མཚོ་ལྷོ་འཕེལ་རྒྱས་ཀྱི་རྣམ་པ་གསར་བ།
2016.12.07 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 25

   ཉེ་བའི་ལོ་འགའི་རིང་ལ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་རྒྱལ་ཁབ་ཀྱི་སྐོར་ཐེངས་གསར་བའི་ནུབ་རྒྱུད་གསར་སྤེལ་ཆེན་པོའི་འཐབ་ཇུས་ལག་བསྟར་དང་བོད་ཁམས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་རོགས་སྐྱོར་བྱེད་པ་སོགས་སྲིད་ཇུས་གོ་སྐབས་དམ་འཛིན་བྱས་ཏེ། འཕེལ་རྒྱས་ཀྱི་གྲུབ་འབྲས་ཁྲོད་ནས་མཚོ་ལྷོའི་ཤོག་སླེ་གསར་བ་བསྐྲུན།

དཔལ་འབྱོར་འཕེལ་རྒྱས་ཀྱི་གོམ་སྟབས་ཇེ་མགྱོགས་སུ་བཏང་ཞིང་། གཙང་གསུམ་འབྱུང་ཡུལ་གྱི་ལྷད་མེད་ཐོན་ལས་གཅིག་བསྡུས་འཕེལ་རྒྱས་ཀྱི་ཟམ་སྣེ་བསྐྲུན་པའི་འཐབ་ཇུས་དམིགས་འབེན་མངོན་འགྱུར་བྱས། འཐབ་ཇུས་དམིགས་འབེན་འདི་མངོན་འགྱུར་བྱེད་ཆེད་གསར་གཏོད་གསར་སྐྲུན་དང་ཡར་ཐོན་བརྩོན་ལེན་བྱེད་པའི་ཁྲོད་དུ། མཚོ་ལྷོ་ཁུལ་གྱིས་བློ་བརྟན་འགྱུར་མེད་སྒོས་གྲུབ་ཚུལ་ལེགས་སྒྲིག་དང་བྱེད་སྟངས་བསྒྱུར་བ། ཁྱད་ཐོན་དམ་འཛིན་བཅས་བྱས་ཏེ། མཚོ་ལྷོའི་ཁྱད་ཆོས་དང་ཁྱད་སྟོབས་ལྡན་པའི་ལྷད་མེད་ཐོན་ལས་ཆེན་པོ་གསུམ་གྱི་འགྲོ་ལམ་གསར་བ་གསར་གཏོད་བྱས།

ཞིང་ཕྱུགས་ལས་ཀྱི“དཔལ་འབྱོར་རྒྱུད་ཆེན་པོ་གསུམ”དང“དཔེ་སྟོན་ཁུལ་ཆེན་པོ་ལྔ”འཛུགས་སྐྲུན་ལ་སྐུལ་འདེད་བྱས་ཏེ། ཁྱད་ལྡན་འདེབས་འཛུགས་གསོ་སྤེལ་རྟེན་གཞི་གོང་དུ་སྤེལ་བར་རོགས་སྐྱོར་དང་། ས་ཞིང་དང་རྩྭ་སའི་བདག་གཉེར་དབང་ཆ་འཁོར་རྒྱུགས་ལ་སྐུལ་འདེད། ཚན་རྩལ་ཞབས་ཞུ་མ་ལག་འཛུགས་སྐྲུན་འཐུས་ཚང་དུ་བཏང་ཞིང་། ཞིང་ཕྱུགས་ལས་གཞི་ཁྱོན་ཅན་དང་ལེགས་བསྡུས་ཞིབ་གཉེར་ཅན། ཐོན་ལས་ཅན་བཅས་ཀྱི་འཕེལ་རྒྱས་ཆུ་ཚད་སྔར་ལས་མཐོར་འདེགས་སུ་བཏང་།
བཟོ་ལས་ར་བ་ཆེན་པོ་བཞི་དང་ཁྱད་པར་དུ་མཚོ་ལྷོའི་སྐྱེ་ཁམས་འོད་ནུས་གློག་འདོན་ས་ཚིགས་འཛུགས་སྐྲུན་གྱི་གོམ་སྟབས་ཇེ་མགྱོགས་སུ་བཏང་ཞིང་། སྲོལ་རྒྱུན་ཐོན་ལས་ཧྲིལ་བསྡུས་དང་ལེགས་བཅོས་བྱས་པས། བཟོ་ལས་དཔལ་འབྱོར་ཐད་གྲུབ་ཚུལ་ལེགས་སྒྲིག་དང་གཞི་ཁྱོན་ཆེ་བ། མྱུར་ཚད་མགྱོགས་པ། སྤུས་ཚད་མཐོར་འདེགས་བཅས་ཀྱི་འཕེལ་རྒྱས་ཀྱི་གནས་བབ་བཟང་པོ་བྱུང་།

ཁྲི་ཀའི་གནས་སྐོར་ཕྱོགས་བསྡུས་དཔེ་སྟོན་ཁུལ་དང་ཚ་རྔ་འགག་ཁམས་གསེང་གནས་སྐོར་ཁུལ། མཚོ་སྔོན་པོ་མཐའ་འཁོར་གྱི་གནས་སྐོར་ཁུལ་བཅས་གསར་སྤེལ་འཛུགས་སྐྲུན་གྱི་གོམ་སྟབས་ཇེ་མགྱོགས་སུ་བཏང་ཏེ། མཚོ་སྔོན་པོ་དང་ཚ་རྔ་འགག ཁྲི་ཀ་བཅས་ཀྱི་མིང་གྲགས་མཛེས་ལྗོངས་ཁུལ་གྱི་གནས་སྐོར་ཁུལ་ཕལ་ཆེར་གྲུབ།
ཉེ་བའི་ལོ་ལྔའི་རིང་ལ། མཚོ་ལྷོ་ཁུལ་གྱིས་དཔལ་འབྱོར་འཕེལ་རྒྱས་ཞན་པའི་གནས་བབ་འོག དཔལ་འབྱོར་འཕེལ་རྒྱས་ཀྱི་གནས་བབ་གསར་བ་དང་མཐུན་པར་བྱས་ཏེ། ཤུགས་ཆེན་པོས་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་དང་ཁྱད་ལྡན་གསར་སྐྲུན་དང་སྤུས་ཚད་མཐོར་འདེགས་བཏང་བས། ཁུལ་ཡོངས་ཀྱི་དཔལ་འབྱོར་ཐད་རྒྱུན་མཐུད་དང་སྐྱོན་བྲལ་འཕེལ་རྒྱས་ཀྱི་གནས་བབ་གསར་བ་སྲུང་འཛིན་བྱས།

2015ལོར། ཁུལ་ཡོངས་ཀྱིས་ས་ཁུལ་གྱི་ཐོན་སྐྱེད་སྤྱིའི་ཐོན་རིན་སྒོར་དུང་ཕྱུར་ཆིག་བརྒྱ་བཞི་བཅུ་ལྷག་མངོན་འགྱུར་བྱས་པ་དང་། སྤྱི་པའི་ནོར་སྲིད་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར་དགུ་ལྷག་བསྐྲུན། 2015ལོར་མཁར་གྲོང་སྡོད་དམངས་མི་རེའི་ཆ་སྙོམས་ཡོང་སྒོ་སྒོར་ཁྲི་གཉིས་སྟོང་བཞི་ལྷག་ཏུ་བསླེབས་པ་དང་། ཞིང་སྡེའི་སྡོད་དམངས་ཀྱི་མི་རེའི་ཆ་སྙོམས་ཡོང་སྒོ་སྒོར་སྟོང་བརྒྱད་བདུན་བརྒྱ་ལྷག་ཏུ་བསླེབས་ཏེ། ལོ་རེར་ཆ་སྙོམས་ཀྱིས་སོ་སོར་བརྒྱ་ཆའི་བཅུ་གཉིས་ལྷག་དང་བརྒྱ་ཆའི་བཅུ་བཞི་ལྷག་འཕར་སྣོན་བྱུང་།
2014ལོ་ནས2015ལོའི་བར་བསྟུད་མར་ལོ་གཉིས་ལ་མཚོ་ལྷོ་ཁུལ་ལ་ཞིང་ཆེན་ཡོངས་ཀྱི་ལོ་འཁོར་གྱི་དམིགས་འབེན་འགན་འཁྲི་དཔྱད་ཞིབ་ཀྱི་ཕུལ་བྱུང་ས་ཁུལ་དང་ཕུལ་བྱུང་མགོ་ཁྲིད་ཚན་ཁག་གི་ཕུལ་བྱུང་ཟུང་གི་གྲུབ་འབྲས་བཟང་པོ་ཐོབ།

སྐྱེ་ཁམས་སྲུང་སྐྱོབ་དང་བཅོས་སྒྱུར་ནི་ལྷད་མེད་དཔལ་འབྱོར་འཕེལ་རྒྱས་ཀྱི་དགོས་ངེས་ཀྱི་དཔྱད་གཞི་གལ་ཆེན་ཞིག་ཡིན། དཔལ་འབྱོར་སྤྱི་ཚོགས་རྒྱུན་མཐུད་ངང་འཕེལ་རྒྱས་འབྱུང་བར་སྐུལ་འདེད་གཏོང་དགོས་ན། ངེས་པར་དུ་སྐྱེ་ཁམས་སྲུང་སྐྱོབ་སྔོན་མ་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། ལྷད་མེད་ཐོན་ལས་སྐྱོན་བྲལ་ངང་འཕེལ་རྒྱས་སུ་འགྲོ་བ་མངོན་འགྱུར་བྱེད་དགོས།
གུང་ཧོ་རྫོང་ཚ་རྔ་འགག་གྲོང་རྡལ་ཚ་རྔ་སྡེ་གསར་གྱི་ཧྲུའུ་ཅི་མྭ་བུན་ཀྲི་ཡིས་སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་ཀྱི་མགོ་ཁྲིད་ཚན་ཁག་དང་མཉམ་དུ་ལོ་མང་པོར་དཀའ་སྤྱད་འབད་བརྩོན་བྱས་ཏེ། སྐྱེ་ཁམས་སྲུང་སྐྱོབ་དང་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བའི་བྱེད་ཐབས་མ་ལག་རིམ་བཞིན་བཏོན། མྭ་བུན་ཀྲི་ཡིས་བཤད་རྒྱུར། སྡོང་བོ་དང་ནགས་ཇེ་མང་དང་སྐྱེ་ཁམས་ཁོར་ཡུག་ཇེ་ལེགས་སུ་སོང་ཚེ། ང་ཚོ་སྡེ་བར་གནས་སྐོར་དུ་ཡོང་མཁན་ཇེ་མང་དུ་འགྲོ་བ་དང་། སྡེ་བར་ཡང་འཕེལ་རྒྱས་ཆེན་པོ་འབྱུང་ཐུབ་ངེས་ཡིན་ཟེར།

ལོ་ལྔའི་རིང་ལ། མཚོ་ལྷོ་ཁུལ་གྱིས་ཤུགས་ཆེན་པོས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་སྐྱེ་ཁམས་དཔལ་འབྱོར་གོང་དུ་སྤེལ་བ། སྐྱེ་ཁམས་རིག་གནས་གསོ་སྐྱོང་བྱེད་པ་བཅས་ནང་དོན་གཙོ་བོ་ཡིན་པའི་སྐྱེ་ཁམས་ལ་བརྟེན་ནས་ཁུལ་དར་སྤེལ་བྱེད་པའི་འཐབ་ཇུས་ལག་བསྟར་བྱས་ཤིང་། སྐྱེ་ཁམས་དཔལ་ཡོན་སྔོན་སྐྱོད་ཁུལ་གསར་འཛུགས་བྱེད་པའི་ལག་བསྟར་བསམ་འཆར་ཞིབ་འཇུག་འགྲེམ་སྤེལ་བྱས་ཏེ། རི་བཀག་ནགས་གསོ་དང་བརླན་ས་སྲུང་སྐྱོབ། ཕྱུགས་བསྐྱུར་རྩྭ་འདེབས། རང་བྱུང་ནགས་སྲུང་སྐྱོབ། བྱང་གསུམ་འགོག་སྲུང་ནགས་དང་གཙང་གསུམ་འབྱུང་ཡུལ་གྱི་དུས་སྐབས་གཉིས་པ་དང་དེ་མིན་མཚོ་སྔོན་པོའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་བཅོས་སྐྱོང་སོགས་ཀྱི་སྐྱེ་ཁམས་འཛུགས་སྐྲུན་བཟོ་སྐྲུན་རྩ་འཛུགས་ལག་བསྟར་བྱས་ཏེ། མཚོ་ལྷོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཐད་གྲུབ་འབྲས་མངོན་གསལ་བླངས།

ལོ་ལྔའི་རིང་ལ། མཚོ་ལྷོ་ཁུལ་གྱིས་བཅོས་སྒྱུར་འཕེལ་རྒྱས་ཀྱི་ཆེ་ཕྱོགས་ལ་དམ་པོར་དམིགས་ཏེ། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་བཅོས་སྒྱུར་ལས་འགན་ཁྱོན་ཀུན་ནས་ཡོངས་འགྲུབ་བྱས་ཤིང་། སྲིད་འཛིན་མཆན་འགོད་དང་ཞིང་ཕྱུགས་ལས། སྨན་བཅོས་འཕྲོད་བསྟེན། སྐྱེ་ཁམས་དཔལ་ཡོན། དངུལ་རྩ་ནོར་སྲིད་དང་ཁྲལ་དོན། རིག་གནས་སློབ་གསོ་སོགས་རིགས་ཆེན་པོ་དགུ་དང་རྣམ་གྲངས་ང་བརྒྱད་ཀྱི་བཅོས་སྒྱུར་ལ་དུས་རིམ་རང་བཞིན་གྱི་གྲུབ་འབྲས་བླངས། སྲིད་གཞུང་གི་དངུལ་གཏོང་སྒྲིག་སྲོལ་བཅོས་སྒྱུར་དང་ཁུལ་དང་རྫོང་སྲིད་གཞུང་གི་འགན་ནུས་བསྒྱུར་བ་དང་སྒྲིག་གཞི་བཅོས་སྒྱུར་སོགས་གནད་སའི་ཁྱབ་ཁོངས་ཀྱི་བཅོས་བསྒྱུར་བདེ་བླག་ངང་སྤེལ།

དུས་མཚུངས་སུ། མཚོ་ལྷོ་ཁུལ་གྱིས་གུང་ཧོ་རྫོང་གི་ཞང་གྲོང་གི་འགན་དབང་འདྲ་མཚུངས་སོགས་རང་འདེམ་བྱ་སྤྱོད་བརྟན་འཇགས་ངང་སྤེལ་ཏེ། སྒྲིག་སྲོལ་ནང་རྐྱེན་བཟང་ཞིང་འགན་དབང་རིམ་མཚུངས། དོ་དམ་ཚད་ལྡན་བཅས་ཀྱི་ཞང་གྲོང་གི་དོ་དམ་དཔེ་དབྱིབས་གསར་བ་འཚོལ་ཞིབ་བྱས་པ་དང་། ཁུལ་རིམ་པའི་ཞིང་ཕྱུགས་ལས་དོན་སྡེ་ཁག་གི་སྒྲིག་གཞི་བཅོས་སྒྱུར་ཚོད་ལྟའི་བྱ་བ་ལག་བསྟར་དང་སྐུལ་འདེད་བྱས་ཏེ། ནུས་ཡོད་སྒོས་ཞིང་ཕྱུགས་ལས་འཕེལ་རྒྱས་ལ་འགན་སྲུང་དང་ཞབས་ཞུ་བྱེད་པའི་ནུས་ཤུགས་མཐོར་འདེགས་སུ་བཏང་། གུང་ཧོ་དང་ཁྲི་ཀ་གཉིས་ཀྱི་ཤེས་རིག་གྲོང་ཁྱེར་འཛུགས་སྐྲུན་ཚོད་ལྟའི་བྱ་བ་ལག་བསྟར་བྱས་ཏེ། ནུས་ཡོད་སྒོས་མཁར་གྲོང་འཕྲིན་གསར་ཅན་གྱི་དོ་དམ་ཆུ་ཚད་ཇེ་མཐོར་བཏང་། ཀོས་ནན་རྫོང་མགོ་མང་གྲོང་རྡལ་དུ་ཞིང་ཆེན་ཡོངས་ཀྱི་གཞི་གསུམ་འཛུགས་སྐྲུན་གྱི་རྨང་གཞིའི་བྱ་བར་ཤུགས་སྣོན་པའི་ཚོད་ལྟ་ནན་ནན་ཏིག་ཏིག་གིས་སྤེལ་ཏེ། གཞུང་སྒྲུབ་ཁང་གསུམ་དང་རུ་ཁག་གསུམ་ལྟེ་གནས་གསུམ་གྱི་ཞབས་ཞུ་སྒྲིག་གཞི་བཙུགས།

བཅོས་སྒྱུར་གྱི་བྱེད་ཐབས་སྣ་ཚོགས་ལག་བསྟར་བྱས་པ་བརྒྱུད། དཔལ་འབྱོར་འཕེལ་རྒྱས་ཀྱི་འགྲོ་ལམ་སྔར་ལས་ཇེ་ཡངས་སུ་གྱུར། སྐྱེ་ཁམས་སྲུང་སྐྱོབ་དང་ཟུང་འབྲེལ་བྱས་ཏེ། མཚོ་ལྷོ་ཁུལ་གྱིས་ཚོང་འགུག་དངུལ་འདྲེན་གྱི་ཤུགས་ཚད་རྒྱ་བསྐྱེད་པས། ལོ་ལྔའི་དུས་ཡུན་ནང་ཞིང་ཆེན་ཕྱི་ནས་མ་དངུལ་སྒོར་དུང་ཕྱུར་ཆིག་བརྒྱ་ཞེ་ལྔ་ལྷག་ནང་འདྲེན་བྱས་ཤིང་། ཁུལ་ཡོངས་སུ་ཕྱི་ཕྱོགས་ཉོ་ཚོང་ཁེ་ལས་བཅུ་ལྷག་ཏུ་བསླེབས་པ་དང་། ནང་འདྲེན་ཕྱིར་གཏོང་གི་ཉོ་ཚོང་སྤྱིའི་དངུལ་གྲངས་སྒོར་དུང་ཕྱུར་གཉིས་ལྷག་མངོན་འགྱུར་བྱས།

ཉེ་བའི་ལོ་ལྔའི་ནང་། མཚོ་ལྷོ་ཁུལ་གྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྔོན་སྐྱོད་ཁུལ་གསར་འཛུགས་བྱ་འགུལ་གཏིང་ཟབ་ཏུ་སྤེལ་བ་དེ་བླང་བྱ་གལ་ཆེན་ཞིག་ཏུ་བརྩིས་ཏེ། ཞིང་ཆེན་ཏང་ཨུའི་གཞི་གསུམ་འཛུགས་སྐྲུན་ལ་ཤུགས་སྣོན་པའི་སྐོར་གྱི་སྲིད་ཇུས་བྱེད་ཐབས་རབ་དང་རིམ་པ་ཁྱོན་ཡོངས་ནས་དངོས་འབེབས་བྱས་ཤིང་། ཤུགས་ཕུད་དེ་བོད་ཁམས་ཀྱི་གཞི་རིམ་རྨང་གཞི་ཇེ་དྲག་ཏུ་གཏོང་བའི་གནད་དོན་གཙོ་བོ་མང་པོ་ཞིག་ཐག་བཅད་པ་དང་། གཞི་རིམ་ལས་བྱེད་པས་མང་ཚོགས་བྱ་བ་སྤེལ་བའི་ནུས་པ་དང་ཆུ་ཚད་ཇེ་མཐོར་བཏང་བས། མི་དམངས་མང་ཚོགས་ཀྱི་བདེ་འཇགས་ཀྱི་བསམ་པ་དང་ཡིད་ཚིམ་ཚད་རྒྱུན་ཆད་མེད་པར་མཐོར་འདེགས་བྱུང་། དུས་བབ་སྲིད་ཇུས་དང་ཁྲིམས་ལུགས་ཁྲིམས་སྲོལ། མི་རིགས་མཐུན་སྒྲིལ་སོགས་ཀྱི་དྲིལ་སྒྲོག་སློབ་གསོའི་བྱ་འགུལ་ནན་ནན་ཏིག་ཏིག་གིས་སྤེལ་ཏེ། “ཁས་ལེན་ལྔ”དང“འབྲལ་ཐབས་མེད་པ་གསུམ”གྱི་བསམ་བློའི་འདུ་ཤེས་མིའི་སེམས་སུ་ཟུག་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་རྣམ་པ་གསར་བའི་མི་རིགས་འབྲེལ་བ་རྒྱུན་ཆད་མེད་པར་སྲ་བརྟན་དང་འཕེལ་རྒྱས་སུ་སོང་།

གུང་ཧོ་རྫོང་རིག་སྨོན་གྲོང་རྡལ་གྱིས་སྤྱིའི་མ་དངུལ་སྒོར་བྱེ་བ་གསུམ་ས་ཡ་གཉིས་འབུམ་གསུམ་ལྷག་བཏང་བའི་མཐོ་སྒང་གི་མཛེས་པའི་མཁར་གྲོང་འཛུགས་སྐྲུན་ལས་གཞི་དང་། སྤྱིའི་མ་དངུལ་སྒོར་བྱེ་བ་གསུམ་ས་ཡ་གཅིག་འབུམ་དགུ་ལྷག་བཏང་བའི་རྒྱ་ཡེ་སྡེ་བ་དང་སྤྱིའི་མ་དངུལ་སྒོར་བྱེ་བ་གཅིག་ས་ཡ་དགུ་འབུམ་བདུན་ལྷག་བཏང་བའི་ལྡོང་ངེ་སྡེ་བའི་མཐོ་སྒང་གི་མཛེས་སྡུག་ཞིང་སྡེ་འཛུགས་སྐྲུན་ལས་གཞི་ཡོངས་འགྲུབ་བྱས་ཏེ། ད་སྐབས་མཁར་གྲོང་དང་ཞིང་སྡེའི་རྣམ་པར་འགྱུར་ལྡོག་ཆེན་པོ་བྱུང་ཡོད། སྡོད་ཁང་གསར་བའི་ནང་སྤར་བའི་རྒྱ་ཡེ་སྡེ་བའི་རྒན་པ་ལྷ་མོ་སྐྱིད་ཀྱིས་བཤད་རྒྱུར། ཏང་དང་སྲིད་གཞུང་གིས་ང་ཚོར་སྡོད་ཁང་གསར་བ་འདི་འདྲ་བཟང་པོ་ལས་པས། ང་ཚོའི་འཚོ་བ་ངོ་མ་སྐྱིད་པོ་རེད་ཅེས་བཤད་བྱུང་།

ཉེ་བའི་ལོ་ལྔའི་རིང་ལ། མཚོ་ལྷོ་ཁུལ་གྱིས་རྒྱལ་ཁབ་ཀྱིས་བོད་ཁམས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་རོགས་སྐྱོར་བྱེད་པའི་སྲིད་ཇུས་དང་གོ་སྐབས་གསར་བ་དམ་འཛིན་བྱས་ཏེ། རྨང་གཞི་སྔོན་མ་བྱེད་པ་རྒྱུན་འཁྱོངས་དང་ལས་གཞི་འཛུགས་སྐྲུན་ལ་ཤུགས་སྣོན་བྱས་ཤིང་། སྐྱེ་ཁམས་སྲུང་སྐྱོབ་དང་ཐོན་ལས་འཕེལ་རྒྱས། མཁར་གྲོང་འཛུགས་སྐྲུན། དམངས་ཚིས་རྨང་གཞི་སོགས་ཀྱི་ཁྱབ་ཁོངས་ལ་འབྲེལ་བའི་གནད་སའི་ལས་གཞི་དག་རེ་རེ་བཞིན་འཛུགས་སྐྲུན་བྱས་པས། མཁར་གྲོང་གི་རྣམ་པར་འགྱུར་ལྡོག་ཆེན་པོ་བྱུང་བ་དང་མི་དམངས་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བར་ལེགས་བཅོས་ཆེན་པོ་བྱུང་།

དམངས་འདོད་དང་མཐུན་ཞིང་དམངས་ཚིས་ལ་ཕན་པ། དམངས་ཀྱི་བློ་ལ་བབ་པའི་དོན་དངོས་དང་དོན་བཟང་མང་པོ་ཞིག་ལེགས་སྒྲུབ་བྱས་ཏེ། རིགས་སོ་སོའི་མང་ཚོགས་ཀྱི་འཚོ་བ་སྔར་ལས་ཇེ་བཟང་ཇེ་སྐྱིད་དུ་གྱུར།

སློབ་གསོའི་ལས་དོན་འཕེལ་རྒྱས་ལ་གྲུབ་འབྲས་མངོན་གསལ་ཐོབ་པ་དང་། ཁྱད་པར་དུ་ས་དེ་ནས་སློབ་གྲྭ་སྒྲུབ་པ་དང་ས་གཞན་དུ་འཛིན་གྲྭ་སྒྲུབ་པའི་འཐབ་ཇུས་ལག་བསྟར་བྱས་ཏེ། མི་རིགས་སློབ་གསོའི་འཕེལ་རྒྱས་ལ་འགྲོ་ལམ་གསར་བ་ཞིག་བཏོད།

འཕྲོད་བསྟེན་བདེ་ཐང་གི་འགན་སྲུང་ཆུ་ཚད་མངོན་གསལ་སྒོས་ཇེ་དྲག་ཏུ་སོང་ཏེ། སྨན་རྫས་འཕྲོད་བསྟེན་སྒྲིག་སྲོལ་བཅོས་སྒྱུར་དང་མཁར་གྲོང་གི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུ་ནུས་ཤུགས་ཞིང་ཆེན་ཡོངས་ཀྱི་མདུན་གྲས་སུ་བསླེབས།

ཤུགས་ཆེན་པོས་ལས་ཞུགས་ལས་རྐང་གསར་སྤེལ་བྱས་ཏེ། ཧུར་ཐག་གིས་དཔལ་འབྱོར་གོང་དུ་སྤེལ། ལོ་ལྔའི་ནང་མཁར་གྲོང་གི་ལས་ཞུགས་མི་སྣ་ཁྲི་གཅིག་སྟོང་བརྒྱད་ལྷག་གསར་དུ་འཕར་སྣོན་བྱུང་བ་དེ། 2010ལོ་ལས་ལྡབ་གཅིག་དང་གྲངས་ཆུང་བཞི་འཕར། མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་ལོ་རེར་ཆ་སྙོམས་ཀྱིས་ལས་ཀར་ཚུད་ཚད་བརྒྱ་ཆའི་གྱ་བདུན་དུ་བསླེབས།

ཐུན་ཏེ་རྫོང་གི་དམིགས་བསལ་རང་བཞིན་གྱི་ལོ་གསུམ་གྱི་དབུལ་སྐྱོར་མཁྲེགས་གཏོར་ལས་འགན་བདེ་བླག་ངང་ཡོངས་འགྲུབ་བྱས་ཤིང་། ཞིན་ཧེ་རྫོང་གི་ལྷོ་ཕྱོགས་ཀྱི་ཞང་གསུམ་དང་ཁྲི་ཀ་རྫོང་འཕྲང་དམར་གྲོང་རྡལ་གྱི་ཕྱུགས་ལས་སྡེ་བ་དྲུག་གི་དམིགས་བསལ་རང་བཞིན་གྱི་དབུལ་སྐྱོར་མཁྲེགས་གཏོར་ནན་ནན་ཏིག་ཏིག་གིས་སྤེལ་ཏེ། ཁུལ་ཡོངས་ཀྱི་དབུལ་ཕོངས་མི་གྲངས་དེ2010ལོའི་མི་འབུམ་གཅིག་ཁྲི་གཅིག་ལྷག་ནས2015ལོའི་མི་ཁྲི་ལྔ་སྟོང་གསུམ་དུ་ཇེ་ཉུང་ལ་སོང་། ཁྱད་པར་དུ་ཅང་སུའུ་ཞིང་ཆེན་གཙོ་བོ་ཡིན་པའི་རོགས་སྐྱོར་ས་ཁུལ་དང་སྡེ་ཁག་གིས་རོགས་སྐྱོར་འཛུགས་སྐྲུན་མ་དངུལ་སྒོར་དུང་ཕྱུར་བཅུ་བཞི་ལྷག་བཏང་ཏེ། མཚོ་ལྷོ་ཁུལ་གྱི་དམངས་ཚིས་ལེགས་བཅོས་དང་རྨང་གཞི་འཛུགས་སྐྲུན། ཐོན་ལས་འཕེལ་རྒྱས་སོགས་ལ་འདེགས་སྐྱོར་གྱི་ནུས་པ་ཆེན་པོ་བཏོན།

ཚན་རིག་ལག་རྩལ་ལས་དོན་རྒྱུན་ཆད་མེད་པར་ཡར་ཐོན་དང་རིག་གནས་ལུས་རྩལ་ལས་དོན་ལ་འཕེལ་རྒྱས་ཆེན་པོ་བྱུང་བ། བསམ་པའི་དཔལ་ཡོན་འཛུགས་སྐྲུན་གཏིང་ཟབ་ཏུ་སྤེལ་བ། མཁར་གྲོང་གི་སྤྱི་ཚོགས་འགན་སྲུང་དང་རོགས་སྐྱོབ་མ་ལག་ལ་ཁྱོན་ཡོངས་ནས་ཤུགས་སྣོན་ཐོབ་ཏེ། མཚོ་ལྷོ་ཁུལ་གྱི་མི་དམངས་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་དང་སྤུས་ཚད་སྐས་རིམ་གསར་བ་ཞིག་ཏུ་བསླེབས།

འདས་པའི་ལོ་ལྔའི་ནང་། མཚོ་ལྷོ་ཁུལ་གྱིས་ཐོག་མཐའ་བར་གསུམ་དུ་འཕེལ་རྒྱས་ཀྱི་ལས་འགན་དང་པོ་དེ་རྒྱུན་འཁྱོངས་བྱས་པས། ཕྱོགས་བསྡུས་དཔལ་འབྱོར་དངོས་ཤུགས་ཁྱོན་ཡོངས་ནས་མཐོར་འདེགས་བྱུང་། 2015ལོར་ཁུལ་ཡོངས་ཀྱི་ས་ཁུལ་གྱི་ཐོན་སྐྱེད་སྤྱིའི་ཐོན་རིན་སྒོར་དུང་ཕྱུར་ཆིག་བརྒྱ་བཞི་བཅུ་ལྷག་ཏུ་བསླེབས་པ་དང་། མཁར་གྲོང་སྡོད་དམངས་ཀྱི་མི་རེའི་ཆ་སྙོམས་ཡོང་སྒོ་སྒོར་ཁྲི་གཉིས་སྟོང་བཞི་ལྷག་ཏུ་བསླེབས་པ། ཞིང་སྡེའི་སྡོད་དམངས་ཀྱི་མི་རེའི་ཆ་སྙོམས་ཡོང་སྒོ་ལོ་རེར་ཆ་སྙོམས་ཀྱིས་བརྒྱ་ཆའི་བཅུ་བཞི་ལྷག་འཕར་སྣོན་བྱུང་།

འདས་པའི་ལོ་ལྔའི་ནང་མཚོ་ལྷོ་ཁུལ་གྱིས་ཕྱོགས་ཡོངས་ཀྱི་བྱ་བར་གྲུབ་འབྲས་ཆེན་པོ་བླངས་ཤིང་། མ་འོངས་བའི་ལོ་ལྔའི་ནང་མཚོ་ལྷོ་ཁུལ་གྱིས་ནན་ནན་ཏིག་ཏིག་བཞི་ཡི་བླང་བྱ་གལ་ཆེན་གཞིར་བཟུང་ཏེ། དེང་རབས་སྐྱེ་ཁམས་ཞིང་ཕྱུགས་ལས་ཀྱི་འཕེལ་རྒྱས་གོམ་སྟབས་ཇེ་མགྱོགས་སུ་གཏོང་བ་དང་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་སུ་གཏོང་བ། གནས་སྐོར་དང་ཞབས་ཞུ་ལས་རིགས་འཕེལ་རྒྱས་ལ་ཤུགས་སྣོན་བྱེད་པ། རྨང་གཞི་འཛུགས་སྐྲུན་གྱི་གོམ་སྟབས་ཇེ་མགྱོགས་སུ་གཏོང་བ། མཁར་གྲོང་གཅིག་གྱུར་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པ། ཚན་རྩལ་ཞབས་ཞུ་ཆུ་ཚད་ཇེ་མཐོར་གཏོང་བ་བཅས་བྱས་ཏེ། དཔལ་འབྱོར་འཕེལ་རྒྱས་དེ་སྐས་རིམ་གསར་བ་ཞིག་ཏུ་བསླེབས་པར་འབད་འཐབ་ལྷོད་མེད་བྱེད་རྒྱུ་རེད།


ལོ་ཙཱ་བ། སྒྲོལ་མ་སྐྱིད།