མཛེས་སྡུག་ལྡན་པའི་མདོག་གསུམ་པད་མ།
2016.12.27 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 25

 མགོ་ལོག་ཁུལ་གྱི་པད་མ་རྫོང་ནི་རྒྱལ་ཁབ་ནགས་ལས་ཅུའུ་ཡི་ཁ་གཏད་རོགས་སྐྱོར་རྫོང་ཡིན། 2010ལོ་ནས་བཟུང་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་བྱ་བ་སྤེལ་བའི་ཚུན་ལ། རྒྱལ་ཁབ་ནགས་ལས་ཅུའུ་ཡིས་མ་དངུལ་སྒོར་དུང་ཕྱུར་གཅིག་ལྷག་བཏང་ཏེ་པད་མ་རྫོང་དུ་རང་བྱུང་ནགས་ཚལ་སྲུང་སྐྱོབ་དང་རྨོ་བསྐྱུར་ནགས་འཛུགས། སྤྱི་ཕན་ནགས་ཚལ་གཙོ་བོ་སོགས་གནད་སའི་ནགས་ལས་སྐྱེ་ཁམས་བཟོ་སྐྲུན་འཛུགས་སྐྲུན་ལག་བསྟར་བྱས་པའི་དུས་མཚུངས་སུ། ཐོན་ལས་ལ་སྐུལ་འདེད་དང་སྟེགས་བུ་འཛུགས་སྐྲུན། རྨང་གཞི་སྲ་བརྟན་བཅས་ཀྱི་སྤྱིའི་བསམ་ཕྱོགས་གཞིར་བཟུང་ཏེ། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་། མགོ་ལོག་ཁུལ་ཏང་ཨུ་དང་སྲིད་གཞུང་། ཞིང་ཆེན་དང་ཁུལ་ནགས་ལས་གཙོ་གཉེར་སྡེ་ཁག་བཅས་ཀྱིས་ཤུགས་ཆེན་པོའི་རྒྱབ་སྐྱོར་འོག པད་མ་རྫོང་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་བྱེ་བྲག་གི་ལག་ལེན་རྒྱུན་ཆད་མེད་པར་གསར་སྐྲུན་དང་ཕུན་སུམ་ཇེ་ཚོགས་སུ་བཏང་ཞིང་། མ་དངུལ་སྒོར་བྱེ་བ་བཞི་ས་ཡ་དྲུག་ལྷག་བཏང་ཏེ་ཆེད་དམིགས་རོགས་སྐྱོར་ལས་གཞི་མང་པོ་སྤེལ་བ་དང་། པད་མ་རྫོང་ཏང་ཨུ་དང་སྲིད་གཞུང་དང་མཉམ་དུ་ལྗང་མདོག་གི་པད་མ་འཛུགས་སྐྲུན་ལ་སྐུལ་འདེད་བྱས་ཏེ། གྲུབ་འབྲས་མངོན་གསལ་བླངས།

གཅིག་ནས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་བྱས་ཏེ་རང་སྟེང་གི་འཕེལ་རྒྱས་ནུས་ཤུགས་ཇེ་དྲག་ཏུ་བཏང་། པད་མའི་བོད་ཇ་ནི་པད་མའི་ཁྱད་ལྡན་ཐོན་ཁུངས་ཡིན་ལ། ཚན་རྩལ་ཞིབ་འཇུག་སྡེ་ཁག་གིས་ཞིབ་བཤེར་ཚད་ལེན་དང་གསལ་འབྱེད་བྱས་པ་བརྒྱུད། དེ་ལ་མིའི་ལུས་ཕུང་བདེ་ཐང་ལ་ཕན་པའི་འཚོ་བཅུད་གྲུབ་ཆ་འདུས་ཤིང་། ཁྲག་ཚིལ་དང་ཁྲག་ཤེད།  ནད་དུག་དང་སྐྲན་འགོག་པ། དབྱང་དབུགས་མི་འདང་བ་སེལ་བ་སོགས་ཀྱི་ནུས་པ་ལྡན་ལ། རྒྱལ་ནང་གི་བོད་ཇ་ཐོན་ལས་ཚོང་ར་ནས་ཐོག་མར་འགྲེམ་མགོ་བརྩམས་པས། ཐོན་རྫས་མཁོ་སྤྲོད་མི་འདང་བའི་གནས་སུ་གྱུར་ཡོད། 2013ལོའི་ཟླ་བཅུ་བར། རྒྱལ་ཁབ་ནགས་ལས་ཅུའུ་ཡིས་ཆེད་མཁས་པ་པད་མར་མངག་ཏེ་བོད་ཇའི་ཐོན་ལས་འཕེལ་རྒྱས་ཀྱི་ལག་བསྟར་བྱེད་ཆོག་པའི་རིག་པའི་ཁུངས་སྐྱེལ་བྱ་བ་སྒྲུབ་ཏེ། པད་མས«པད་མ་རྫོང་གི་བོད་ཇའི་རྟེན་གཞི་འཛུགས་སྐྲུན་དང་ཐོན་ལས་འཕེལ་རྒྱས་ཀྱི་འཆར་འགོད»དང«པད་མ་རྫོང་གི་བོད་ཇ་ཐོན་ཁུངས་གསོ་སྐྱོང་ལས་གཞི་ལག་བསྟར་བྱེད་ཐུབ་མིན་གྱི་ཞིབ་འཇུག་སྙན་ཞུ»རྩོམ་སྒྲིག་བྱས་པར་རོགས་སྐྱོར་བྱས་ཤིང་། 2014ལོ་ནས2016ལོའི་བར། བསྟུད་མར་ལོ་གསུམ་གྱི་ནང་རྒྱལ་ཁབ་ནགས་ལས་ཅུའུ་ཡིས་སོ་སོར་ཞིང་ལས་ཕྱོགས་བསྡུས་གསར་སྤེལ་བོད་ཇ་རྟེན་གཞི་འཛུགས་སྐྲུན་དང་ཐོན་རྫས་ལས་སྣོན། བོད་ཇའི་མྱུ་གུ་གསོ་སྐྱོང་གི་ཁ་གསབ་སོགས་ཕྱོགས་ནས་པད་མར་སྒོར་ས་ཡ་བརྒྱད་ལྷག་གི་རོགས་སྐྱོར་བྱས་ནས་བོད་ཇའི་ཐོན་ལས་གོང་དུ་སྤེལ། ལོ་གསུམ་གྱི་རིང་ལ་འབད་བརྩོན་བྱས་ཏེ། པད་མ་རྫོང་གིས་མཚོ་སྔོན་ནས་མུའུ་ཁྲི་གཅིག་གི་བོད་ཇ་འདེབས་འཛུགས་རྟེན་གཞི་དང་པོ་འཛུགས་སྐྲུན་བྱས་ཤིང་། བོད་ཇ་འདེབས་འཛུགས་ཀྱི་གཞི་ཁྱོན་མུའུ་ཁྲི་གཅིག་སྟོང་བཞི་ལྷག་ཏུ་བསླེབས། བོད་ཇ་ལས་སྣོན་གྱི་ཐོན་སྐྱེད་བྱེད་ས་ཐོག་མ་བཙུགས་ཏེ། ལོ་རེར་བོད་ཇ་རྒྱ་མ་སྟོང་གཅིག་ཡན་ལས་སྣོན་བྱས་པར་མ་ཟད་ཐོན་ཚད་ལོ་རེ་བཞིན་འཕར་སྣོན་བྱུང་ཏེ། མཚོ་སྔོན་གྱི་བོད་ཇ་ཐོན་ལས་འཕེལ་རྒྱས་ཀྱི་སྟོང་ཆ་བསྐངས། བོད་ཇའི་མྱུ་གུ་གསོ་སྐྱོང་རྟེན་གཞི་བཙུགས་ཏེ། བོད་ཇའི་རྟེན་གཞི་འཛུགས་སྐྲུན་ལ་སྤུས་ལེགས་མྱུ་གུ་འདོན་སྤྲོད་བྱས། པད་མའི་བོད་ཇ2015ལོའི་ཧྲང་ཧེ་གྲོང་ཁྱེར་རྒྱལ་སྤྱིའི་སྟོན་ཁའི་ཇ་ལོ་འགྲེམ་སྟོན་ཚོགས་འདུར་ཞུགས་ཏེ། ཧྲང་ཧེ་གྲོང་ཁྱེར་གྱི་སྡོད་དམངས་དང་ཚོང་བ་རྣམས་ཀྱི་དགའ་བསུ་ཐོབ་པར་མ་ཟད། རྒྱལ་གཉེར་མགྲོན་ཁང་གི་སྣེ་ལེན་བྱེད་པའི་ཆེད་བཀོལ་བཏུང་ཇར་གཏན་འཁེལ་བྱས།

མིག་སྔར་རྒྱལ་ཁབ་ནགས་ལས་ཅུའུ་ཡིས་པད་མར་རོགས་སྐྱོར་བྱས་ཏེ་བོད་ཇ་ཐོན་རྫས་ལས་སྣོན་དང་མྱུ་གུ་གསོ་སྐྱོང་། འདེབས་འཛུགས་དཔེ་སྟོན། ཚན་རྩལ་ཞིབ་འཇུག་གསོ་སྦྱོང་བཅས་གཞི་གཅིག་ཡིན་པའི་མཚོ་སྔོན་གྱི་བོད་ཇ་ཐོན་ལས་ར་བ་ཐོག་མ་འཛུགས་སྐྲུན་བྱས། བོད་ཇ་ཐོན་ལས་དེ་པད་མ་སྨར་ཁོག་ཆུ་བོ་འགྲམ་གཉིས་ཀྱི་རོང་འབྲོག་མང་ཚོགས་དབུལ་ཐར་ཕྱུག་བསྒྱུར་གྱི་ཐོན་ལས་གཙོ་བོར་གྱུར་ཞིང་། མཚོ་སྔོན་ཞིང་ཆེན་གྱི་སྔོན་ཆད་ཀྱི་མགོ་ཁྲིད་པ་གཙོ་བོ་དག་གིས་སྔ་གཞུག་ཏུ་པད་མ་རྫོང་གི་བོད་ཇ་འདེབས་འཛུགས་རྟེན་གཞིར་རྟོག་ཞིབ་བྱེད་དུ་སོང་ནས། གྲུབ་འབྲས་ལ་གདེང་འཇོག་གང་ལེགས་གནང་ཞིང་། ཐོན་ལས་འཕེལ་རྒྱས་ཐད་མཛུབ་སྟོན་བསམ་འཆར་བཏོན། པད་མ་རྫོང་གིས་བོད་ཇ་ཐོན་ལས་གོང་དུ་སྤེལ་བའི་གནས་ཚུལ་དེ་ཀྲུང་དབྱང་བརྙན་འཕྲིན་ཁང་དང་མཚོ་སྔོན་ཉིན་རེའི་ཚགས་པར། མཚོ་སྔོན་བརྙན་འཕྲིན། ཞིན་ཧྭ་དྲ་ཚིགས། ཀྲུང་གོ་ནགས་ལས་དྲ་ཚིགས། མཚོ་སྔོན་ནགས་ལས་འཕྲིན་གསར་དྲ་ཚིགས་སོགས་སྨྱན་བྱད་མང་པོས་བསྒྲགས་ཏེ། སྤྱི་ཚོགས་ཀྱི་ཕན་འབྲས་བཟང་པོ་ཐོབ།

གཉིས་ནས་ལྗང་མདོག་འཕེལ་རྒྱས་ཀྱི་སྟེགས་བུ་འཛུགས་སྐྲུན་བྱས་ཏེ། སྐྱེ་ཁམས་སྲུང་སྐྱོབ་དང་འཕེལ་རྒྱས་ཀྱི་བར་སྟོང་སྙོམས་སྒྲིག་བྱས།

2015ལོར། རྒྱལ་ཁབ་ནགས་ལས་ཅུའུ་ཡིས་མཚོ་སྔོན་པད་མ་སྨར་ཁོག་ཆུ་བོ་རྒྱལ་ཁབ་བརླན་ས་སྤྱི་གླིང་ཚོད་ལྟ་འཛུགས་སྐྲུན་ལ་ཆོག་མཆན་བཀོད་པ་དང་། ཚོད་ལྟའི་དུས་ཡུན་ལོ་ལྔ་ཡིན་པར་མ་ཟད། 2016ལོའི་བརླན་ས་སྲུང་སྐྱོབ་ཀྱི་སྲིད་གཞུང་བྱ་དགའི་མ་དངུལ་སྒོར་ས་ཡ་བརྒྱད་དངོས་འབེབས་བྱས་ཏེ། རིམ་བཞིན་མཐོ་སྒང་གི་བརླན་སའི་སྐྱེ་ཁམས་བྱེད་ནུས་དང་མཛེས་ལྗོངས་སྲུང་སྐྱོབ་དང་སླར་གསོ། བརླན་སའི་ཐོན་ཁུངས་ལུགས་མཐུན་བེད་སྤྱོད་དང་བརླན་སའི་ཚན་རྩལ་ཁྱབ་སྤེལ་དྲིལ་སྒྲོག་སློབ་གསོ་སྤེལ་བ་དང་། ཁྱོན་ཡོངས་ནས་སྲུང་སྐྱོབ་དང་གནད་ས་སླར་གསོ། ལུགས་མཐུན་བེད་སྤྱོད། རྒྱུན་མཐུད་འཕེལ་རྒྱས། དམངས་སྲོལ་རིག་གནས། བཟའ་བཏུང་རིག་གནས་སོགས་ཐོན་ཁུངས་ནུས་ཡོད་སྒོས་ཟུང་འབྲེལ་བྱས་ཏེ། མཐོ་སྒང་གི་མཁར་གྲོང་ཆུང་བའི་རིག་གནས་མིང་གྲགས་ཇེ་མཐོར་སོང་བའི་དུས་མཚུངས་སུ། མཁར་གྲོང་སྡོད་དམངས་དང་གནས་སྐོར་པའི་ངལ་གསོའི་བར་སྟོང་ཇེ་ལེགས་སུ་གྱུར། དེ་ལས་གཞན། 2013ལོའི་ཟླ་བརྒྱད་པར། རྒྱལ་ཁབ་ནགས་ལས་ཅུའུ་ཡིས་ནགས་ལས་ཀྱི་བོད་སྐྱོར་འཛུགས་སྐྲུན་གྱི་མཛེས་སྡུག་ཞིང་སྡེའི་བྱ་འགུལ་སྤེལ་ཏེ། པད་མ་རྫོང་དྷི་མདའ་ཞང་གི་དགེ་རྩེ་སྡེ་བ་དེ་སྐོར་ཐེངས་དང་པོའི་མཛེས་སྡུག་གི་ཞིང་སྡེ་འཛུགས་སྐྲུན་ཚོད་ལྟའི་ཁྲོད་བཞག་ཅིང་། ཀོང་ཏུང་ཞིང་ཆེན་ནགས་ལས་ཐིན་གྱིས་མ་དངུལ་སྒོར་ས་ཡ་གཅིག་བཏང་ཏེ། སྡེ་བའི་ལམ་དང་མི་ཕྱུགས་ཀྱི་འཐུང་ཆུ། སྡེ་བའི་ཁོར་ཡུག་སོགས་ལེགས་བཅོས་བྱས་ཤིང་། སྡེ་བའི་བྱ་འགུལ་ཁང་དང་རིགས་གནས་ཐང་ཆེན། ལུས་རྩལ་སྒྲིག་ཆས་བཅས་ཉམས་གསོ་བྱས་པ། བསམ་པའི་དཔལ་ཡོན་ཡར་ཐོན་ལ་སྐུལ་འདེད་བྱས་པ། བོད་ཇ་དང་ཤ་མོ། མྱུ་གུ་གསོ་སྐྱོང་སོགས་ནགས་ལས་ཐོན་ལས་གོང་དུ་སྤེལ་ཏེ། རོང་འབྲོག་མང་ཚོགས་ཀྱི་ཡོང་སྒོ་འཕར་སྣོན་བྱས་པ་དང་བོད་ཁམས་ཀྱི་མཛེས་སྡུག་གི་ཁྱིམ་གཞིས་དང་སྐྱེ་ཁམས་ཀྱི་ཁྱིམ་གཞིས། འཆམ་མཐུན་གྱི་ཁྱིམ་གཞིས་བཅས་འཛུགས་སྐྲུན་བྱས།

གསུམ་ནས་ནགས་ཚལ་མེ་ཟོན་གྱི་རྨང་གཞི་སྲ་བརྟན་ཏུ་བཏང་ཏེ། ནགས་ཚལ་ཐོན་ཁུངས་བདེ་འཇགས་འགན་སྲུང་བྱས།

པད་མ་རྫོང་སྨར་ཁོག་ཆུ་བོའི་ནགས་ཁུལ་ནི་མཚོ་སྔོན་གྱི་ཆེས་ཆེ་བའི་རང་བྱུང་གདོད་མའི་ནགས་ཁུལ་ཡིན་ལ། མཚོ་སྔོན་གྱི་མེ་ཉེན་འགོག་སྲུང་ཁུལ་གཙོ་བོའང་ཡིན། འགྲིམ་འགྲུལ་དང་འཕྲིན་གཏོང་། མེ་འགོག་སྒྲིག་བཀོད་སོགས་རྨང་གཞི་སྒྲིག་ཆས་རྗེས་ལུས་ཡིན་པས། དེ་སྔ་མོ་ནས་ཤེས་པ་དང་བཀོད་སྒྲིག ཐག་གཅོད་བཅས་བྱེད་དཀའ་བ་རེད། 2012ལོར་ཁ་གཏད་རོགས་སྐྱོར་ལས་གཞི«པད་མ་རྫོང་གི་ནགས་ཚལ་མེ་ཉེན་འགོག་སྲུང་ཁུལ་གཙོ་བོ་ཕྱོགས་བསྡུས་བཅོས་སྐྱོང་ལས་གཞི་ལག་བསྟར་བྱེད་ཐུབ་མིན་གྱི་ཞིབ་འཇུག་སྙན་ཞུ»ལ་རྒྱལ་ཁབ་ནགས་ལས་ཅུའུ་ཡི་ཆོག་མཆན་ཐོབ་ལ། མ་དངུལ་སྒོར་ས་ཡ་དགུ་ལྷག་གཏོང་བར་ཆོག་མཆན་བཀོད་དེ། པད་མ་རྫོང་གི་ནགས་ཚལ་མེ་འགོག་སྒྲིག་བཀོད་ལེགས་བཅོས་དང་། ནགས་ཚལ་མེ་འགོག་ནུས་ཤུགས་ཇེ་དྲག་ཏུ་བཏང་། 2015ལོར་བྱུང་བའི་ནགས་ཚལ་མེ་སྐྱོན་ཐེངས་འགའི་ནང་ཕན་ནུས་ལེགས་པོ་ཐོན་ཏེ། ནགས་ཚལ་ཐོན་ཁུངས་ཀྱི་གྱོང་གུད་ཇེ་ཉུང་དུ་བཏང་། 2016ལོར་རྒྱལ་ཁབ་ནགས་ལས་ཅུའུ་ཡིས་མུ་མཐུད་དུ་པད་མ་རྫོང་གི་ནགས་ཚལ་མེ་འགོག་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་ལ་ཤུགས་བསྣན་ཏེ། «པད་མ་རྫོང་གི་ནགས་ཚལ་གནད་སའི་མེ་ཉེན་འགོག་སྲུང་ཁུལ་ཕྱོགས་བསྡུས་བཅོས་སྐྱོང་དུས་སྐབས་གཉིས་པའི་བཟོ་སྐྲུན་འཛུགས་སྐྲུན་ལས་གཞི་ལག་བསྟར་བྱེད་ཐུབ་མིན་གྱི་ཞིབ་འཇུག་སྙན་ཞུ»ལ་ཆོག་མཆན་འགོད་རྩིས་ཡོད་པ་དང་། སྔོན་དཔག་བྱས་ན་མ་དངུལ་སྒོར་བྱེ་བ་གཅིག་ཡས་མས་བཏང་ཏེ། པད་མ་རྫོང་གི་ནགས་ཚལ་མེ་འགོག་སྒྲིག་ཆས་དང་ནགས་ཚལ་མེ་འགོག་ལྟ་སྐུལ་ཚོད་འཛིན་མ་ལག མེ་འགོག་འཕྲིན་གཏོང་བཟོ་སྐྲུན། བཀོད་འདོམས་ལྟེ་གནས་སོགས་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་ལ་རོགས་སྐྱོར་བྱས་ཏེ། ཡང་བསྐྱར་པད་མ་རྫོང་གི་ནགས་ཚལ་མེ་འགོག་ནུས་ཤུགས་ཇེ་མཐོར་གཏོང་རྒྱུ་རེད།
 

ལོ་ཙཱ་བ།སྒྲོལ་མ་སྐྱིད།