འབྲི་སྟོད་རྫོང་དུ་གནད་ཁེལ་དབུལ་སྐྱོར་གྱི་དཔེ་ལྟ་ས་ཞིག་ཡོད་པ།
2016.12.19 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 28

ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་འབྲི་སྟོད་རྫོང་སྟོད་ཚེ་ཞང་ནས་ཆགས་སྡེ་བའི་འབྲོག་པ་ཧོང་ཞིན་ནི་ཉམས་མྱོང་ཡོད་པའི་ཕྱུགས་འཚོ་མཁན་ཞིག་ཡིན།  གཞན་དང་མི་འདྲ་བ་ཞིག་ནི་སྔོན་ཆད་ཁོས་རང་ཁྱིམ་གྱི་ཕྱུགས་འཚོས་མོད།  འོན་ཀྱང་ད་ལྟ་འབྲི་སྟོད་རྫོང་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་གི་ཆེད་བསྐོས་ཕྱུགས་རྫི་ཞིག་ཏུ་གྱུར་ཡོད་པ་དེ་རེད།

སྔ་རྗེས་ཀྱི་འགྱུར་ལྡོག་གླེང་དུས།  ཁོས་དགའ་སྤྲོའི་ངང་བཤད་རྒྱུར།  མཉམ་ལས་ཁང་དུ་མ་ཞུགས་པའི་སྔོན་ལ་ཁོས་རང་ཁྱིམ་ནས་ཕྱུགས་འཚོས་པ་དང་། རང་ཁྱིམ་ལ་ཕྱུགས་ཟོག་ཉུང་བའི་ཁར་ངལ་རྩོལ་པ་ཉུང་ཞིང་ནུས་རྩལ་ཡང་དཀོན་པས།  ཡོང་སྒོ་ཇེ་མང་དུ་གཏོང་མི་ཐུབ་ཅིང་འཚོ་བར་དཀའ་ཁག་ཆེ་ཕྱིར།དབུལ་ཕོངས་ཁྱིམ་ཚང་གི་གྲས་སུ་བཞག་ཡོད།  ད་ལྟར་མཉམ་ལས་ཁང་ནང་ཞུགས་པས་ཕྱུག་བསྒྱུར་གྱི་རེ་བ་ཡོད་སོང་།

ཧོང་ཞིན་གྱིས། “2013ལོར་ལུག་གཅིག་དང་སྒོར་དྲུག་བརྒྱ་སུམ་ཅུ་བགོས་པ་དང་།  2014ལོར་སྒོར་བརྒྱད་བརྒྱ་བགོས།  2015ལོར་སྒོར་དགུ་བརྒྱ་བགོས།  དེ་ནི་ལོ་རེ་རེར་བགོས་པའི་སྒོར་མོ་ཡིན།  ད་ལྟ་ངས་ཕྱུགས་འཚོ་ས་ཚིགས་ནས་ཕྱུགས་འཚོ་བ་དང་ཆུང་མས་འོ་མ་བཞོ་བཞིན་ཡོད་ལ།  ཟླ་རེར་མི་རེའི་བརྟན་འཇགས་ཡོང་སྒོ་སྒོར་སྟོང་གཅིག་དང་ལྔ་བརྒྱ་ཡིན། མཉམ་ལས་ཁང་འདིར་བརྟེན་ནས་ངེད་ཚང་གི་འཚོ་བ་ཉིན་རེ་བཞིན་ཇེ་བཟང་དུ་ཡོང་བཞིན་ཡོད།”ཟེར།

འབྲི་སྟོད་རྫོང་མཁར་ཤར་ཕྱོགས་ཀྱི་རི་འདབས་སུ་འབྲི་སྟོད་རྫོང་གི་སྐྱེ་ཁམས་མཉམ་ལས་ཁང་ཆགས་ཡོད།   ཟླ་དགུ་པའི་ཉིན་ཞིག་ལ།གསར་འགོད་པ་མཉམ་ལས་ཁང་དུ་སླེབས་དུས།  ནོར་ལུག་ལ་ཤ་ཤེད་རྒྱས་ནས་ཕྱི་རུ་བཅོང་བའི་དུས་ཡིན་ལ།  མཉམ་ལས་ཁང་གི་འགན་ཁུར་པ་གཙོ་བོ་ཚང་མས་ཕྱི་རུ་བཙོང་དགོས་བའི་ནོར་ལུག་དེད་ནས་ཞིང་ཆེན་ཕྱི་ནང་དུ་འཚོང་བར་སོང་།

“མ་རྐང་ལམ་ལུགས་ཚོང་གཉེར་གྱི་དཔེ་དབྱིབས་ལྟར།  སྡེ་དམངས་ལ་ཁྲིད་སྟོན་བྱས་ནས་རྩྭ་ར་དང་ཕྱུགས་ཟོག་མ་རྐང་ནང་ཞུགས་པའི་བྱེད་སྟངས་ལྟར་མཉམ་ལས་ཁང་དེ་བཙུགས་པས།  སྔོན་ཆད་ཀྱི་ཁ་ཐོར་དུ་གསོ་སྤེལ་བྱེད་སྟངས་མེད་པར་བཏང་ཞིང་།  མ་རྐང་ནང་ཞུགས་པའི་ཕྱུགས་ཟོག་དང་རྩྭ་ར་ལ་དུས་ཚིགས་ལྟར་ཁག་བགོས་བྱས་པ་དང་།  མ་རྐང་ནང་ཞུགས་པའི་ཁྱིམ་ཚང་ཁྲོད་ཉམས་མྱོང་ཅན་གྱི་འབྲོག་པ་བདམས་ནས་ཕྱུགས་འཚོ་རུ་བཅུག་པ་དང་།  མ་རྐང་ནང་ཞུགས་པའི་ནོར་ལུག་ལ་སྐོར་ཁྱུ་བགོས་ནས་དོ་དམ་བྱས་པ་ཡིན།”

མཉམ་ལས་ཁང་གི་དྲུང་ཡིག་འཕྲིན་ལས་དཔལ་ལྡན་གྱིས་མཚམས་སྦྱོར་བྱས་པ་ལྟར་ན།  མཉམ་ལས་ཁང་རྒྱུན་ཆད་མེད་པར་དར་རྒྱས་སུ་སོང་བས།  མིག་སྔར་མཉམ་ལས་ཁང་གིས་བསྡོམས་པས་ཟོ་སྐྱ་དང་འབྲི་ཆུ།  སྟོད་ཚེ་བཅས་ཞང་གསུམ་དང་སྡེ་བ་ལྔ།   ཁྱིམ་ཚང་སྟོང་གཅིག་དང་སུམ་བརྒྱ་བཞི་བཅུ་དང་འབྲོག་པ་སྟོང་བཞི་དང་བདུན་བརྒྱ་དྲུག་ཅུ་སྡུད་ལེན་བྱས་ཡོད།     མཉམ་ལས་ཁང2012ལོའི་ཟླ་བརྒྱད་པར་བཙུགས་པ་ནས་ད་ལྟའི་བར།  མུ་མཐུད་དུ་ལོ་གསུམ་ལ་ཡོང་འབབ་བགོས་ཤིང་། དེའི་ཁྲོད་མ་རྐང་ནང་ཞུགས་པའི་འབྲོག་པ་ཁྱིམ་ཚང་ལ་ཡོང་འབབ་བགོས་པ་ཆེས་མང་བར་མི་རེར་ལོ་རེར་སྒོར་སྟོང་གཅིག་དང་དྲུག་བརྒྱ་ཡས་མས་སུ་སླེབས།

ནོར་ལུག་བརྒྱད་བརྒྱ་མ་གཏོགས་མེད་པ་ནས་ད་ལྟའི་ནོར་ལུག་སྟོང་བརྒྱད་ལ་སླེབས་པ་དང་།  གསོ་སྤེལ་ས་ཚིགས་ལྔ་ནས་ད་ལྟའི་གཅིག་བསྡུས་ཕྱུགས་འཚོ་ས་ཚིགས་བརྒྱད་དུ་འཕེལ་ཡོད།  འབྲི་སྟོད་རྫོང་གི་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་གིས་སྐྱེ་ཁམས་ཕྱུགས་ལས་འཕེལ་རྒྱས་སུ་གཏོང་བ་དང་དབུལ་ཐར་ཕྱུག་བསྒྱུར་ཕྱོགས་སུ་གནད་ཁེལ་དབུལ་སྐྱོར་གྱི་དཔེ་ལྟ་ས་ཞིག་འཚོལ་ཞིབ་བྱས་ཡོད།

“མིག་སྔར་མཉམ་ལས་ཁང་གི་མངའ་འོག་ཏུ་གཅིག་བསྡུས་གསོ་སྤེལ་ས་ཚིགས་བརྒྱད་བཙུགས་ཡོད་པ་དེ་དག་སྟོད་ཚེ་དང་འབྲི་ཆུ།  ཟོ་སྐྱ་བཅས་ཞང་དུ་ཁྱབ་ཡོད།  ས་ཁུལ་སོ་སོར་ཁྱབ་པའི་གསོ་སྤེལ་ས་ཚིགས་ཀྱིས་འབྲོག་པ་མང་ཚོགས་ལ་ཕ་ཡུལ་ནས་ལས་ཞུགས་བྱེད་པར་སྟབས་བདེ་བསྐྲུན་པར་མ་ཟད།  ད་དུང་མཐའ་སྐོར་གྱི་འབྲོག་པ་མ་རྐང་ནང་ཞུགས་པའི་ཧུར་བརྩོན་རང་བཞིན་ཇེ་མཐོར་བཏང་།”  འཕྲིན་ལས་དཔལ་ལྡན་གྱིས་ལོ་འདི་འགའི་ཡོང་འབབ་བགོས་ཚུལ་ལ་བལྟས་ན།  མཉམ་ལས་ཁང་གིས་དབུལ་ཕོངས་ཁྱིམ་ཚང་ཁྲིད་ནས་དབུལ་ཐར་ཕྱུག་བསྒྱུར་བྱས་པའི་གྲུབ་འབྲས་མངོན་གསལ་རེད་ཟེར།

རྩོམ་སྒྲིག་པ།  བསོད་ནམས་ལྷ་མོ།