ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་དུས་སྐབས་ནི་མཚོ་ནུབ་སོག་བོད་རང་སྐྱོང་ཁུལ་ལ་མཚོན་ན་ཆེས་སྤྱིར་བཏང་མིན་པའི་ལོ་ལྔ་ཡིན་ལ། འཕེལ་རྒྱས་མདུན་སྐྱོད་ཀྱི་ལོ་ལྔ་དང་། མཁར་གྲོང་གི་རྣམ་པར་འགྱུར་ལྡོག་ཆེན་པོ་དང་སྤྱི་ཚོགས་དམངས་ཚིས་ལ་ལེགས་བཅོས་ཆེན་པོ་བྱུང་བ། མི་དམངས་མང་ཚོགས་ལ་ཕན་ཁེ་ཆེས་མང་པོ་ཐོབ་པ་བཅས་ཀྱི་ལོ་ལྔ་ཡིན།
ལོ་ལྔའི་རིང་ལ། མཚོ་ནུབ་ཁུལ་ཏང་ཨུ་དང་ཁུལ་སྲིད་གཞུང་གིས་ཁུལ་ཡོངས་ཀྱི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་སྣེ་ཁྲིད་དང་། ཀྲུང་དབྱང་གི་སྲིད་ཇུས་གལ་ཆེན་པོའི་བྱེད་ཕྱོགས་དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འཐབ་ཇུས་བཀོད་སྒྲིག་རྦད་ཆོད་སྒོས་ལག་ལེན་མཐར་ཕྱིན་བྱས་ཏེ། ཡིད་ཆེས་བརྟན་པོས་དཔལ་འབྱོར་འཕེལ་རྒྱས་ཀྱི་གནས་བབ་གསར་བ་དང་མཐུན་པར་བྱས་ཤིང་། ཁྱོན་ཡོངས་ནས་ཚྭ་འདམ་གཞོང་འཁོར་སྐྱོད་དཔལ་འབྱོར་ཚོད་ལྟའི་ཁུལ་དང་མཁར་གྲོང་གཞི་གཅིག་ཅན་གྱི་དཔེ་སྟོན་ཁུལ། མི་རིགས་མཐུན་སྒྲིལ་ཡར་ཐོན་སྔོན་སྐྱོད་ཁུལ་བཅས་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བྱས་པ་དང་། ཕྱོགས་བསྡུས་དངོས་ཤུགས་རྒྱུན་ཆད་མེད་པར་ཇེ་དྲག་དང་ཐོན་ལས་གྲུབ་ཚུལ་རྒྱུན་ཆད་མེད་པར་ལེགས་བཅོས། རྨང་གཞི་སྒྲིག་ཆས་ཁྱོན་ཡོངས་ནས་མཐོར་འདེགས། དམངས་ཚིས་རྣམ་པ་མངོན་གསལ་དུ་ལེགས་བཅོས། སྤྱི་ཚོགས་ཀྱི་ཆེ་ཕྱོགས་འཆམ་མཐུན་བརྟན་འཇགས་བཅས་ཀྱི་གནས་བབ་བཟང་པོ་ཆགས་པར་སྐུལ་འདེད་བྱས་ཏེ། མཚོ་ནུབ་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་གྲུབ་འབྲས་གསར་བ་བླངས་ཤིང་གསོན་ཤུགས་གསར་བ་བསྣན།
ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་དུས་སྐབས་སུ། མཚོ་ནུབ་ཁུལ་གྱིས་རང་ས་གནས་ཀྱི་ཐུན་མོང་མ་ཡིན་པའི་ཐོན་ཁུངས་ཁྱད་སྟོབས་ལ་བརྟེན་ནས། འཁོར་སྐྱོད་དཔལ་འབྱོར་ལ་སྐུལ་འདེད་ཆེན་པོ་བྱས། ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་དུས་མཇུག་ཏུ། མཚོ་ནུབ་ཁུལ་གྱི་ས་ཁུལ་གྱི་ཐོན་སྐྱེད་སྤྱིའི་ཐོན་རིན་སྒོར་དུང་ཕྱུར་བཞི་བརྒྱ་སོ་དགུ་ལྷག་ཏུ་བསླེབས་ཏེ། ལོ་རེར་ཆ་སྙོམས་གྱིས་བརྒྱ་ཆའི་བཅུ་ལྷག་འཕར་བ་དང་། མི་རེའི་ཆ་སྙོམས་ཐོན་སྐྱེད་སྤྱིའི་ཐོན་རིན་སྒོར་འབུམ་གཅིག་ལས་བརྒལ། གཞི་ཁྱོན་ལྡན་པའི་བཟོ་ལས་ཀྱི་འཕར་སྣོན་རིན་ཐང་སྒོར་དུང་ཕྱུར་ཉིས་བརྒྱ་ཞེ་བཞི་ལྷག་ཏུ་བསླེབས་ཏེ། ཆ་སྙོམས་ལོ་རེར་བརྒྱ་ཆའི་བཅུ་ལྷག་འཕར། སྤྱི་པའི་ནོར་སྲིད་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར་ཆིག་བརྒྱ་ཉེར་གཅིག་ལྷག་མངོན་འགྱུར་བྱས་ཏེ། ཆ་སྙོམས་ལོ་རེར་བརྒྱ་ཆའི་དྲུག་ལྷག་འཕར། རིམ་བསགས་ཀྱིས་བརྟན་འཇགས་རྒྱུ་ནོར་མ་དངུལ་གཏོང་ཚད་སྒོར་དུང་ཕྱུར་ཉིས་སྟོང་དྲུག་བརྒྱ་ཡོངས་འགྲུབ་བྱས་པ་དེས། ལོ་ལྔའི་འཆར་གཞི་བཅུ་གཅིག་པའི་དུས་སྐབས་ཀྱི་ལྡབ་གསུམ་དང་གྲངས་ཆུང་གཅིག་ཟིན། སྤྱི་ཚོགས་འཛད་སྤྱོད་དངོས་རྫས་སིལ་འཚོང་གི་སྤྱིའི་དངུལ་གྲངས་སྒོར་དུང་ཕྱུར་གྱ་གཅིག་ལྷག་མངོན་འགྱུར་བྱས་ཏེ། ཆ་སྙོམས་ལོ་རེར་བརྒྱ་ཆའི་བཅུ་གསུམ་ལྷག་འཕར།
ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་ཚུན་ལ། ཚྭ་འདམ་གཞོང་འཁོར་སྐྱོད་དཔལ་འབྱོར་ཚོད་ལྟའི་ས་ཁུལ་གྱིས་འཁོར་སྐྱོད་དཔལ་འབྱོར་གྱི་བཙོག་རྫས་ཉུང་གཏོང་དང་། ཡང་བསྐྱར་བཀོལ་སྤྱོད། ཐོན་ཁུངས་ཅན་དུ་བསྒྱུར་བ་བཅས་ཀྱི་སྤྱིའི་བླང་བྱ་ལྟར། ཐོན་ཁུངས་ཟད་གྲོན་ཇེ་དམའ་རུ་གཏོང་བ་དང་། ཐོན་ལས་སྦྲེལ་ཐག་རིང་དུ་བསྲིང་བ། བཙོག་རྫས་ཕྱིར་འདོན་ཇེ་ཉུང་ཏུ་གཏོང་བ་བཅས་དམིགས་འབེན་དུ་བརྩི་བ་དང་། ཚན་རྩལ་གསར་སྐྲུན་དང་ལམ་ལུགས་གསར་བསྒྱུར་བྱེད་པ་སྒུལ་ཤུགས་སུ་བརྩི་བ། ལས་གཞི་དང་ཁེ་ལས། རྟེན་གཞི། ར་བ་བཅས་ནང་དོན་གཙོ་བོར་བརྩིས་ཏེ། ན་གོར་མོ་དང་གཏེར་ལེན་ཁ། བུའུ་ལན། ཚྭ་འདམ་གཞོང་ཆེ་བ་བཅས་ཀྱི་བཟོ་ལས་ར་བ་གཙོ་བོ་ཡིན་པའི“ཁུལ་གཅིག་དང་ར་བ་བཞིའི”འཕེལ་རྒྱས་རྣམ་པ་མགྱོགས་མྱུར་ངང་ཆགས་པར་བྱས་ཤིང་། ནུས་ཁུངས་གསར་བ་དང་རྒྱུ་ཆ་གསར་བ། བདག་གཉེར་རྣམ་པ་གསར་བ། ཁྱད་ལྡན་སྐྱེ་དངོས་དང་དེང་རབས་ཞབས་ཞུ་སོགས་ཐོན་ལས་ཆེན་པོ་ལྔ་ལེགས་པོར་སྒྲུབ་པ་དང་། འཁོར་སྐྱོད་དཔལ་འབྱོར་གྱི་སྤུས་ཚད་དང་ཕན་འབྲས་མཐོར་འདེགས་གཏོང་བར་སྐུལ་འདེད་བྱས་ཏེ། ཁུལ་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་རྒྱུན་མཐུད་དང་བརྟན་འཇགས་ངང་འཕེལ་རྒྱས་སུ་འགྲོ་བ་སྲུང་འཛིན་བྱས།
ཉེ་བའི་ལོ་འགའི་རིང་ལ། ཁུལ་ཏང་ཨུ་དང་ཁུལ་སྲིད་གཞུང་གི་ཡང་དག་པའི་མགོ་ཁྲིད་འོག མཚོ་ནུབ་ཁུལ་གྱི་ཞིང་ཕྱུགས་ལས་ཀྱིས་གྲུབ་ཚུལ་ལེགས་སྒྲིག་དང་བྱེད་སྟངས་བསྒྱུར་བ། ཐོན་སྤེལ་ཐོན་སྤར་བཅས་དཀྱིལ་སྙིང་དུ་བཟུང་བ་དང་། ཚན་རྩལ་རྟེན་ས་ཡིན་པ་དང་། སྤུས་ཚད་གནད་འགག་ཡིན་པ། ཚོང་ར་ཕྱོགས་སྟོན་ཡིན་པ་བཅས་རྒྱུན་འཁྱོངས་བྱས་ཏེ། ཐོན་སྐྱེད་གྲུབ་ཚུལ་ལེགས་སྒྲིག་དང་འདེབས་འཛུགས་གྲུབ་ཚུལ་ལེགས་བཅོས། ཚད་གཞི་ཅན་གྱི་ཐོན་སྐྱེད་ཁྱབ་སྤེལ། ཞིང་ཕྱུགས་ཐོན་རྫས་ལས་སྣོན་ཞིབ་མོ་བྱེད་པ། ཆེད་ལས་ཅན་གྱི་མཉམ་ལས་རྩ་འཛུགས་འཛུགས་སྐྲུན་ལ་ཤུགས་སྣོན། འདེབས་འཛུགས་གཞི་ཁྱོན་ཅན་དང་སྒྲིག་ཆས་དེང་རབས་ཅན། ཐོན་སྐྱེད་ཆེད་ལས་ཅན། སྤུས་ཚད་ཚད་གཞི་ཅན། བདག་གཉེར་ཚོང་ར་ཅན། ཞབས་ཞུ་སྤྱི་ཚོགས་ཅན་བཅས་ལ་སྐུལ་འདེད་བྱས་ཤིང་། ཁྱད་ལྡན་ཐོན་ལས་གོང་དུ་སྤེལ་བ་དང་ཞིང་ལས་ཐོན་ལས་ཅན་གྱི་ཆུ་ཚད་མཐོར་འདེགས། ཕྱོགས་བསྡུས་ཐོན་སྐྱེད་ནུས་ཤུགས་དང་ཚོང་རའི་འགྲན་རྩོད་ནུས་ཤུགས། རྒྱུན་མཐུད་འཕེལ་རྒྱས་ནུས་ཤུགས་བཅས་ཇེ་དྲག་ཏུ་བཏང་ཏེ། ཞིང་ཕྱུགས་ལས་ལ་ཐོན་སྤར་དང་རོང་འབྲོག་མང་ཚོགས་ཀྱི་ཡོང་སྒོ་འཕར་སྣོན་འབྱུང་བར་སྐུལ་འདེད་བྱས། 2015ལོར་ཞིང་སྡེའི་སྡོད་དམངས་ཀྱི་མི་རེའི་ཆ་སྙོམས་ཡོང་སྒོ་སྒོར་ཁྲི་གཅིག་ལྷག་ཏུ་བསླེབས་པ་དང་། དུས་མཉམ་ལས་བརྒྱ་ཆའི་བདུན་ལྷག་འཕར། ཞིང་ཕྱུགས་ལས་ཀྱི་འཕར་སྣོན་རིན་ཐང་སྒོར་དུང་ཕྱུར་ཉེར་དྲུག་ལྷག་ཡོངས་འགྲུབ་བྱས་ཏེ། དུས་མཉམ་ལས་བརྒྱ་ཆའི་བདུན་ལྷག་འཕར།
འགྲིམ་འགྲུལ་ཕྱོགས་སུ་འཕེལ་རྒྱས་ཆེན་པོ་བྱུང་། ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་དུས་སྐབས་ནི་མཚོ་ནུབ་ཁུལ་གྱི་འགྲིམ་འགྲུལ་སྐྱེལ་འདྲེན་ཐད་འཕེལ་རྒྱས་མགྱོགས་པོ་བྱུང་བ་དང་། ཕན་འབྲས་ཆེན་པོ་ཐོབ་པ། འཕེལ་རྒྱས་ཀྱི་སྤུས་ཚད་ཆེས་བཟང་བ། ཞབས་ཞུ་ཆུ་ཚད་མཐོར་འདེགས་ཆེན་པོ་བྱུང་བའི་དུས་སྐབས་ཤིག་ཡིན་པས། འགྲིམ་འགྲུལ་སྐྱེལ་འདྲེན་ལས་རིགས་ཀྱིས་ས་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་ཞུ་དང་རམ་འདེགས་བྱེད་པའི་ནུས་ཤུགས་མངོན་གསལ་སྒོས་ཇེ་དྲག་ཏུ་གྱུར། ཁུལ་ཡོངས་ཀྱི་གཞུང་ལམ་འཛུགས་སྐྲུན་ཐད་འཕེལ་རྒྱས་ཆེན་པོ་བྱུང་ཏེ། གུང་ཧོ་ནས་ཚྭ་ཁ་སོགས་ཀྱི་འགྲིམ་འགྲུལ་ལས་གཞི་ཆེན་པོ་སྐོར་ཞིག་ལེགས་འགྲུབ་བྱུང་ནས་རླངས་འཁོར་ཤར་གཏོང་བྱས། 2015ལོའི་བར། མཚོ་ནུབ་ཁུལ་དུ་ལས་ཟིན་པའི་ལྕགས་ལམ་དང་ལས་བཞིན་པའི་ལྕགས་ལམ་བསྡོམས་པས་བདུན་ཡོད་པ་དང་། གནམ་གྲུ་ཐང་གསུམ་ཡོད། ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་དུས་སྐབས་སུ། ཁུལ་ཡོངས་ཀྱིས་ཚྭ་འདམ་གཞོང་ཆེ་བ་དང་མང་ངེ། ཐེམ་ཆེན་སོགས་ཀྱི་རླངས་འཁོར་ས་ཚིགས་བཅོ་ལྔ་གསར་འཛུགས་དང་བསྒྱུར་བཀོད་རྒྱས་བསྐྲུན་བཅས་བྱས་ཏེ། ཁུལ་ཡོངས་སུ་རླངས་འཁོར་ས་ཚིགས་ཞེ་བཞིར་བསླེབས།
མཛེས་སྡུག་གི་ཞིང་སྡེ་འཛུགས་སྐྲུན་ཐད་ཕན་འབྲས་མངོན་གསལ་བླངས། མཛེས་སྡུག་གི་ཞིང་སྡེ་འཛུགས་སྐྲུན་བྱ་འགུལ་སྤེལ་བའི་ཚུན་ལ། མཚོ་ནུབ་ཁུལ་གྱིས་ཚད་གཞི་མཐོན་པོས་འཆར་འགོད་དང་འཚོལ་ཞིབ་བྱས་ཏེ། 2014ལོ་ནས2016ལོའི་བར་བསྡོམས་པས་མཛེས་སྡུག་གི་ཞིང་སྡེ་སོ་བརྒྱད་འཛུགས་སྐྲུན་བྱས་པར་མ་ཟད། གཏན་འཁེལ་ལག་བསྟར་ཇུས་གཞི་ལྟར། སྡོད་ཁང་འཛུགས་སྐྲུན་དང་རྨང་གཞི་སྒྲིག་ཆས། སྤྱི་པའི་ཞབས་ཞུ་སྒྲིག་ཆས། སྡེ་བའི་ཁོར་ཡུག་ལེགས་བཅོས། ཐོན་ལས་འཕེལ་རྒྱས་སོགས་ཀྱི་ཐད་ནས་བསྡོམས་པས་ལས་གཞི་ཉིས་བརྒྱ་ཞེ་གཅིག་འཆར་འགོད་འཛུགས་སྐྲུན་བྱས་ཤིང་། མ་དངུལ་སྒོར་དུང་ཕྱུར་བཞི་བྱེ་བ་བདུན་ལྷག་བཏང་།
འགན་སྲུང་རང་བཞིན་གྱི་སྡོད་ཁང་འཛུགས་སྐྲུན་ཐད་གྲུབ་འབྲས་ཆེན་པོ་བླངས། འགན་སྲུང་རང་བཞིན་གྱི་སྡོད་ཁང་བཟོ་སྐྲུན་འཛུགས་སྐྲུན་གྱི་གོམ་སྟབས་ཇེ་མགྱོགས་སུ་གཏོང་བ་དེ་དམངས་ཚིས་ལེགས་བཅོས་དང་། སྤྱི་ཚོགས་འཆམ་མཐུན་དང་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་བྱེད་པར་དོན་སྙིང་གལ་ཆེན་ལྡན། 2008ལོ་ནས2016ལོའི་བར། མཚོ་ནུབ་ཁུལ་གྱིས་འགན་སྲུང་རང་བཞིན་གྱི་སྡོད་ཁང་ཁྲི་དྲུག་སྟོང་གཅིག་ལྷག་འཛུགས་སྐྲུན་བྱས་པ་དང་། རོང་འབྲོག་ཁུལ་གྱི་ཁང་རྙིང་ཁྲི་བཞི་སྟོང་གསུམ་ལྷག་བསྒྱུར་བཀོད་བྱས།
མཚོ་ནུབ་ཁུལ་ཏང་ཨུ་དང་ཁུལ་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་ལ་མཐོང་ཆེན་བྱས་ཏེ། མི་རིགས་མཐུན་སྒྲིལ་གསར་འཛུགས་བྱ་འགུལ་སྤེལ་བ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་དཔལ་འབྱོར་འཕེལ་རྒྱས་ཀྱི་རྨང་གཞི་ལེགས་པོ་དང་མང་ཚོགས་ཀྱི་རྨང་གཞི་ལེགས་པོ། མི་རིགས་ཆོས་ལུགས་བྱ་བའི་རྨང་གཞི་ལེགས་པོ། ལོ་རྒྱུས་ཀྱི་རྨང་གཞི་ལེགས་པོ་བཏང་། སྔ་གཞུག་ཏུ«མཚོ་ནུབ་སོག་བོད་རང་སྐྱོང་ཁུལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་ཡར་སྐུལ་སྲོལ་ཡིག»དང«མཚོ་ནུབ་ཁུལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྔོན་སྐྱོད་ཁུལ་གསར་འཛུགས་བྱེད་པའི་འགན་འཁྲི་གཙོ་བོའི་རྩིས་ཐོ»སོགས་ལམ་ལུགས་རབ་དང་རིམ་པ་གཏན་འཁེལ་འགྲེམ་སྤེལ་བྱས་པས། དེང་སྐབས། ཁུལ་ཡོངས་ཀྱི་གསར་འཛུགས་བྱ་བར་བསྲུང་བྱའི་ཁྲིམས་སྲོལ་དང་སྒྲིག་ལམ་ཡོད། མི་རིགས་མཐུན་སྒྲིལ་སློབ་གསོ་ཁྱིམ་ཚང་དང་སྡོད་ཁུལ། སྡེ་བ། ཞང་གྲོང་། ལས་ཁུངས། སློབ་གྲྭ། ཁེ་ལས། དམག་ཁུལ་སོགས་སུ་བསྐྱོད་པའི་བྱ་འགུལ་སྤེལ་བ་དང་། ཁུལ་རིམ་པའི་མགོ་ཁྲིད་པ་དང་ལས་རིགས་སོ་སོའི་གཙོ་གཉེར་སྡེ་ཁག་གི་སྣེ་ཁྲིད་ནུས་པ་འདོན་སྤེལ་ལེགས་པོ་བྱས་ཤིང་། སྔ་གཞུག་ཏུ་ཁུལ་དང་རྫོང་རིམ་པ་གཉིས་ཀྱི་ཕན་ཚུན་ལྟ་ཞིབ་ཀྱི་ཡུལ་དངོས་ལྟ་སྦྱོང་སྐུལ་འདེད་བྱ་འགུལ་སྤེལ་ཏེ། གསར་འཛུགས་བྱ་བའི་ཆུ་ཚད་ཁྱོན་ཡོངས་ནས་མཐོར་འདེགས་སུ་བཏང་། སྔ་གཞུག་ཏུ་ཁུལ་ཡོངས་ཀྱི་སློབ་གྲྭ་ཆུང་འབྲིང་དང་མཁར་གྲོང་སྡོད་ཁུལ། ཁེ་ལས། ལས་ཁུངས་སྡེ་ཁག དམག་དཔུང་། སྲིད་ཁྲིམས་ཁོངས་གཏོགས། དངུལ་རྩའི་ཁོངས་གཏོགས་སོགས་ནས་ཕན་ཚུན་ལྟ་ཞིབ་བྱ་འགུལ་སྤེལ་ཏེ། ཁུལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་མཉམ་དུ་ཡར་ཐོན་ཡོང་བ་མངོན་འགྱུར་བྱས།
སློབ་གསོའི་ཕྱོགས་སུ་གྲུབ་འབྲས་བཟང་པོ་བླངས། ཉེ་བའི་ལོ་འགའི་རིང་ལ། མཚོ་ནུབ་ཁུལ་གྱིས་མུ་མཐུད་དུ་སློབ་གསོར་མ་དངུལ་གཏོང་ཤུགས་ཇེ་དྲག་ཏུ་བཏང་ཏེ། རྒྱུན་ཆད་མེད་པར་སློབ་སྒྲུབ་ཆ་རྐྱེན་ལེགས་བཅོས་བྱས་པས། སློབ་གསོ་འདྲ་མཉམ་ཐད་གྲུབ་འབྲས་མངོན་གསལ་ཐོབ་པ་དང་། སློབ་གསོའི་ལས་དོན་ལ་འཕེལ་རྒྱས་ཀྱི་གནས་བབ་བཟང་པོ་བྱུང་། 2010ལོ་ནས་བཟུང་། ཁུལ་དང་རྫོང་རིམ་པ་གཉིས་ཀྱི་ནོར་སྲིད་ཀྱིས་མ་དངུལ་བཏང་ཏེ། ཞིང་ཆེན་ཡོངས་སུ་ཐོག་མར་ལོ་བཅུ་གཉིས་ཀྱི་རིན་མེད་སློབ་གསོའི་སྲིད་ཇུས་ལག་བསྟར་བྱས་པ་དང་། 2016ལོའི་དཔྱིད་ཀའི་སློབ་མགོ་ཚུགས་པ་ནས་བཟུང་། ལོ་བཅོ་ལྔའི་རིན་མེད་སློབ་གསོ་ཁྱོན་ཡོངས་ནས་ལག་བསྟར་བྱས།
ཚན་རྩལ་ཕྱོགས་སུ་ཡང་གྲུབ་འབྲས་བཟང་པོ་བླངས། ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་ཚུན་ལ། མཚོ་ནུབ་ཁུལ་གྱིས་གསར་སྐྲུན་འཕེལ་རྒྱས་ཀྱི་འཐབ་ཇུས་ལག་བསྟར་བྱས་ཏེ། ཁྱོན་ཡོངས་ནས་ཚན་རྩལ་སྒྲིག་སྲོལ་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་། ཤུགས་ཕུད་དེ་ཚན་རྩལ་གསར་སྐྲུན་གྱི་དོ་དམ་ནུས་པ་དང་ཞབས་ཞུ་ཆུ་ཚད་མཐོར་འདེགས་བཏང་ཏེ། མཚོ་ནུབ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་ཚན་རྩལ་གྱི་འདེགས་སྐྱོར་འདོན་སྤྲོད་བྱས། ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་ཚུན་ལ། བསྡོམས་པས་ཚན་རྩལ་གྲུབ་འབྲས་ཆིག་བརྒྱ་དོན་གསུམ་བླངས་ཏེ། ཚན་རྩལ་གྲུབ་འབྲས་དང་བྱ་དགའི་བྱ་བ་དེ་ཞིང་ཆེན་ཡོངས་ཀྱི་མདུན་གྲས་སུ་བསླེབས།
རིག་གནས་ལུས་རྩལ་ཕྱོགས་སུ་གྲུབ་འབྲས་བཟང་པོ་བླངས། རིམ་བསགས་ཀྱིས་མ་དངུལ་སྒོར་དུང་ཕྱུར་དགུ་ལྷག་དངོས་འབེབས་བྱས་ཏེ། སྔ་གཞུག་ཏུ་མཚོ་ནུབ་ཁུལ་གྱི་དཔེ་མཛོད་ཁང་སོགས་གནད་སའི་རིག་གནས་ཞབས་ཞུ་སྒྲིག་ཆས་སྐོར་ཞིག་འཛུགས་སྐྲུན་བྱས། ཞང་གྲོང་རིག་གནས་ས་ཚིགས་དང་ཞིང་ཁྱིམ་དཔེ་ཀློག་ཁང་སོགས་ཀྱི་ཁེབས་ཚད་བརྒྱ་ཆའི་བརྒྱ་ལ་བསླེབས་ཏེ། སྤྱི་པའི་རིག་གནས་ཞབས་ཞུ་ནུས་ཤུགས་མངོན་གསལ་དུ་མཐོར་འདེགས་བྱུང་། ཚྭ་འདམ་གཞོང་མི་རིགས་རིག་གནས་སྒྱུ་རྩལ་དུས་ཆེན་སོགས་རིག་གནས་བྱ་འགུལ་ཆེན་པོ་བདེ་བླག་ངང་སྤེལ་ཏེ། མང་ཚོགས་ཀྱི་བདེ་སྐྱིད་ཀྱི་སྣང་ཚུལ་དང་ཡིད་ཚིམ་པའི་སྣང་ཚུལ་སྔར་ལས་ཇེ་མཐོར་སོང་། ཁུལ་ཡོངས་ཀྱི་ལུས་རྩལ་ར་བ་དང་ལུས་རྩལ་ཁང་གི་ཁེབས་ཚད་རྒྱ་ཆའི་གྱ་བརྒྱད་དང་བརྒྱ་ཆའི་དྲུག་ཅུ་ཡན་དུ་བསླེབས་པའི་མཁར་གྲོང་སྲང་ལམ་དང་། བརྒྱ་ཆའི་བཞི་ཅུ་ཡན་གྱི་ཞང་གྲོང་ལ་ལུས་རྩལ་རྩ་འཛུགས་བཙུགས་ཡོད།
ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་དུས་སྐབས་སུ། མཚོ་ནུབ་ཁུལ་གྱིས་དཔལ་འབྱོར་སྤྱི་ཚོགས་ལ་ཞབས་ཞུ་བྱས་ནས་ཆེ་ཕྱོགས་འཕེལ་རྒྱས་སུ་གཏོང་བ་གཞིར་བཟུང་ཏེ། དམངས་ཚིས་འགན་སྲུང་དང་ལེགས་བཅོས་བྱེད་པ་དམིགས་འབེན་དུ་བརྩི་བ་དང་། སྤྱི་ཚོགས་ཉེན་ཚབ་ལམ་ལུགས་འཐུས་ཚང་དུ་གཏོང་བ་གནད་སར་བརྩིས་ནས། ཁུལ་ཡོངས་ཀྱི་འཕེལ་རྒྱས་བརྟན་འཇགས་དང་གྲུབ་ཚུལ་ལེགས་སྒྲིག བཅོས་སྒྱུར་དམ་འཛིན། སྐྱེ་ཁམས་ཡར་སྐུལ། དམངས་ཚིས་ལ་ཕན་པ། བརྟན་འཇགས་སྲུང་སྐྱོབ་བཅས་ལ་ནུས་ཡོད་ཀྱི་འགན་སྲུང་དང་འདེགས་སྐྱོར་འདོན་སྤྲོད་བྱས།
དབུལ་སྐྱོར་ཕྱོགས་སུ་གྲུབ་འབྲས་མི་དམན་པ་བླངས། ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་ཚུན་ལ། མཚོ་ནུབ་ཁུལ་གྱིས་ཆེད་དམིགས་དབུལ་སྐྱོར་དང་ལས་རིགས་དབུལ་སྐྱོར། སྤྱི་ཚོགས་དབུལ་སྐྱོར་སོགས་དབུལ་སྐྱོར་གསར་སྤེལ་བྱེད་ཐབས་སྣ་ཚོགས་ལག་བསྟར་བྱས་པ་བརྒྱུད། ཁུལ་ཡོངས་ཀྱི་དབུལ་ཕོངས་མི་གྲངས་དེ་ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་དུས་མགོའི་མི་ཁྲི་ལྔ་སྟོང་གསུམ་ནས་མི་སྟོང་གཅིག་བདུན་བརྒྱ་ལྷག་ཏུ་ཇེ་ཉུང་ལ་སོང་ཞིང་། དབུལ་ཕོངས་མི་གྲངས་ཁྲི་ལྔ་སྟོང་གཅིག་སུམ་བརྒྱ་དབུལ་ཕོངས་ལས་ཐར། དབུལ་ཕོངས་མི་གྲངས་མི་རེའི་ཆ་སྙོམས་ཡོང་སྒོ་དེ་སྒོར་ཆིག་སྟོང་སུམ་བརྒྱ་ལྷག་ནས2015ལོའི་སྒོར་ཉིས་སྟོང་དགུ་བརྒྱ་ལྷག་ཏུ་འཕར། རིམ་བསགས་ཀྱིས་དབུལ་སྐྱོར་མ་དངུལ་སྣ་ཚོགས་སྒོར་དུང་ཕྱུར་བཅུ་གསུམ་ལྷག་བཏང་ཞིང་། དེའི་ནང་ནོར་སྲིད་ཀྱི་དབུལ་སྐྱོར་མ་དངུལ་སྒོར་དུང་ཕྱུར་ལྔ་ལྷག་འདུས་ཡོད། དབུལ་སྐྱོར་ལས་གཞི་ལག་བསྟར་བྱས་ནས་ཁུལ་ཡོངས་ཀྱི་དབུལ་ཕོངས་མི་གྲངས་མི་ཐེངས་འབུམ་གཅིག་ཁྲི་བཞི་ལྷག་ལ་ཕན་ཁེ་ཐོབ། ཁྱད་པར་དུ2015ལོའི་ཚུན་ལ། མཚོ་ནུབ་ཁུལ་གྱིས་མཚོ་ནུབ་ཁུལ་གྱི་ཐོན་ལས་འཕེལ་རྒྱས་དང་ས་གཞན་སུ་གནས་སྤོར་སོགས་དབུལ་ཐར་མཁྲེགས་གཏོར་བྱ་སྤྱོད་འཆར་གཞི་བརྒྱད་དང་འགྲིམ་འགྲུལ། ཆུ་བེད་སོགས་ལས་རིགས་བཅུ་ཡི་དབུལ་སྐྱོར་ཆེད་དོན་ཇུས་གཞི་གཏན་འཁེལ་འགྲེམ་སྤེལ་བྱས་པར་མ་ཟད། དབུལ་སྐྱོར་མཁྲེགས་གཏོར་གྱི་རྒན་གསོ་དང་དབང་བོ་སྐྱོན་ཅན་བདག་སྐྱོང་། དབུལ་ཕོངས་སློབ་མའི་སློབ་གསོ་སོགས་ལ་ཚོད་འཛིན་ཐེབས་པའི་གནད་དོན་གཙོ་བོ་ཐག་གཅོད་བྱེད་པ་ནས་མགོ་བརྩམས་ཏེ། བྱེད་ཐབས་ལེགས་པོ་གསུམ་གཏན་འཁེལ་འགྲེམ་སྤེལ་བྱས་པའི་དུས་མཚུངས་སུ། རང་ཁུལ་གྱི་དབུལ་ཕོངས་མི་གྲངས་དང་སྡེ་བ། རྫོང་བཅས་དབུལ་ཕོངས་ལས་ཐར་བར་ཁག་ཐེག་བྱེད་ཆེད། ཁུལ་ཏང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅོ་ལྔ་བའི་སྟེང«ཀྲུང་གོ་གུང་ཁྲན་ཏང་མཚོ་ནུབ་སོག་བོད་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་གི་ལོ་ནང་དུ་དབུལ་ཕོངས་མི་གྲངས་ཚང་མ་དབུལ་ཕོངས་ལས་ཐར་བར་བྱེད་པའི་སྐོར་གྱི་གྲོས་ཆོད»ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་ཏེ། ཕྱོགས་ཡོངས་ནས་དབུལ་ཐར་མཁྲེགས་གཏོར་གྱི་སྲིད་ཇུས་མ་ལག་ཆ་ཚང་བཙུགས།
རྒན་གསོ་ཉེན་ཚབ་ཕྱོགས་སུ་ཕན་འབྲས་ངེས་ཅན་བླངས། མཁར་གྲོང་ལས་བཟོ་བའི་རྒན་གསོ་ཉེན་ཚབ་དེ་ཁེ་ལས་སྣ་ཚོགས་དང་ལས་ཞུགས་མི་སྣ་ཡོངས་ལ་ཁེབས་ཤིང་། མིག་སྔར་རྒན་གསོ་ཉེན་ཚབ་ཁྲོད་ཞུགས་པའི་མི་གྲངས་འབུམ་གཅིག་ལྷག་ཏུ་བསླེབས་ཏེ། འགན་སྲུང་ཐོབ་དགོས་ས་ཚང་མར་འགན་སྲུང་ཐོབ། མཁར་གྲོང་སྡོད་དམངས་ཀྱི་གཞི་རྩའི་རྒན་གསོ་ཉེན་ཚབ་ཡོངས་སུ་ཁེབས་པ་མངོན་འགྱུར་བྱུང་བ་དང་། ལས་ཁུངས་ལས་དོན་སྡེ་ཁག་གི་མིག་སྔའི་འགན་སྲུང་ཉེན་ཚབ་ཁྲོད་ཞུགས་པའི་ལས་བཟོ་བ་ཁྲི་གཉིས་ལྷག་ཏུ་བསླེབས་ཡོད།
སྨན་བཅོས་ཉེན་ཚབ་ཐད་ཕན་འབྲས་བཟང་པོ་བླངས། མིག་སྔར་ཁུལ་ཡོངས་སུ་གཞི་རྩའི་སྨན་བཅོས་ཉེན་ཚབ་ཁྲོད་ཞུགས་པའི་མི་གྲངས་འབུམ་བཞིར་བསླེབས་པ་དང་། སྨན་བཅོས་ཉེན་ཚབ་ཁྲོད་ཞུགས་ཚད་བརྒྱ་ཆའི་གོ་བདུན་ལྷག་ཟིན། དེའི་ནང་མཁར་གྲོང་ལས་བཟོ་བ་འབུམ་གཅིག་ཁྲི་གསུམ་ལྷག་དང་མཁར་གྲོང་སྡོད་དམངས་འབུམ་གཉིས་ཁྲི་དྲུག་ལྷག་ཡོད།
ལས་ཤོར་ཉེན་ཚབ་ཕྱོགས་སུ་གྲུབ་འབྲས་བཟང་པོ་བླངས། མིག་སྔར་ལས་ཤོར་ཉེན་ཚབ་ཁྲོད་ཞུགས་པའི་ཁེ་ལས་སུམ་བརྒྱ་སུམ་ཅུ་དང་མི་ཁྲི་གསུམ་སྟོང་བརྒྱད་ལྷག་ཡོད་པ་དང་། ལས་ཤོར་ཉེན་ཚབ་ཁྲོད་ཞུགས་ཚད་བརྒྱ་ཆའི་གྱ་བདུན་དང་ཁེབས་ཚད་བརྒྱ་ཆའི་དགུ་ཅུར་བསླེབས།
ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་ཚུན་ལ། མཚོ་ནུབ་ཁུལ་གྱི་གནས་སྐོར་དཔལ་འབྱོར་མགྱོགས་མྱུར་ངང་འཕེལ་རྒྱས་བྱུང་། ཁུལ་ཡོངས་ཀྱིས་རིམ་བསགས་ཀྱིས་གནས་སྐོར་པ་མི་ཐེངས་བྱེ་བ་གཉིས་ས་ཡ་བཞི་ལྷག་སྣེ་ལེན་བྱས་ཤིང་། ལོ་རེར་ཆ་སྙོམས་ཀྱིས་བརྒྱ་ཆའི་བཅོ་ལྔ་འཕར། གནས་སྐོར་སྤྱིའི་ཡོང་སྒོ་སྒོར་དུང་ཕྱུར་ཆིག་བརྒྱ་ལྷག་བསྐྲུན་ཏེ། ལོ་རེར་ཆ་སྙོམས་ཀྱིས་བརྒྱ་ཆའི་སོ་གསུམ་འཕར།
ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་དུས་སྐབས་ནི་མཚོ་ནུབ་ཀྱིས་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པའི་གནད་འགག་གི་དུས་རིམ་ཡིན་ལ། དཔལ་འབྱོར་འཕར་སྟངས་བསྒྱུར་བར་སྐུལ་འདེད་བྱེད་པའི་མཁྲེགས་གཏོར་གྱི་དུས་སྐབས་ཀྱང་ཡིན། མཚོ་ནུབ་ཁུལ་གྱིས་ནན་ནན་ཏིག་ཏིག་བཞི་ཡི་བླང་བྱ་གལ་ཆེན་དང་མདུན་གྲས་སུ་བསྐྱོད་པ་གསུམ་གྱི་བྱེ་བྲག་གི་བླང་བྱ་ལྟར། ཆབ་སྲིད་དང་དཔལ་འབྱོར། རིག་གནས། སྤྱི་ཚོགས། སྐྱེ་ཁམས་དཔལ་ཡོན་སོགས་ཕྱོགས་སོ་སོའི་ཐད་ནས་ཞིང་ཆེན་ཡོངས་ཀྱི་མདུན་གྲས་དང་ཐ་ན་ནུབ་རྒྱུད་མི་རིགས་ས་ཁུལ་གྱི་མདུན་གྲས་སུ་བསྐྱོད་པའི་དམིགས་འབེན་ཆེན་པོ་དེ་མངོན་འགྱུར་བྱེད་པར་འབད་འཐབ་ལྷོད་མེད་བྱེད་རྒྱུ་རེད།
ལོ་ཙཱ་བ།སྒྲོལ་མ་སྐྱིད།