ཉིས་སྟོང་བཅོ་ལྔ་ལོའི་ཟླ་བཅུ་གཉིས་པའི་ཚེས་དགུའི་ཉིན། ཀྲུང་དབྱང་གིས་ཕྱོགས་ཡོངས་ནས་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བའི་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས་བཅུ་དགུ་པའི་སྟེང་གྲོས་ཞིབ་བྱས་ནས་ཀྲུང་གོ་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ཚོད་ལྟའི་སྒྲིག་སྲོལ་ཀྱི་ཇུས་གཞི་ལ་གྲོས་འཆམ་བྱུང་རྗེས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་གྲོས་ཚོགས་ཀྱིས་ཀྲུང་གོ་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ཚོད་ལྟའི་སྒྲིག་སྲོལ་འགོ་རྩོམ་པའི་བྱ་བར་ཞིབ་འཇུག་བྱས་ནས་བཀོད་སྒྲིག་བྱས། གཙང་གསུམ་འབྱུང་ཡུལ་གྱིས་རྒྱལ་ཁབ་སྤྱི་གླིང་གསར་འཛུགས་བྱེད་པའི་གནས་བབ་གསར་བའི་དུས་རབས་བསུས།
ད་ལོའི་དགུན་ཁར་མཚོ་སྔོན་ཉིན་རེའི་ཚགས་པར་ཁང་གི་གསར་འགོད་པ་དཀའ་ཚགས་ལ་མ་འཛེམ་པར་གཙང་གསུམ་འབྱུང་ཡུལ་གྱི་རྨ་སྟོད་དང་རྫ་སྟོད། གཅིག་སྒྲིལ། ཆུ་དམར་ལེབ་སོགས་ཀྱི་ས་ཆར་སོང་ནས་གཞི་རིམ་གྱི་ལས་བྱེད་པ་དང་མང་ཚོགས་ལ་བཅར་འདྲི་བྱས་ཏེ་ཁོ་ཚོས་གཙང་གསུམ་འབྱུང་ཡུལ་ལ་སྲུང་སྐྱོབ་བྱས་པའི་སེམས་གཏམ་ལ་ཉན་པ་དང་ཁོ་ཚོས་དཀའ་སྤྱད་སྡུག་རེས་ཀྱིས་བསྐྲུན་བའི་བྱས་རྗེས་ལ་བལྟས། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་དང་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གཉིས་ཀྱི་གོང་འོག་བར་གསུམ་དུ་སྐྱེ་ཁམས་སྲུང་སྐྱོབ་དང་སླར་གསོ་བྱེད་པའི་བྱ་བ་ཤུགས་ཆེན་གྱིས་དར་སྤེལ་དུ་གཏོང་བཞིན་པ་དང་ཏན་ཏན་ཏིག་ཏིག་གིས་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ཚོད་ལྟའི་སྒྲིག་སྲོལ་གྱི་བྱ་བར་ཡར་སྐུལ་བྱེད་བཞིན་པའི་སྒང་རེད།
ད་ལོའི་ཟླ་བཅུ་གཉིས་པའི་ནང་གཙང་གསུམ་འབྱུང་ཡུལ་གྱི་འབྲི་ཆུའི་འབྱུང་ཁུངས་གླིང་ཁུལ་ཨ་ཆེན་གངས་རྒྱབ་ས་ཁུལ་གྱི་འབྲི་སྟོད་དོ་དམ་ཁྲུའུ་ཐོན་ཁུངས་ཁོར་ཡུག་ཁྲིམས་འཛིན་ལག་བསྟར་ཅུའུ་ལག་བསྟར་རུ་ཁག་གི་རུ་གཙོ་གཞོན་པ་བྱམས་པ་ཤེས་རབ་ཀྱིས་དུས་ལྟར་བྱ་བ་ལག་བསྟར་བྱེད་པར་བསྒུག་ཡོད། ཁོས་རྫོང་གི་ནགས་ཚལ་སྤྱི་བདེ་དང་རྒྱལ་ཁོངས་ཐོན་ཁུངས། ཁོར་ཡུག་སྲུང་སྐྱོབ་སོགས་སྡེ་ཁག་གི་ལས་གྲོགས་རྩ་འཛུགས་བྱས་ནས་ཁྲིམས་འཛིན་ལག་བསྟར་རུ་ཁག་རྒྱང་རིང་གི་ཟོ་སྐྱ་ཞང་ལ་འགྲོ་རྩིས་ཡོད།
བྱམས་པ་ཤེས་རབ་ནི་སྔོན་ཆད་འབྲི་སྟོད་རྫོང་ཆུ་བེད་ཅུའུ་ཆུ་བེད་འགན་སྲུང་ཅུའུ་ཡི་ཅུའུ་ཀྲང་ཡིན། ད་ལོར། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ཚོད་ལྟའི་སྒྲིག་སྲོལ་འགོ་བརྩམས་པ་དང་། འབྲི་སྟོད་རྫོང་གིས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་བཅས་ཀྱི་འཆར་འགོད་ལྟར། རྫོང་ཡོངས་ཀྱི་རྒྱལ་ཁོངས་དང་ཁོར་ཡུག ཆུ་བེད། ཞིང་ཕྱུགས་ལས་སོགས་སྡེ་ཁག་གི་སྒྲིག་ལུགས་དང་འགན་ནུས། ཁྲིམས་ལག་བསྟར་བྱེད་པའི་ནུས་པ་བཅས་དག་ཐེར་དང་ལེགས་སྒྲིག་བྱས་ཏེ་དབང་ཆ་དང་འགན་ཁུར་གསལ་བོ་བྱེད་པའི་དོ་དམ་མ་ལག་ཞིག་བཙུགས་པ་མ་ཟད། བྱ་བ་དེ་མགྱོགས་མྱུར་ངང་སྐྱེ་ཁམས་སྲུང་སྐྱོབ་བྱེད་པའི་བྱ་བའི་ཁྲོད་ནས་ལག་ལེན་བྱས།
འབྲི་སྟོད་ནི་འབྲི་ཆུའི་འགོ་ཁུངས་ཀྱི་རྫོང་དང་པོ་ཡིན་ལ། ཨ་ཆེན་གངས་རྒྱབ་ཡང་འབྲི་སྟོད་རྫོང་གི་ཁོངས་སུ་གནས། གནས་དེ་རུ་རི་སྐྱེས་སྲོག་ཆགས་དང་རྩྭ་དང་རྩྭི་ཤིང་གི་ཐོན་ཁུངས་ཕུན་སུམ་ཚོགས་པས་སྐྱེ་ཁམས་ཀྱི་ས་གནས་གལ་ཆེན་ཞིག་ཡིན། ལྷག་པར་དུ་ཟོ་སྐྱ་ཞང་དུ་ཁོར་ཡུག་སྲུང་སྐྱོབ་བྱེད་མཁན་རྒྱས་བཟང་བསོད་ནམས་དར་རྒྱས་ཀྱི་ཤུགས་རྐྱེན་ཐེབས་ཏེ་འབྲོག་དམངས་ཚང་མས་ཁོར་ཡུག་སྲུང་སྐྱོབ་དགོས་པའི་དགོས་གལ་རང་བཞིན་ཤེས་པ་དང་འབྲོག་དམངས་ཚང་མས་སྐྱེ་ཁམས་ཁོར་ཡུག་ལ་གཅེས་སྐྱོང་བྱེད་པ། འབྲོག་དམངས་ཚང་མས་རི་སྐྱེས་སྲོག་ཆགས་ལ་སྲུང་སྐྱོབ་བྱེད་པ་བཅས་ཀྱི་སྲུང་སྐྱོབ་ཀྱི་རྣམ་པ་ལེགས་པོ་ཞིག་ཆགས་ཡོད་པ་མ་ཟད། ཟོ་སྐྱ་ཞང་དུ་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་ས་ཁོངས་ཆེ་ཆུང་བདུན་ཅུ་དོན་གཅིག་བཙུགས།
བྱམས་པ་ཤེས་རབ་གནས་དེ་རུ་འགྲོ་བར་དམིགས་ཡུལ་གཉིས་ཡོད། 224 ཞིང་ཆེན་རིམ་པའི་གཞུང་ལམ་འཛུགས་སྐྲུན་བྱེད་པའི་འགན་དབང་ཁུར་བའི་སྡེ་ཁག་ལ་གཞུང་ལམ་འཛུགས་སྐྲུན་བྱེད་པའི་ལག་རྟགས་ཡོད་མེད་ལ་ཞིབ་བཤེར་བྱེད་པ་དང་། ཟོ་སྐྱ་ཞང་གི་སྤྱིའི་འཐུང་ཆུའི་བདེ་འཇགས་འཛུགས་སྐྲུན་བྱེད་པའི་བཟོ་སྐྲུན་ཡོངས་ལ་ཞིབ་བཤེར་རྩིས་ལེན་བྱས། ཟོ་སྐྱ་ཞང་གི་འབྲོག་པ་མང་ཚོགས་ལ་ཁོར་ཡུག་སྲུང་སྐྱོབ་ཤེས་བྱ་དྲིལ་སྒྲོག་བྱེད་པ་བཅས་ཡིན།
གསར་འགོད་པ་དང་བྱམས་པ་ཤེས་རབ་སོགས་འབྲི་སྟོད་རྫོང་ནས་ལམ་ལ་ཆས་པ་དང་ཁོ་ཚོ་འགྲོ་ཞོར་དུ་ཁ་བརྡ་བྱས། བྱམས་པ་ཤེས་རབ་ཀྱིས་བཤད་རྒྱུར། སང་ལོ་ནས་བཟུང་སྟེ། རྡོ་ཚེ་ཞང་ནས་ཟོ་སྐྱ་ཞང་བར་གྱི་ཞིང་ཆེན་རིམ་པའི་གཞུང་ལམ་224 འཛུགས་སྐྲུན་བྱེད་རྒྱུ་ཡིན་པ་དང་། གཞུང་ལམ་དེ་དུམ་ཚིགས་དྲུག་ཏུ་བགོས་ཡོད་ལ། དུམ་ཚིགས་རེ་རེའི་འཛུགས་སྐྲུན་བྱེད་པའི་ལས་གཞི་སྡེ་ཁག་ད་ལྟ་འཛུགས་སྐྲུན་བྱེད་ཡུལ་དུ་བསྡད་ཡོད། ང་ཚོ་ད་ཐེངས་མར་སོང་ནས་འཛུགས་སྐྲུན་བྱེད་སྐབས་ཀྱི་གད་སྙིགས་ཇི་ལྟར་ཐག་གཅོད་བྱེད་པ་དང་ས་ཆུ་སྲུང་འཛིན་བྱེད་པའི་ཇུས་གཞིར་ཞིབ་བཤེར་བྱེད་དགོས་པ་མ་ཟད། ད་དུང་ཁོ་ཚོར་སྐྱེ་ཁམས་ཁོར་ཡུག་སྲུང་བྱེད་དགོས་པའི་གནས་ལུགས་བཤད་དགོས་ཞེས་ཟེར།
དུས་ཚོད་གཉིས་འགོར་རྗེས་ཁོ་ཚོའི་རླངས་འཁོར་རྡོར་ཚེ་ཞང་གི་མངའ་ཁོངས་སུ་ཐོན་པ་དང་གཞུང་ལམ་འཛུགས་སྐྲུན་བྱེད་པའི་ས་ཚིགས་དང་པོ་མིག་ལམ་དུ་མངོན་བྱུང་། ལས་གཞི་འཛུགས་སྐྲུན་སྡེ་ཁག་གི་ལས་བཟོ་བ་རྣམས་ཀྱིས་ཁོ་ཚོ་འདུག་སའི་རས་གུར་ཕུབས་བཞིན་ཡོད། བྱམས་པ་ཤེས་རབ་དང་ལས་གཞི་སྡེ་ཁག་གི་འགན་ཁུར་བས་བཤད་རྒྱུར། ཁྱེད་ཚོས་གཞུང་ལམ་ལས་སྐབས་གད་སྙིགས་མང་པས་དེ་གཅིག་གྱུར་གྱིས་གནས་གཅིག་ཏུ་བསྡུས་ནས་ཐག་གཅོད་བྱེད་དགོས། གཞུང་ལམ་འཛུགས་སྐྲུན་བྱས་ཚར་རྗེས་རྩྭ་ཐང་དུ་ག་ས་གང་དུ་གད་སྙིགས་ཀྱིས་བཀང་མི་རུང་པ་དང་། གཞུང་ལམ་འཛུགས་སྐྲུན་བྱེད་སྐབས་རི་སྐྱེས་སྲོག་ཆགས་འཚོ་གནས་ཀྱི་ཁོར་ཡུག་ལ་གནོད་པ་ཐེབས་སུ་འཇུག་མི་རུང་། ང་ཚོའི་འབྲོག་དམངས་ཀྱིས་ཁྱེད་ཚོར་ལྟ་རྟོག་བྱེད་ངེས་ཡིན་ལ། ཁྱེད་ཚོར་ཀྱང་སྐྱེ་ཁམས་བཟོ་སྐྲུན་གྱི་འདུ་ཤེས་ཡོད་དགོས་ཟེར།
དེའི་རྗེས་སུ་བྱམས་པ་ཤེས་རབ་དང་ལས་གྲོགས་རྣམས་ཀྱིས་ཨར་ལས་ལག་རྟགས་དང་ས་ཆུ་སྲུང་འཛིན་བྱེད་པའི་ཇུས་གཞིར་ལྟ་ཞིབ་བྱས་རྗེས། ལས་གཞི་སྡེ་ཁག་གི་འགན་ཁུར་བར་མྱུར་དུ་དོ་དམ་ས་ཚིགས་སུ་སོང་ནས་ཡིག་ཚགས་འགོད་དགོས་ཟེར། བྱམས་པ་ཤེས་རབ་སོགས་འགྲོ་ཞོར་དང་ལྟ་ཞིབ་བྱེད་ཞོར་བྱས་ནས་གནད་དོན་ཡོད་པའི་ལས་གཞི་སྡེ་ཁག་ལ་ཞིབ་བཤེར་བྱས་ནས་ལེགས་བཅོས་བྱས།
ད་ལོར་འབྲི་སྟོད་རྫོང་གིས་གནད་ཕིགས་དབུལ་སྐྱོར་དང་ཟུང་དུ་སྦྲེལ་ཏེ་མ་དངུལ་སྒོར་ས་ཡ་བཞི་དང་འབུམ་བརྒྱད་བཏང་ནས་སྤྱིའི་འཐུང་ཆུའི་བདེ་འཇགས་བཟོ་སྐྲུན་འཛུགས་སྐྲུན་བྱེད་པ་ལག་བསྟར་བྱས་པ་དང་། ཟོ་སྐྱ་ཞང་རྐྱང་ཆུ་སྡེ་བ་དང་འདམ་ཆུ་སྡེ་བའི་མི་གྲངས་མང་པོ་འདུས་སྡོད་བྱེད་ས་རུ་དོང་ཆུ་བརྒྱད་ཅུ་གྱ་བཞི་བརྐོས་པ་དང་དོང་ཆུ་རེ་རེའི་ཟབ་ཚད་ལ་མུས་སོ་ལྔ་ནས་མུས་ཞེ་ལྔ་ཡོད།
བྱམས་པ་ཤེས་རབ་ཀྱིས་གསར་འགོད་པར་བཤད་རྒྱུར། དོང་ཆུ་བརྐོ་སྐབས་འབྲོག་ཁྱིམ་རེ་རེ་ནི་དོང་ཆུའི་བདག་པོ་ཡིན་ལ་དོང་ཆུ་བརྐོ་བར་ལྟ་རྟོག་བྱེད་མཁན་ཡང་ཡིན། ཁོ་ཚོས་དོང་ཆུ་བརྐོ་བའི་བཟོ་སྐྲུན་གྱི་རྒྱུ་སྤུས་ལ་ལྟ་རྟོག་བྱེད་པ་དང་མཉམ་དུ་ད་དུང་བཟོ་སྐྲུན་བྱེད་མཁན་གྱིས་རྩྭ་ཐང་གི་སྐྱེ་ཁམས་ལ་གཏོར་བརླག་བྱས་ཡོད་མེད་ལ་ལྟ་རྟོག་བྱེད་དགོས། ང་ཚོས་ད་ཐེངས་ཁྲིམས་འགལ་གྱི་བྱ་བ་ཡོད་ཚེ་ཐག་གཅོད་བྱེད་པ་མ་ཟད། ད་དུང་འབྲོག་དམངས་ལ་ཆུའི་ཐོན་ཁུངས་ཀྱི་གལ་ཆེན་རང་བཞིན་དྲིལ་སྒྲོག་བྱས་ནས་འབྲོག་པ་མང་ཚོགས་ཀྱིས་ཆུའི་ཐོན་ཁུངས་སྲུང་སྐྱོབ་བཟང་པོ་བྱེད་དགོས་པའི་འབོད་སྐུལ་གཏོང་དགོས་ཟེར།
ཟོ་སྐྱ་ཞང་དུ་འགྲོ་བའི་ལམ་ཐག་རིང་པ་དང་ང་ཚོའི་རླངས་འཁོར་ཡང་ལམ་དུ་འགྲོ་ཞོར་དང་ལྟ་ཞོར་བྱས་ནས་སོང་། འབྲོག་ཁྱིམ་རེ་རེའི་སྒོ་ཁ་ནས་བྱམས་པ་ཤེས་རབ་ཀྱིས་འབྲོག་མི་རྣམས་ལ་འཚམས་འདྲི་བྱས་ཏེ་ཁྱེད་ཚོའི་ཐོན་སྐྱེད་གད་སྙིགས་ག་ས་གང་དུ་མི་འཕེན་པ་དང་། ལྷག་པར་དུ་གད་སྙིགས་ཆུའི་ནང་དུ་འཕེན་མི་རུང་། རྩྭ་ཐང་དང་ཆུ་བོ་ནི་ང་ཚོའི་འབྲོག་དམངས་འཚོ་གནས་ཀྱི་སྲོག་རྩ་ཡིན་པས། ང་ཚོས་གཙང་བོའི་འབྱུང་ཁུངས་ལ་སྲུང་སྐྱོབ་བྱེད་དགོས། ཁྱེད་ཚོའི་གད་སྙིགས་ལམ་འགྲམ་གྱི་གད་སྙིགས་གཅིག་བསྡུས་ཀྱིས་འཇོག་སར་བཞག་ན་ང་ཚོའི་རླངས་འཁོར་ཡོང་ནས་རྫོང་ཁོངས་ཀྱི་གད་སྙིགས་ཐག་གཅོད་བྱེད་སར་སྐྱེལ་འདྲེན་བྱས་ཆོག་ཟེར།
སྤྱིར་བཏང་གི་མི་ཞིག་ལ་མཚོན་ན། ཟོ་སྐྱ་ཞང་དུ་འགྲོ་བ་ནི་ཧ་ཅང་དཀའ་ཚགས་ཆེ་བ་ཞིག་ཡིན་མོད། འོན་ཀྱང་བྱམས་པ་ཤེས་རབ་ལ་མཚོན་ན་དེ་དཀའ་ཁག་ཞིག་ཏུ་རྩི་ཀི་མེད། ཁོ་ཚོས་རྩྭ་ཐང་ནི་འབྲོག་དམངས་ལ་མཚོན་ན་ཧ་ཅང་གལ་ཆེ་བ་དང་གཙང་གསུམ་འབྱུང་ཡུལ་ནི་འབྲོག་མདངས་ལ་ཧ་ཅང་གལ་ཆེ་བ་གསལ་བོར་ཤེས་པ་དང་། གཙང་གསུམ་འབྱུང་ཡུལ་ལ་སྲུང་སྐྱོབ་བྱེད་པ་ནི་རང་ཉིད་ཀྱི་ཁྱིམ་གཞི་ལ་སྲུང་སྐྱོབ་བྱེད་པ་ཡིན་པ་གསལ་བོར་ཤེས་ཡོད།
ད་ལོའི་ཟླ་བཅུ་གཉིས་པའི་ཉིན་ཞིག་གི་སྔ་དྲོར་རྫ་ཆུའི་འགོ་ཁོངས་ཀྱི་རྫ་སྟོད་རྫོང་རྫ་ཆེན་ཞང་ནས་བློ་མཐུན་ཧྲུའུ་ཧེ་ཆན་ནངས་སྔ་མོར་ཡར་ལངས་ཏེ་ཁོ་རང་རྒྱུན་དུ་གཞི་རིམ་དུ་འགྲོ་སྐབས་གྱོན་པའི་དམག་ལྭ་བར་འཚང་ཅན་དེ་གོན་པ་དང་འབྲི་དེབ་དང་རྒྱང་ཤེལ་སོགས་རི་སྒང་དུ་སྐོར་སྐྱོད་བྱེད་སྐབས་མཁོ་བའི་རྒྱུ་རྫས་ཚང་མ་ཁུག་མའི་ནང་དུ་བཅུག ཉིན་དེར་ཧྲུའུ་ཧེ་ཆན་གྱིས་ཞང་གི་ལས་བྱེད་པ་རྩ་འཛུགས་བྱས་ནས་གཞི་རིམ་དུ་འགྲོ་བ་དང་། དེ་ནི་ཞང་གིས་ད་ལོར་རྩ་འཛུགས་བྱས་ནས་གཞི་རིམ་མཐའ་འཁོབ་དུ་སྐོར་སྐྱོད་བྱེད་ཐེངས་རྗེས་མ་རེད།
ཧྲུའུ་ཧེ་ཆན་ནི་རྫ་ཆེན་ཞང་ཏང་ཨུའི་ཧྲུའུ་ཅི་ཡིན་ཡིན་ལ། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་རྫ་ཆུའི་འགོ་ཁོངས་ས་ཁུལ་རྫ་ཆེན་དོ་དམ་ས་ཚིགས་ཀྱི་འགོ་གཙོ་ཡང་ཡིན། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ཚོད་ལྟའི་སྒྲིག་སྲོལ་ལག་བསྟར་བྱས་པ་དང་བསྟུན་ནས་རྫ་ཆེན་ཞང་ཡང་རྫ་ཆུའི་འགོ་ཁོངས་ས་ཁུལ་དུ་གཏོགས་པས་ཧྲུའུ་ཧེ་ཆན་གྱི་ལས་འགན་སྔར་ལས་ཀྱང་ཇེ་ལྗིད་དུ་སོང་།
རྫ་ཆེན་ཞང་ལ་གངས་གཟིགས་ཀྱི་ཕ་སའི་མཚན་སྙན་གནང་། ཞང་ཡོངས་ཀྱི་མངའ་ཁོངས་སུ་གངས་གཟིགས་འཚོ་གནས་བྱས་ཡོད། རྫ་ཆུའི་འགོ་ཁུངས་ཡང་རྫ་ཆེན་ཞང་གི་མངའ་ཁོངས་སུ་ཡོད་པ་དང་། གནས་དེ་རུ་མཚེའུ་དང་བརླན་ས། གྲང་ངར་ཆེ་སར་སྐྱེས་པའི་རྩྭི་ཤིང་དང་རི་སྐྱེས་སྲོག་ཆགས་སོགས་ཡོད། རྫ་ཆེན་ཞང་སྲིད་གཞུང་ནས་ལམ་ལ་ཆས་སྐབས་ཧྲུའུ་ཧེ་ཆན་གྱིས་གསར་འགོད་པར་བཤད་རྒྱུར། ང་ཚོ་ཞང་འདི་ནི་མིང་དོན་མཚུངས་པའི་གངས་གཟིགས་ཀྱི་ཕ་ས་ཡིན། ང་ཚོ་གཞི་རིམ་དུ་འགྲོ་ཐེངས་རེར་ཕལ་ཆེར་གངས་གཟིགས་མཐོང་ཐུབ་པ་དང་ཆེས་མང་དུས་ཟླ་རེར་གངས་གཟིགས་ཐེངས་ཉི་ཤུར་མཐོང་ཐུབ། ཁྱེད་ཚོས་པར་ལེན་འཕྲུལ་ཆས་གྲ་སྒྲིག་བྱོས་དང་ད་ཐེངས་ང་ཚོས་ཕལ་ཆེར་གངས་གཟིགས་མཐོང་ཐུབ་ཟེར།
གསར་འགོད་པས་སྐད་ཆ་དེ་གོ་མ་ཐག་ཧ་ཅང་སེམས་འགུལ་ཐེབས་ཏེ་ད་ཐེངས་ང་ཚོས་མཐོང་དཀོན་པའི་རི་སྐྱེས་སྲོག་ཆགས་དེ་མཐོང་ཐུབ་རྒྱུ་རེད་སྙམ། ཁོ་ཚོའི་རླངས་འཁོར་རུ་ཁག་གཅིག་རྗེས་གཉིས་མཐུད་དུ་ལམ་ལ་ཆས་པ་དང་རླངས་འཁོར་རུ་ཁག་གི་རྗེས་སུ་ད་དུང་ཤར་རླུང་རྟགས་ཅན་གྱི་རླངས་འཁོར་ཆེན་པོ་ཞིག་ཀྱང་ཡོད། གསར་འགོད་པས་རི་སྒང་དུ་སྐོར་སྐྱོད་བྱེད་སྐབས་འདི་འདྲའི་རླངས་འཁོར་ཆེན་པོ་ཞིག་གིས་ཅི་བྱ་ཞེས་དྲིས་ཚེ། ཧྲུའུ་ཧེ་ཆན་དགོད་ཞོར་དུ་མི་འགྱངས་བར་ཁྱེད་ཚོས་ཤེས་ངེས་ཡིན་ཅེས་ཟེར།
རྫ་ཆེན་ཞང་ལ་སྡེ་བ་བཞི་དང་འབྲོག་དམངས་ཨུ་ཡོན་ལྷ་ཁང་བཅུ་གཉིས་ཡོད། ཧྲུའུ་ཧེ་ཆན་གྱིས་བཤད་རྒྱུར། ད་ཐེངས་ང་ཚོ་ཞང་འདིའི་སྡེ་བ་བཞི་དང་འབྲོག་དམངས་ཨུ་ཡོན་ལྷན་ཁང་བཅུ་གཉིས་ལ་འགྲོ་དགོས་པས་ཕལ་ཆེར་གཟའ་འཁོར་གཅིག་འགོར་ངེས་ཡིན། ང་ཚོས་གཙོ་བོ་རྩྭ་ས་ཉམས་ཞན་དུ་འགྱུར་བ་དང་ས་ནག་ཐང་བཅོས་སྐྱོང་བྱས་པ། ཁོར་ཡུག་དག་ཐེར་བཅོས་སྐྱོང་བྱས་པ་བཅས་ཀྱི་་གནས་ཚུལ་ལ་ལྟ་ཞིབ་བྱེད་ཟེར།
ཁོ་ཚོས་ཀྱག་ཀྱོག་གི་ལམ་ཐག་རིང་བོ་རྒྱུད་སྐབས། ཅུང་ཙམ་སོང་རྗེས་ལམ་འགྲམ་ན་གད་སྙིགས་སྤུངས་ཡོད་པ་མཐོང་ཐུབ་པ་དང་གད་སྙིགས་མཐོང་རྗེས་རླངས་འཁོར་རུ་ཁག་གནས་དེ་ནས་བསྡད་དེ་གད་སྙིགས་ཚང་མ་གཞུག་གི་རླངས་འཁོར་ཆེན་པོ་དེའི་ནང་དུ་འཇོག་སྐབས་ད་གཟོད་གསར་འགོད་པས་གཞུག་གི་རླངས་འཁོར་ཆེན་པོ་དེ་གད་སྙིགས་སྐྱེལ་འདྲེན་བྱེད་སྤྱད་ཡིན་པ་ཤེས།
གད་སྙིགས་འདི་དག་གཅིག་བསྡུས་བྱེད་མཁན་ནི་གནས་འདིའི་སྐྱེ་ཁམས་དོ་དམ་པ་ཡིན་པ་དང་ད་ལྟ་འགྲོ་བཞིན་པའི་སྡེ་བ་འདིའི་ནང་དུ་སྐྱེ་ཁམས་དོ་དམ་པ་ལྔ་བཅུ་ང་བརྒྱད་ཡོད། ཁོ་ཚོས་སྐྱེ་ཁམས་དོ་དམ་བྱེད་པ་ལས་གཞན་ད་དུང་གནས་དེའི་འབྲོག་དམངས་ཀྱི་ཐོན་སྐྱེད་དང་འཚོ་བའི་གད་སྙིགས་གཅིག་གྱུར་སྒོས་གནས་གཅིག་ཏུ་བསྡུས་ཏེ་ལམ་འགྲམ་དུ་འཇོག་པ་དང་། ང་ཚོས་གཞི་རིམ་དུ་སྐོར་ཞིབ་བྱེད་སྐབས་ལམ་འགྲམ་གྱི་གད་སྙིགས་དེ་དག་དྲུད་ནས་གཅིག་གྱུར་གྱིས་ཐག་གཅོད་བྱས་པ་ཡིན་ཟེར།
གད་སྙིགས་དེ་དག་རླངས་འཁོར་ནང་བཞག་རྗེས་མུ་མཐུད་ནས་མདུན་དུ་སྐྱོད་པ་ན། ཅུང་རྒྱང་ཐག་རིང་ས་ནས་རྔམ་ཞིང་བརྗིད་པའི་གངས་རི་ཞིག་མིག་ལམ་དུ་མངོན་བྱུང། ཧྲུའུ་ཧེ་ཆན་གྱིས་བཤད་རྒྱུར། ང་ཚོ་དེ་རིང་ཐོག་མར་གནས་གན་ལ་འགྲོ། གངས་རི་གན་ཨ་མྱེ་རྨ་ཆེན་གངས་རི་རེད་ཟེར། ཧྲུའུ་ཧེ་ཆན་ནི་རྒྱ་རིགས་ཤིག་ཡིན་ནའང་ཁོ་རྫ་སྟོད་རྫོང་དུ་སྐྱེས་ཏེ་ད་ལྟའི་བར་རྫ་སྟོད་རྫོང་ནས་འཚོ་བ་རོལ་བ་རེད། ཁོའི་སེམས་ལ་རྨ་ཆེན་གངས་རི་ནི་ལོ་དུ་མར་བསགས་པའི་ཁངས་ཡིན་པ་དང་གངས་འདབས་ཀྱི་རྩྭ་ས་ཧ་ཅང་བཟང་བ་ཡིན་སྙམ་མོད། འོན་ཀྱང་ང་ཚོ་རི་འདབས་སུ་ཐོན་དུས་ཁོའི་སེམས་སུ་དྲན་པ་དེ་འདྲ་ཞིག་ག་ལ་ཡིན། དགུན་དཀྱིལ་གྱི་དུས་ཡིན་ཡང་གངས་རི་སྐེད་ལ་མ་གཏོགས་མི་ཐོན་པ་དང་རི་འདབས་ཀྱི་རྩྭ་ས་ཉམས་ཞན་དུ་གྱུར་བ་དང་ས་ཁུལ་ལ་ལ་ཞིག་ས་ནག་ཐང་དུ་གྱུར་ཡོད།
ཧྲུའུ་ཧེ་ཆན་གྱིས་བཤད་རྒྱུར། ཉེ་བའི་ལོ་འགའི་རིང་ལ། ནམ་ཟླའི་འགྱུར་ལྡོག་དང་བསྟུན་ནས་རི་སྒང་གི་གངས་ཞུ་བ་དང་རི་འདབས་ཀྱི་རྩྭ་ས་ཉམས་ཞན་དུ་གྱུར་བ་ཧ་ཅང་ཚབས་ཆེན་རེད། ལོ་འདི་འགའི་རིང་ལ་བཅོས་སྐྱོང་བྱས་པ་བརྒྱུད་པས་ཁྱེད་ཅག་གིས་དེ་རིང་མཐོང་བ་དེ་ལོ་འགའི་སྔོན་དང་བསྡུར་ན་ཧ་ཅང་བཟང་ཟེར། ཧྲུའུ་ཧེ་ཆན་གྱིས་བཤད་ཞོར་དུ་འབྲི་དེབ་ཆུང་ཆུང་ཞིག་བླངས་ནས་ད་ལོའི་གངས་འདབས་ཀྱི་རྩྭ་སའི་འགྱུར་ལྡོག་འབྲི་འགོ་བརྩམས།
ཧྲུའུ་ཧེ་ཆན་གྱིས་གངས་རིའི་འགྱུར་ལྡོག་དང་གངས་འདབས་ཀྱི་རྩྭ་སའི་འགྱུར་ལྡོག་ཟིན་བྲིས་སུ་འདེབས་པ་ནི་ཁོའི་ད་ལོའི་བྱ་བ་གལ་ཆེན་ཞིག་རེད། ཟིན་བྲིས་སུ་བཏབ་རྗེས་ད་དུང་ཡིག་ཚགས་ནང་འཇོག་དགོས་ཟེར། ཉིན་གཅིག་གི་བྱ་བ་འདི་ལྟར་མཇུག་རྫོགས་སོང་། ང་ཚོས་གངས་གཟིགས་མ་མཐོང་ཀྱང་རྫ་ཆེན་ཞང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་བྱེད་ཐབས་མཐོང་་པས། ཁོ་ཚོའི་ཕྲག་ཏུ་རྫ་ཆུའི་འགོ་ཁུངས་ཀྱི་སྐྱེ་ཁམས་ཁོར་ཡུག་དང་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་བྱེད་པའི་འགན་འཁྲི་ལྗིད་མོ་ཁུར་ཡོད་པ་ཤེས་བྱུང་།
ཟླ་བཅུ་གཉིས་པའི་ནང་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་ལ་ཁངས་འབབ་ནས་དཀར་ལམ་ལམ་བྱེད་པ་དང་། གསར་འགོད་པ་རྨ་ཆུའི་འགོ་ཁོངས་ཀྱི་རྒྱལ་ཁབ་དོ་དམ་ཨུ་ཡོན་ལྷན་ཁང་ཁྲིམས་འཛིན་རུ་ཆེན་དང་ནགས་ཚལ་སྤྱི་བདེ་ཅུའུ་ཡི་མི་སྣ་དང་མཉམ་དུ་རྨ་ཁྲ་ལི་གྲོང་རྡལ་ནས་ལམ་ལ་ཆས་ཏེ་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་མཚོ་སྐྱ་རེངས་དང་མཚོ་སྔོ་རེངས་ལ་སོང་། སོང་གིན་སོང་གིན་མཚོ་ངོས་ལས་ཇེ་མཐོ་དང་གངས་རི་དང་ཐག་ཇེ་ཉེར་སོང་། ནོར་ནག་དང་ལུག་ཁྱུ། རྐྱང་། དགོ་སོགས་རྩྭ་ཐང་དུ་བག་ཡངས་སུ་རྒྱུ་བཞིན་ཡོད། རྨ་ཆུའི་འགོ་ཁུངས་རྩྭ་ཐང་གིས་སྐྱེ་དངོས་ཁྲི་སྟོང་ལ་འཚོ་གནས་ཀྱི་རང་དབང་འཇིག་རྟེན་ཞིག་བསྐྲུན་ཡོད། མཁའ་དབྱིངས་སུ་བྱ་བྱེའུ་སྣ་མང་གིས་འཕུར་ལྡིང་བྱེད་པ་དང་རྩྭ་ཐང་དུ་སྒོ་ཕྱུགས་དང་རི་དྭགས་ཁྱུ་དང་ཁྱུ་བྱས་ནས་རྒྱུ་བཞིན་ཡོད།
གཞི་རིམ་དུ་ལྟ་ཞིབ་སྐོར་སྐྱོད་བྱེད་པའི་རླངས་འཁོར་རུ་ཁག་དུས་ཚོད་གཉིས་ཙམ་ལ་སོང་རྗེས། མཚོ་ངོས་ལས་མུས་བཞི་སྟོང་ཉིས་བརྒྱའི་མཐོ་བའི་མཚོ་སྔོ་རེངས་ཀྱི་འགྲམ་ངོགས་སུ་ཐོན་པ་དང་གནས་དེ་རུ་རྐྱང་ཁྱུ་ཞིག་གིས་ཆུ་འཐུང་བཞིན་ཡོད་པ་མཐོང་བྱུང་། དེ་ནས་རླངས་འཁོར་དལ་གྱིས་བསྡད་པ་དང་གསར་འགོད་པས་རླངས་འཁོར་གྱི་སྒེའུ་ཁུང་ལས་ཁོ་ཚོའི་སྔོན་ཕྱོགས་ན་རྒྱུ་བཞིན་པའི་དགོ་ཁྱུ་ཞིག་མཐོང་རྗེས་དེ་མ་ཐག་རླངས་འཁོར་ལས་མར་བབས་ནས་པར་རྒྱག་སྐབས་དགོ་དེ་དག་ཞོགས་ནས་གར་སོང་ཆ་མེད་དུ་གྱུར། རྡོ་རྗེ་རིན་ཆེན་དགོད་ཞོར་དུ་བཤད་རྒྱུར། རི་སྐྱེས་སྲོག་ཆགས་ཀྱི་གམ་དུ་ཐོན་ན་འུར་རྒྱག་མི་ཉན། ལྟོས་དང་ཁོ་ཚོ་བྲོས་ནས་གྲིབ་མ་ཙམ་ཡང་མཐོང་མི་ཐུབ་པར་གྱུར་མོད། འོན་ཀྱང་ང་ཚོ་ད་དུང་མུ་མཐུད་དུ་འགྲོ་དགོས་པས། གནས་འདི་རུ་རི་སྐྱེས་སྲོག་ཆགས་ཧ་ཅང་མང་། སྤྱང་ཀི་དང་རྐྱང་། དགོ་སོགས་ཡོད་ཟེར།
ཁོ་ཚོའི་རླངས་འཁོར་རི་རྩེར་ཐོན་ལ་ཉེ་དུས་ནགས་ཚལ་སྤྱི་བདེ་ཅུའུ་ཡི་ཀུན་བཟང་སྒྲོལ་མས་བཤད་རྒྱུར། ང་ཚོའི་སྔོན་ཕྱོགས་ན་རི་སྐྱེས་སྲོག་ཆགས་རྒྱུ་ལམ་ཞིག་ཡོད། ཁྱེད་ཚོས་ཅུང་ཙམ་སྒུག་དང་ང་འགྲོ་ནས་ལྕགས་རའི་གནས་ཚུལ་ལ་ཅིག་ལྟ་ཟེར། ཅུང་ཙམ་འགོར་རྗེས་མོས་ལག་བརྡ་ཞིག་བསྟན་མ་ཐག་ཚང་མ་རླངས་འཁོར་ལས་མར་བབས་ནས་བལྟས་པ་ན། དེ་ནའང་དགོ་ཁྱུ་ཞིག་བག་ཡངས་ངང་རྒྱུ་བཞིན་ཡོད། སྐོར་སྐྱོད་སྲུང་སྐྱོབ་བྱེད་པའི་ལམ་བར་དུ་རིན་ཆེན་རྡོ་རྗེ་ཡིས་གསར་འགོད་པར་ཨུ་ཡོན་ལྷན་ཁང་དེ་བཙུགས་རྗེས་ཀྱི་ཁྲིམས་འཛིན་རུ་ཆེན་གྱི་ཉིན་བཅུའི་རིང་གི་བྱ་བའི་འཆར་གཞི་དང་བྱ་བའི་སྤྱི་བསྡོམ་སོགས་མཚམས་སྦྱོར་བྱས། ཁོ་ཚོ་ཕལ་ཆེར་ཉིན་རྒྱུན་དུ་ཕྱི་རོལ་ལ་སོང་ནས་སྐོར་སྐྱོད་སྲུང་སྐྱོབ་བྱེད་བཞིན་པ་དང་ཕྱི་རོལ་གྱི་གནས་ཚུལ་པར་རྒྱག་པ་དང་ཟིན་བྲིས་སུ་བཏབ་ནས་ཡིག་ཚགས་ནང་འཇོག་བཞིན་ཡོད། ལོ་མཇུག་ཏུ་ཐོན་དུས་སྐོར་སྐྱོད་བྱས་པའི་ས་གནས་སོ་སོའི་གནས་ཚུལ་མཉམ་དུ་སྤྱི་སྡོམ་བྱས་ནས་རི་སྐྱེས་སྲོག་ཆགས་ཀྱི་ཁ་གྲངས་དང་རྩྭ་སའི་གནས་ཚུལ་ལ་རྒྱུས་ལོན་བྱེད་ཀྱིན་ཡོད།
ལོ་ཙཱ། བསོད་ནམས་ལྷ་མོ།