མཚོ་སྔོན་ཞིང་ཆེན་གྱིས་འཁོར་རྒྱུག་སྐྱེ་ཁམས་ཕྱུགས་ལས་གོང་དུ་སྤེལ་བར་ཐོག་མའི་ཕན་འབྲས་ཐོབ་པ།
2016.12.20 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 12

རྒྱལ་ཡོངས་ཀྱི་ཕྱུགས་ལས་ས་ཁུལ་ཆེན་པོ་ལྔའི་ནང་གི་གཅིག་ཡིན་པའི་མཚོ་སྔོན་ཞིང་ཆེན་གྱི་ཡངས་ཤིང་རྒྱ་ཆེ་བའི་རྩྭ་ཐང་ནི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་གནད་འགག་ཡིན་པས། རྩྭ་ཐང་གི་སྐྱེ་ཁམས་གནས་ཚུལ་བཟང་མིན་གྱིས་མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་གི་གནས་ཚུལ་ཐག་གཅོད་བྱེད་ཀྱིན་ཡོད། ལྷད་མེད་འཕེལ་རྒྱས་དང་འཁོར་རྒྱུག་འཕེལ་རྒྱས་ཇི་ལྟར་རྒྱན་འཁྱོངས་བྱེད་པ་དང་། ཇི་ལྟར་ཐོན་ཁུངས་ཡང་བསྐྱར་འཁོར་རྒྱུག་དང་ཡང་བསྐྱར་དུ་བེད་སྤྱོད་བྱེད་པ་ནས་མགོ་བརྩམས་ཏེ། ཐོན་ཚད་འཕར་བའི་མི་མངོན་པའི་སྦས་ཤུགས་སྔོག་འདོན་དང་རྨོ་ཞིང་དང་རྩྭ་སའི་བེད་སྤྱོད་ཚད་དང་ཐོན་ཚད་ཇེ་མཐོར་གཏོང་བ། ཞིང་ལས་ཀྱིས་ཕྱུགས་ལས་ལ་རྒྱབ་སྐྱོར་དང་ཕྱུགས་ལས་ཀྱིས་ཞིང་ལས་ལ་སྐུལ་འདེད་བྱེད་པ་ནི་ཞིང་ཕྱུགས་ལས་དཔལ་འབྱོར་འཕེལ་རྒྱས་བཟང་པོ་དང་རྒྱུན་མཐུད་ངང་འཕེལ་རྒྱས་འབྱུང་བ། སྐྱེ་ཁམས་སྲུང་སྐྱོབ་བཅས་མངོན་འགྱུར་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན།

འཁོར་རྒྱུག་ཕྱུགས་ལས་འཕེལ་རྒྱས་ཐད་དགའ་འོས་པའི་གྲུབ་འབྲས་ཐོབ་པ།

ཉེ་བའི་ལོ་འགའི་རིང་ལ། མཚོ་སྔོན་ཞིང་ཆེན་གྱི་ས་གནས་སོ་སོས་ལྷད་མེད་འཕེལ་རྒྱས་དང་སྐྱེ་ཁམས་དཔལ་ཡོན་ལ་དམིགས་ནས། རྩྭ་ལས་འཕེལ་རྒྱས་དང་འདེབས་གསོའི་གྲུབ་ཚུལ་ལེགས་སྒྲིག་བྱས་ཏེ། སྒོ་ཕྱུགས་ཀྱི་ལུད་དང་ཕྱུགས་ཟོག་གི་གོད་རོ། སོག་མ་སོགས་ཞིང་ཕྱུགས་ལས་ཀྱི་སྙིགས་རོ་ཡུལ་དེ་ནས་བསྲེགས་པ་དང་། འཁོར་རྒྱུག་བེད་སྤྱོད། ཕྱོགས་བསྡུས་བེད་སྤྱོད་བཅས་འཁོར་རྒྱུག་ཕྱུགས་ལས་གོང་དུ་འཕེལ་བའི་ཐད་དགེ་མཚན་ལྡན་པའི་འཚོལ་ཞིབ་བྱས།

མིག་སྔར་ཞིང་ཆེན་ཡོངས་ཀྱི་ས་གནས་སོ་སོར་ཞིང་ཕྱུགས་ཟུང་འབྲེལ་དང་རྩྭ་ཕྱུགས་མཉམ་དུ་འཕེལ་རྒྱས་སུ་གཏོང་བའི་གནས་ཚུལ་བཟང་བ་དང་། དེ་མིན་འཁོར་རྒྱུག་ཕྱུགས་ལས་འཕེལ་རྒྱས་སུ་གཏོང་བའི་ཐད་ཐབས་ལམ་བཟང་པོ་ཞིག་རྙེད། ཆེས་གལ་ཆེ་བ་ཞིག་ནི་གཟན་རྩྭ་དང་གཟན་ཆས་ཐོན་ལས་ཕྱོགས་བསྡུས་ངང་འཕེལ་རྒྱས་དང་འཁོར་རྒྱུག་ཞིང་ཕྱུགས་ལས་བདག་གཉེར་གཙོ་བོའི་འཕེལ་རྒྱས། འདེབས་གསོ་ཟུང་སྦྲེལ་འཁོར་རྒྱུག་འཕེལ་རྒྱས་ཀྱི་གོམ་སྟབས་དང་ཞིང་ཕྱུགས་ལས་ཀྱི་མཁོ་མེད་དངོས་བོ་ཐོན་ཁུངས་ཅན་དུ་བེད་སྤྱོད་བྱེད་པའི་གོམ་སྟབས་སྔར་ལས་ཇེ་མགྱོགས་སུ་སོང་བ་དེ་ཡིན།

ཕྱུགས་ལས་འཕེལ་རྒྱས་སུ་འགྲོ་བའི་རྨང་གཞི་ནི་ཕྱུགས་རྩྭ་ཡིན། ཉེ་བའི་ལོ་འགའི་རིང་ལ་མཚོ་སྔོན་གྱིས་ཤར་ཕྱོགས་ཞིང་ལས་ས་ཁུལ་གྱི་འདེབས་འཛུགས་གྲུབ་ཚུལ་ལེགས་སྒྲིག་བྱེད་པ་དམ་འཛིན་བྱས་ཤིང་། ས་རྒྱུ་ཞན་པ་དང་བེད་མེད་དུ་བསྐྱུར་བའི་རྨོ་ཞིང་། ཐང་རྒོད་དུ་གྱུར་བའི་ས་ཞིང་བཅས་བེད་སྤྱོད་གང་ལེགས་བྱས་ཏེ། གཟན་རྩྭ་འདེབས་པ་རྒྱ་ཇེ་ཆེར་བཏང་ནས་གཟན་རྩྭ་དང་གཟན་ཆས་འདེབས་པའི་རྟེན་གཞི་བཙུགས་ཤིང་། ཆ་སྡེབ་སྒོས་སྒྲིག་བཀོད་གསོ་སྤེལ་བ་དང་གསོ་སྤེལ་ར་བ། གསོ་སྤེལ་རྟེན་གཞི་བཅས་བཙུགས། ནང་སྒོས་སུ་ན་ནིང་ནས་བཟུང་རྫོང་གསུམ་དུ་འབྲུ་རིགས་འདེབས་པ་ནས་གཟན་རྩྭ་འདེབས་པའི་ཕྱོགས་སུ་བསྒྱུར་བའི་ཚོད་ལྟ་བྱེད་པ་དང་། རྫོང་དྲུག་ནས་རྩྭ་འདེབས་ཕྱུགས་ལས་ཚོད་ལྟ་བྱེད་པའི་ཁྲོད་མང་ཚོགས་ཀྱི་སྤྲོ་སེམས་ཧ་ཅང་ཆེ།

རྩྭ་ས་སྡེ་ཁག་གིས་སྡོམ་རྩིས་བྱས་པ་ལྟར་ན། ད་ལོར་ཞིང་ཆེན་ཡོངས་སུ་མིས་བཏབ་པའི་རྩྭ་སའི་གཞི་ཁྱོན་སྤྱི་ཆིང་འབུམ་ལྔ་ཁྲི་གཉིས་ལ་བསླེབས་པས། 2010ལོ་ལས་སྤྱི་ཆིང་འབུམ་གཉིས་ཁྲི་གཅིག་འཕར་བ་དང་། ལོ་རེར་སྔོ་རྩྭ་སྤྱི་རྒྱ་དུང་ཕྱུར་ཞེ་གཉིས་ལྷག་ཐོན་སྐྱེད་བྱེད་ཐུབ། གཟན་ཆས་ཏུན་འབུམ་བཞི་ཁྲི་དྲུག་ལྷག་ཐོན་སྐྱེད་བྱས། གཟན་རྩྭ་ལས་སྣོན་ཁེ་ལས་བཅུ་གསུམ་གསོ་སྐྱོང་བྱས་པ་དང་། ལོ་རེར་གཟན་རྩྭ་ཏུན་འབུམ་གཅིག་ཁྲི་ལྔ་ལས་སྣོན་བྱས། རྩྭ་སྔོན་ཏུན་འབུམ་བཞི་ཁྲི་བཞི་ལྷག་གསོག་ཉར་བྱས་པས། གཟན་རྩྭ་འདེབས་པ་རྟེན་གཞི་ཅན་དང་མངག་ཉོ་ཅན། ཚོང་ར་ཅན། གཞི་ཁྱོན་ཅན། འཕྲུལ་ཆས་ཅན། ཚན་རྩལ་ཅན་བཅས་མངོན་འགྱུར་བྱུང་སྟེ། ཐོན་ལས་མུ་རྒྱུད་སྔར་ལས་ཇེ་རིང་དང་གཟན་རྩྭའི་ཕན་འབྲས་ཐོག་མར་མངོན་པ། ཕྱུགས་ལས་གོང་དུ་འཕེལ་བ་དང་འབྲོག་པའི་ཡོང་སྒོ་འཕར་བར་སྐུལ་ཁྲིད་བྱས།

མིག་སྔར་ཞིང་ཆེན་རིམ་པས་ངོས་བཟུང་བའི་གཞི་ཁྱོན་ཅན་གྱི་གསོ་སྤེལ་ར་བ་ཆིག་སྟོང་ཉིས་བརྒྱ་ཉེར་བརྒྱད་དུ་བསླེབས་པ་དང་། ཞིང་ཆེན་ཡོངས་ཀྱི་གཞི་ཁྱོན་འོས་འཚམ་ཅན་གྱི་གསོ་སྤེལ་བསྡུར་ཚད་བརྒྱ་ཆའི་ཞེ་ལྔ་རུ་སླེབས་ཤིང་། གཞི་ཁྱོན་ལྡན་པའི་གསོ་སྤེལ་ར་བས་འདོན་སྤྲོད་བྱས་པའི་ཤ་དང་འོ་མ། བྱ་སྒོང་བཅས་ཀྱི་ཐོན་ཚད་ཀྱིས་ཞིང་ཆེན་ཡོངས་ཀྱི་བརྒྱ་ཆའི་ཉེར་གཉིས་ལྷག་དང་བརྒྱ་ཆའི་ཉེར་གསུམ་ལྷག བརྒྱ་ཆའི་རེ་བརྒྱད་ལྷག་བཅས་ཟིན་ཡོད། འབྲོག་ཁུལ་དུ་ཤུགས་ཆེན་པོས་སྐྱེ་ཁམས་ཕྱུགས་ལས་གཙོ་ཡིན་པའི་འཁོར་རྒྱུག་ཕྱུགས་ལས་གོང་དུ་སྤེལ་ཏེ། སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་དགུ་བརྒྱ་རེ་གཅིག་བཙུགས་པ་དེ་། འབྲོག་ཁྱིམ་འབུམ་གཅིག་ཁྲི་གཅིག་ལྷག་དང་ཕྱུགས་ཟོག་བྱེ་བ་གཅིག་ལྷག་དང་འབྲེལ་བ་ཡོད། རྩྭ་སའི་བརྒྱ་ཆའི་རེ་དྲུག་ལྷག་ལ་ལེགས་བསྡུས་ཞིབ་གཉེར་གྱིས་བདག་གཉེར་བྱས་པས། ཐོན་ཁུངས་ལེགས་བསྡུས་ཞིབ་གཉེར་དང་འཁོར་རྒྱུག་འཕེལ་རྒྱས་འབྱུང་བར་སྐུལ་འདེད་བཏང་།

འཁོར་རྒྱུག་ཕྱུགས་ལས་འཕེལ་རྒྱས་འབྱུང་བར་སྐུལ་འདེད་ཅི་ཐུབ་བྱས་པ།

ཕྱུགས་རྩྭའི་ཐོན་ལས་ནི་འཁོར་རྒྱུག་ཕྱུགས་ལས་ཀྱི་སྣེ་ཁྲིད་པའི་རྨང་གཞིའི་བཟོ་འགོད་ཡིན། གཟན་རྩྭའི་ཐོན་ལས་ལ་རྒྱབ་སྐྱོར་བྱེད་པའི་ཤུགས་ཚད་ཇི་ལྟར་ཇེ་ཆེར་གཏོང་བ་དང་། གཟན་རྩྭའི་ཐོན་ལས་མུ་རྒྱུད་ཇི་ལྟར་བསྲིང་བ། གཟན་རྩྭ་ལས་སྣོན་ཞིབ་མོར་ཇི་ལྟར་སྐུལ་མ་གཏོང་བ། གཟན་རྩྭའི་ཐོན་རྫས་ཀྱི་ཚོང་རྟགས་ཐོ་འགོད་ལ་ཇི་ལྟར་ཤུགས་སྣོན་བྱེད་པ། མགོ་ཚུགས་ཚད་མཐོ་ཞིང་གཞི་ཁྱོན་ལྡན་པ། སྐུལ་ཁྲིད་ནུས་པ་བཅས་ཀྱི་གཟན་རྩྭ་གཟན་ཆས་ཐོན་སྐྱེད་དང་ལས་སྣོན་བྱེད་པའི་ཁེ་ལས་སྐོར་ཞིག་ཇི་ལྟར་གསོ་སྐྱོང་དང་རྒྱ་སྐྱེད་པའི་གནད་འགག་ནི། རང་བྱུང་ཕྱུགས་རྩྭ་བེད་སྤྱོད་དང་མིའི་ཐབས་ཀྱིས་ཕྱུགས་རྩྭ་འདེབས་པ། གཟན་རྩྭའི་ཐོན་སྐྱེད་དང་མཁོ་འདོན། སོག་མའི་ཐོན་ཁུངས་བེད་སྤྱོད་བཅས་ནན་འཛིན་བྱེད་རྒྱུ་དེ་རེད།

ཞིང་ཆེན་ཞིང་ཕྱུགས་ཐིན་གྱི་འབྲེལ་ཡོད་འགན་འཁུར་མི་སྣས་མཚམས་སྦྱོར་བྱས་པ་ལྟར་ན། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་དུས་སྐབས་སུ་ཞིང་ཆེན་ཡོངས་ཀྱི་གཟན་རྩྭ་གཟན་ཆས་ལས་སྣོན་ཁེ་ལས་གཙོ་བོ་སུམ་ཅུ་དང་རྩྭ་འདེབས་ཆེད་ལས་མཉམ་ལས་ཁང་བརྒྱད་བརྒྱ། གཟན་རྩྭ་གཟན་ཆས་འདེབས་པ་དང་གསོ་སྤེལ་གྲངས་ཀ་མང་པའི་ཁྱིམ་ཚང་ཁྲི་གཅིག་བཅས་ལ་རྒྱབ་སྐྱོར་དང་གསོ་སྐྱོང་ཅི་ཐུབ་བྱེད་རྒྱུ་དང་། རྩྭ་སའི་ཁ་གསབ་དང་བྱ་དགའ་གནང་བའི་སྲིད་ཇུས་ལག་བསྟར་བྱེད་སྐབས་དོ་དམ་བྱེད་ཤུགས་ཇེ་དྲག་ཏུ་གཏོང་བ་དང་མཉམ་དུ། རྩྭ་སར་བསྟུན་ནས་ཕྱུགས་གྲངས་གཏན་འབེབས་བྱེད་ཅིང་ཚན་རིག་ལྟར་བེད་སྤྱོད་བྱས་ཏེ། ལྷད་མེད་ཕྱུགས་ལས་ཐོན་རྫས་ཐོན་སྐྱེད་བྱེད་པར་དངོས་པོ་སྟེང་ནས་འགན་སྲུང་བྱེད་རྒྱུ་རེད།

འདེབས་གསོ་ཟུང་འབྲེལ་དང་ཞིང་ཕྱུགས་ཟུང་འབྲེལ། གསོ་སྤེལ་ར་བ་འཛུགས་སྐྲུན་དང་ཞིང་ཁའི་འཛུགས་སྐྲུན་གཉིས་ཟུང་འབྲེལ་བཅས་ལ་སྐུལ་འདེད་གཏོང་ཞིང་། ཕྱུགས་ཟོག་དང་ཁྱིམ་བྱའི་གསོ་སྤེལ་ར་བ་ལུགས་མཐུན་སྒོས་བཀོད་སྒྲིག་བྱེད་ན། གཙོ་བོ་ནི་རྩྭ་ཕྱུགས་མཉམ་འབྲེལ་བྱས་ཏེ་ཐོན་ཚད་དམའ་བའི་ས་ཞིང་མི་འདེབས་པ་དང་། གཟན་ཆས་སུ་བཀོལ་བའི་མ་རྨོས་ལོ་ཏོག་དང་གསོག་ཉར་བྱེད་པའི་མ་རྨོས་ལོ་ཏོག སྤུས་བཟང་ཕྱུགས་རྩྭ་འདེབས་པའི་གཞི་ཁྱོན་བཅས་རྒྱ་བསྐྱེད་པ་དང་། འབྲུ་སྣུམ་དང་དཔལ་འབྱོར་ལོ་ཏོག གཟན་རྩྭ་གཟན་ཆས་བཅས་གསུམ་གྱི་གྲུབ་ཚུལ་སྔར་ལས་ཇེ་ལེགས་སུ་བཏང་སྟེ། ཞིང་ལས་ཀྱིས་ཕྱུགས་ལས་ལ་རྒྱབ་སྐྱོར་དང་ཕྱུགས་ལས་ཀྱིས་ཞིང་ལས་ལ་སྐུལ་འདེད་གཏོང་བ་སོགས་འཁོར་རྒྱུག་བེད་སྤྱོད་དཔེ་དབྱིབས་གསོ་སྐྱོང་དང་འཛུགས་སྐྲུན་བྱས་ཏེ། ཞིང་ལས་ཆེན་པོའི་འཁོར་རྒྱུག་དཔལ་འབྱོར་ཚུལ་གྱི་ཐོན་ལས་མུ་རྒྱུད་ཅིག་འཛུགས་དགོས་པ་དེ་ཡིན།

ཞིང་ལས་ས་ཁུལ་གྱི་ཕུན་སུམ་ཚོགས་པའི་འོད་ནུས་ཐོན་ཁུངས་དང་རྨོ་ཞིང་གི་ཐོན་ཁུངས་བེད་སྤྱད་དེ། འབྲོག་ཁུལ་གྱི་སྐྱེ་ཁམས་ཕྱུགས་ལས་འཕེལ་རྒྱས་སུ་གཏོང་བར་གཟན་རྩྭ་གཟན་ཆས་ཀྱི་ཐོན་ཁུངས་མང་པོ་འདོན་སྤྲོད་བྱེད་པ་དང་། འབྲོག་ཁུལ་གྱི་རང་བྱུང་རྩྭ་ས་བེད་སྤྱོད་དྲགས་པའི་གནས་ཚུལ་ཇེ་ཉུང་དུ་བཏང་། རྒྱལ་ཡོངས་ཀྱི་རྩྭ་སའི་སྐྱེ་ཁམས་ཕྱུགས་ལས་ཚོད་ལྟ་ཁུལ་འཛུགས་སྐྲུན་བྱེད་པའི་གོ་སྐབས་དམ་འཛིན་དང་། མ་རྐང་ལམ་ལུགས་བསྒྱུར་བཀོད་བྱས་པ་བརྒྱུད། སྐྱེ་ཁམས་ཕྱུགས་ལས་གོང་དུ་སྤེལ་བའི་ནུས་པ་ཇེ་མཐོར་བཏང་། འབྲོག་སྤེལ་རོང་གསོ་དང་ནུབ་སྤེལ་ཤར་གསོ་བརྒྱུད་དེ། རོང་འབྲོག་ཁུལ་ཕན་ཚུན་ཁ་གསབ་དང་འཁོར་རྒྱུག་འཕེལ་རྒྱས་འབྱུང་བར་སྐུལ་འདེད་དང་། རོང་འབྲོག་ཁུལ་གྱི་འཁོར་རྒྱུག་འཕེལ་རྒྱས་ཀྱི་ཐོན་ལས་རྒྱུད་འཛུགས་བྱས།

ད་ཡོད་ཀྱི་སྐམས་ཤ་དང་ལུག་ཤ། འོ་བཟོས་ཐོན་རྫས། གཟན་རྩྭ་གཟན་ཆས་བཅས་ལས་སྣོན་བྱེད་པའི་ཁེ་ལས་གནད་སར་བཞག་སྟེ། རྩེ་གྲས་ཕྱུགས་ལས་ཐོན་རྫས་ལས་སྣོན་བྱེད་པར་སྐུལ་འདེད་བྱས་ཤིང་ཞིང་ལས་ཕྱོགས་བསྡུས་གསོ་སྤེལ་དང་ལས་སྣོན་ཞིབ་མོ་བྱེད་པར་རྒྱབ་སྐྱོར་བྱས། དེ་མིན་འདེབས་འཛུགས་གསོ་སྤེལ་དང་ལས་སྣོན། སྤྲོ་གསེང་ཡུལ་སྐོར་སོགས་འཁོར་རྒྱུག་བྱེད་པར་སྐུལ་འདེད་བཏང་སྟེ། ལས་རིགས་བརྒལ་བ་དང་ཐོན་ལས་བརྒལ་བའི་ཐོན་ལས་དང་པོ་དང་གཉིས་པ། གསུམ་པ་བཅས་མཉམ་དུ་སྤེལ་བའི་ལམ་དུ་འགྲོ་བ་དང་། ཐོན་ལས་དང་པོ་དང་གཉིས་པ། གསུམ་པ་བཅས་མཉམ་དུ་འདུས་པའི་འཁོར་རྒྱུག་ཐོན་ལས་རྒྱུད་འཛུགས་ཐབས་བྱས།
 

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།