་བ་དང་། སྲོལ་རྒྱུན་གྱི་གསོ་སྟངས་གཉིས་ཟུང་འབྲེལ་བྱས་ཏེ། ཕྱུགས་ལས་ཀྱི་གནོད་འགོག་གཟན་ཆས་གསོག་ཉར་རྟེན་གཞི་ལ་བརྟེན་ནས། གནོད་འགོག་གི་མ་དངུལ་འོས་མཚམས་སྒོས་འབྲོག་པའི་ཡོང་སྒོ་འཕར་སྣོན་གྱི་ཐད་འཁོར་རྒྱུག་བྱས་ཏེ། གོ་རིམ་ལྡན་པའི་སྒོ་ནས་ཞིང་ལས་འདེབས་འཛུགས་ཀྱི་གྲུབ་ཚུལ་དེ་འབྲུ་རིགས་དང་དཔལ་འབྱོར་ལོ་ཏོག་ནས་གཟན་ཆས་དང་དཔལ་འབྱོར་ལོ་ཏོག་གི་ཕྱོགས་སུ་ལེགས་སྒྲིག་བྱེད་དགོས། དེས་ཨ་མྱེ་ཨ་ཀུན་ལ་འཕེལ་རྒྱས་ཀྱི་ཡིད་ཆེས་ཆེན་པོ་བསྩལ།
ཨ་མྱེ་ཨ་ཀུན་གྱིས་བཤད་རྒྱུར། ལོ་འདི་དག་གི་རིང་ལ། ཁྲི་འདུ་རྫོང་གིས་སྐྱེ་ཁམས་ཕྱུགས་ལས་འཕེལ་རྒྱས་ལ་གདེང་འཇོག་ཆེན་པོ་བྱེད་ཀྱིན་ཡོད་པ་དང་། ནུས་ཤུགས་ཡོད་དགུས་ཕྱུགས་ལས་འཕེལ་རྒྱས་ཀྱི་རྣམ་པ་བསྒྱུར་བ་དེ་དམངས་ཚིས་ལས་དོན་གལ་ཆེན་ཞིག་ཏུ་བརྩིས་ནས་དམ་འཛིན་བྱས་ཏེ། འབྲོག་པ་མང་ཚོགས་ཀྱིས་ཆེས་སེམས་ཁུར་བྱེད་བཞིན་པའི་ཁེ་ཕན་གནད་དོན་དག་དམ་འཛིན་བཟང་བོ་བྱེད་དགོས། སྙན་ཞུའི་སྟེང་གི་སྐད་ཆ་འདི་དག་གིས་ང་རང་ལ་སྐུལ་མ་ཆེན་པོ་ཐེབས་པ་དང་། ཁྲི་འདུའི་ཞིང་ཕྱུགས་ལས་འཕེལ་རྒྱས་ཀྱིས་སྔར་བྱུང་མ་མྱོང་བའི་འཕེལ་རྒྱས་ཀྱི་གོ་སྐབས་ཞིག་བསྐྲུན་པར་ང་ལ་ཡིད་ཆེས་ཡོད། མ་འོངས་བའི་ཁྲི་འདུ་སྔར་ལས་འབྱོར་ཕྱུག་ལྡན་པ་ཞིག་ཏུ་འགྱུར་བར་ང་ལ་ཡིད་ཆེས་བརྟན་པོ་ཡོད་ཟེར།
སློབ་གསོའི་དབུལ་སྐྱོར་བྱས་པས་ཡུལ་ཤུལ་གྱི་བྱིས་པ་རྣམས་ལ་བདེ་སྐྱིད་བསྩལ།
ཡུལ་ཤུལ་ཁུལ་ཐེངས་བཅུ་གསུམ་པའི་ཏང་གི་འཐུས་མི་ཚོགས་ཆེན་གྱི་འཐུས་མི་རྡོ་རྗེ་སྒྲོལ་མས་བཤད་རྒྱུར། ཏང་གི་འཐུས་མི་ཚོགས་ཆེན་གྱི་སྟེང་གཏམ་བཤད་སྐབས། སྐད་གསེང་མཐོ་ལ་གསོན་ཤུགས་ལྡན་པ་ཞིག་རེད། གསར་འགོད་པས་བཅར་འདྲི་དང་ལེན་བྱེད་སྐབས། མོའི་བསམ་གཞིགས་གསལ་ལ་དྲི་བ་ཅི་ཞིག་དྲིས་ན་ལན་འདེབས། སློབ་མ་རྣམས་ལ་སློབ་ཁྲིད་བྱེད་སྐབས། མོས་དོན་དངོས་ཀྱི་འཚོ་བ་དང་སྦྱར་ནས་ལུང་འདྲེན་སྣ་ཚོགས་བྱེད་པས། སློབ་མ་རྣམས་ཀྱིས་དགའ་བསུ་ཆེན་པོ་ཐོབ་བཞིན་ཡོད། མོ་ནི་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཐེངས་བཅུ་གསུམ་པའི་ཏང་གི་འཐུས་མི་ཚོགས་ཆེན་གྱི་འཐུས་མི། ཡུལ་ཤུལ་ཁུལ་སློབ་ཆུང་གཉིས་པའི་སློབ་གཙོ་རྡོ་རྗེ་སྒྲོལ་མ་རེད།
རྟ་ཐོག་དང་སྦྲ་གུར། འགྲོ་སྦྱོང་། སྟབས་བདེའི་སློབ་ཁྲིད་གནས་སོགས་དཀའ་ཁག་མང་པོ་བརྒྱུད་མཐར། ཡུལ་ཤུལ་མི་རིགས་སློབ་གསོའི་ལས་དོན་འཕེལ་རྒྱས་མགྱོགས་པོ་བྱུང་། སློབ་གསོའི་ཐོན་ཁུངས་བཀོད་སྒྲིག་ལེགས་པོ་བྱས་པ་བརྒྱུད། རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ལ་ཤུགས་བསྣན་པ་དང་། ཡུལ་ཤུལ་གྱི་སློབ་སྒྲུབ་ཆ་རྐྱེན་ལ་ལེགས་བཅོས་ཆེན་པོ་ཐོབ་ཡོད་པས། སློབ་གསོའི་སྤུས་ཚད་མུ་མཐུད་དུ་མཐོར་འདེགས་ཆེན་པོ་བྱུང་།
རྡོ་རྗེ་སྒྲོལ་མས་མཚམས་སྦྱོར་བྱས་པ་ལྟར་ན། དཀའ་སྡུག་ཇི་འདྲ་ཆེ་རུང་བྱིས་པ་དཀའ་སྡུག་མྱང་དུ་འཇུག་མི་རུང་ལ། ཇི་ལྟར་དབུལ་ཕོངས་ཡིན་རུང་སློབ་གསོ་དབུལ་ཕོངས་སུ་འགྱུར་དུ་འཇུག་མི་རུང་། མི་རིགས་སློབ་གསོའི་ལས་དོན་འཕེལ་རྒྱས་ཏེ་མིག་སྔར་ཡུལ་ཤུལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནད་འགག་ཏུ་བརྩིས་ནས། དམངས་ཚིས་བཟོ་སྐྲུན་གལ་ཆེན་དུ་བརྩི་བ་དེ་། ང་ཚོ་སློབ་གསོའི་ལས་དོན་སྒྲུབ་མཁན་རྣམས་ཀྱི་འབོད་སྐུལ་ཡིན་ལ། ཡུལ་ཤུལ་ཁུལ་ཏང་ཨུ་དང་ཁུལ་མི་དམངས་སྲིད་གཞུང་གི་བསམ་གཞིགས་དང་བརྡར་གཅོད་ཀྱང་རེད། ལོ་ལྔའི་རིང་ཡུལ་ཤུལ་ཁུལ་ཡོངས་ཀྱིས་ཁུལ་གྱི་ནུས་པ་ཡོད་ཚད་བཏོན་ནས་སློབ་གསོའི་འཕེལ་རྒྱས་ལ་གདེང་འཇོག་ཆེན་པོ་བྱས་པ་དང་། དུས་སྐབས་གསར་བའི་མི་རིགས་སློབ་གསོའི་དབུལ་ཐར་མཁྲེགས་གཏོར་ལས་རྒྱལ་བའི་ཆེད་རེད་ཟེར།
སྙན་ཞུ་ལས་བསྟན་དོན། ནུས་ཤུགས་ཡོད་དགུ་བཏོན་ནས་སློབ་གསོ་འཕེལ་རྒྱས་ཀྱི་མི་འདང་ས་ཁ་གསབ་བྱས་ཏེ། དམངས་ཚིས་ཆུ་ཚད་བརྟན་འཇགས་སྒོས་མཐོར་འདེགས་སུ་གཏོང་བ་འགན་སྲུང་བྱེད་དགོས། ནུས་ཤུགས་ཡོད་དགུ་བཏོན་ནས་མཐོ་འབྲིང་དང་སློབ་སྔོན་སློབ་གསོ་དམ་འཛིན་བཟང་བོ་བྱས་ནས། ཡུལ་ཤུལ་ཁུལ་ནང་ཁུལ་གྱི་དམའ་འབྲིང་དང་མཐོ་འབྲིང་སློབ་གྲྭ་གཉིས་འཛུགས་སྐྲུན་དང་ས་གནས་གཞན་ནས་སློབ་གྲྭ་འཛུགས་པའི་དམིགས་འབེན་ཡོངས་འགྲུབ་བྱེད་དགོས་པ་དང་། མུ་མཐུད་དུ་མཐོ་འབྲིང་ས་ཆ་གཞན་ནས་སྒྲུབ་པའི“སློབ་མ་སྟོང་གི་འཆར་གཞི”དང་། སློབ་སྔོན་སློབ་གསོ་དང་སྐད་གཉིས་དགེ་རྒན་གྱི་གསོ་སྦྱོང་ལ་མུ་མཐུད་དུ་ཤུགས་སྣོན་བྱེད་དགོས་ལ། སློབ་སྔོན་སློབ་གསོའི་གྲོན་དངུལ་འགན་སྲུང་བྱེད་ཐབས་འཐུས་ཚང་དུ་བཏང་ནས། སློབ་སྔོན་སློབ་གསོ་ཡོངས་ཁྱབ་ཏུ་མངོན་འགྱུར་བྱེད་དགོས།
དེ་བས། རྡོ་རྗེ་སྒྲོལ་མ་སེམས་འགུལ་ཆེན་པོ་ཐེབས། བྱིས་པ་རྣམས་ལ་སློབ་གསོ་གཏོང་བ་ནི་སློབ་གསོ་གཏོང་བ་ཁོ་ན་མ་ཡིན་པར། དེ་ནི་དམངས་ཚིས་བཟོ་སྐྲུན་ཞིག་ཡིན་པ་དང་། དབུལ་སྐྱོར་མཁྲེགས་གཏོར་བཟོ་སྐྲུན་ཞིག་རེད། ང་ཚོས་སྒྲུབ་དགོས་པ་ནི་བྱིས་པ་ཚང་མ་སློབ་གྲྭར་འགྲོ་ས་ཡོད་པ་དང་སློབ་གྲྭ་བཟང་བོ་འགྲིམ་དུ་བཅུག་སྟེ། ཡུལ་ཤུལ་གྱི་བྱིས་པ་རྣམས་བདེ་ཐང་དང་དགའ་སྤྲོའི་ངང་འཚར་ལོངས་འབྱུང་རྒྱུ་དེ་རེད་ཞེས་རྡོ་རྗེ་སྒྲོལ་མས་བློ་རྩ་བརྟན་པོས་དེ་ལྟར་བཤད།
ལོ་ཙཱ་བ། ཤ་བོ་རིན་མཚོ།