གཅིག “སློབ་པ་གཉིས་དང་བྱེད་པ་གཅིག”གི་སློབ་སྦྱོང་སློབ་གསོ་ཁྱོན་ཡོངས་ནས་སྤེལ།
2016ལོའི་ཟླ2པར། ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་གྱིས་བརྡ་ཐོ་བཏང་ཏེ། ཏང་ཡོན་ཡོངས་ཀྱི་ཁྲོད“ཏང་གི་སྒྲིག་ཡིག་སྒྲིག་སྲོལ་དང་གསུང་བཤད་རབ་དང་རིམ་པར་སློབ་སྦྱོང་བྱས་ཏེ་ཚད་ལྡན་གྱི་ཏང་ཡོན་ཞིག་བྱེད་པའི”སློབ་སྦྱོང་སློབ་གསོ་སྤེལ་ནས། ཏང་ཡོན་དཔུང་སྡེའི་བསམ་བློ་དང་རྩ་འཛུགས། སྤྱོད་ཚུལ། སྒྲིག་ཁྲིམས་སོགས་ཀྱི་ཐད་གནས་པའི་གནད་དོན་ཤུགས་ཆེན་པོས་ཐག་གཅོད་དང་། འབད་བརྩོན་སྒོས་རྒྱ་ཆེའི་ཏང་ཡོན་ཚོས་ཆབ་སྲིད་འདུ་ཤེས་དང་སྤྱི་ཡོངས་འདུ་ཤེས། སྲོག་ཤིང་གི་འདུ་ཤེས། མིག་ལྟོས་ཀྱི་འདུ་ཤེས་བཅས་སྔར་ལས་ཇེ་དྲག་ཏུ་གཏོང་བ་དང་། ཕུགས་བསམ་དད་སེམས་ཇེ་བརྟན་དུ་གཏོང་བ། ཏང་ལ་བློ་དཀར་སེམས་དཀར་དང་སྲོལ་བཟང་འཛུགས་པ། འགན་འཁྲི་འཁུར་ཕོད་པ་བཅས་སྲུང་འཛིན་བྱས་ཏེ། གདོང་ལེན་མིག་དཔེའི་ནུས་པ་འདོན་སྤེལ་གང་ལེགས་བྱས། དེ་ནི་ཏང་ནང་ཁུལ་གྱི་སློབ་གསོ་དེ་གནད་འགག་གི་ཉུང་ཤས་ནས་རྒྱ་ཆེ་བའི་ཏང་ཡོན་ཕྱོགས་སུ་རྒྱ་བསྐྱེད་པ་དང་། གཅིག་བསྡུས་རང་བཞིན་གྱི་སློབ་གསོ་ནས་རྒྱུན་ལྡན་རང་བཞིན་གྱི་སློབ་གསོའི་ཕྱོགས་སུ་སྲིང་བར་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་རེད།
གཉིས། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར་གོ་ལྔ་ལོན་པར་རྟེན་འབྲེལ་ཞུས།
2016ལོའི་ཟླ7ཚེས1ཉིན། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར་གོ་ལྔ་ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་དེ་པེ་ཅིན་དུ་གཟབ་རྒྱས་ངང་བསྡུས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་ཏང་ཡོངས་ཀྱི་བློ་མཐུན་ལ་ཐོག་མའི་བསམ་འདུན་མ་བརྗེད་པར་མུ་མཐུད་དུ་མདུན་སྐྱོད་བྱེད་དགོས་པའི་འབོད་སྐུལ་བཏང་། ལོ་གོ་ལྔའི་རྗེས་མཐུད་དེ་མུ་མཐུད་དུ་འབད་འཐབ་བྱས་ཏེ། ཏང་གིས་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱི་སྣེ་ཁྲིད་དེ་རླབས་ཆེན་གྱི་གྲུབ་འབྲས་ཆེན་པོ་བླངས་ནས། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་འོད་སྟོང་འབར་བའི་མདུན་ལྗོངས་བསུས་ཡོང་ལ། མ་འོངས་པར་ཁ་ཕྱོགས་ཏེ། ངེས་པར་དུ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་གྱི་གདེང་ཚོད་དང་རིགས་པའི་གཞུང་ལུགས་ཀྱི་གདེང་ཚོད། ལམ་ལུགས་ཀྱི་གདེང་ཚོད། རིག་གནས་ཀྱི་གདེང་ཚོད་བཅས་རྒྱུན་འཁྱོངས་བྱས་ཏེ། བསྒྱུར་བཅོས་དང་གསར་སྐྲུན་བྱེད་ཕོད་པ་དང་། འཕེལ་རྒྱས་མེད་པ་དང་འཕེལ་རྒྱུན་གཏན་ནས་ཆད་དུ་མི་འཇུག་པར། ལོ་རྒྱུས་རང་བཞིན་གྱི་ཡིག་རྒྱུགས་ཁྲོད་ནས་སྔར་ལས་ཁྱད་དུ་འཕགས་པའི་གྲུབ་འབྲས་གསར་བ་ཞིག་ལེན་དགོས་པའི་འབོད་སྐུལ་བཏང་།
གསུམ། རྒྱལ་ཁབ་ཉི་ཤུའི་ཚོགས་པའི་མཐོ་རིམ་མགོ་ཁྲིད་པའི་གྲོས་ཚོགས་ཧང་ཀྲིག་ནས་འཚོགས་པ་ལེགས་འགྲུབ་བྱུང་།
2016ལོའི་ཟླ9ཚེས4ནས་ཚེས5ཉིན་བར། རྒྱལ་ཁབ་ཉི་ཤུའི་ཚོགས་པའི་མཐོ་རིམ་མགོ་ཁྲིད་པའི་གྲོས་ཚོགས་ཐེངས་བཅུ་གཅིག་པ་ཧང་ཀྲིག་ནས་བདེ་བླག་ངང་བསྡུས་པ་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་མཐོ་རིམ་མགོ་ཁྲིད་གྲོས་ཚོགས་ལ་མགོ་འཛིན་མཛད། འདི་ནི་ཉེ་བའི་ལོ་འདི་འགར་ཀྲུང་གོས་གཙོ་སྒྲུབ་བྱས་པའི་རིམ་གྲས་ཆེས་མཐོ་ཞིང་གཞི་ཁྱོན་ཆེས་ཆེ་བ། ཤུགས་རྐྱེན་ཆེས་ཟབ་པའི་རྒྱལ་སྤྱིའི་མཐོ་རིམ་གྲོས་ཚོགས་ཞིག་ཡིན། ཚོགས་པའི་ཀྲུའུ་ཞིའི་རྒྱལ་ཁབ་ཅིག་ཡིན་པའི་ངོས་ནས། ཀྲུང་གོ་ཕྱོགས་ཀྱིས“གསར་སྐྲུན་དང་གསོན་ཤུགས། མཉམ་འབྲེལ། ཁོང་ཡངས་བཅས་ཀྱི་འཛམ་གླིང་དཔལ་འབྱོར་འཛུགས་པའི”བརྗོད་དོན་གཙོ་བོར་དམིགས་ཏེ། འདུ་ཤེས་དང་བསམ་ཕྱོགས། ཇུས་གཞི་བཅས་ཆ་ཚང་ཞིག་བཏོན་པར། གྲོས་ཚོགས་སུ་ཞུགས་པའི་ཕྱོགས་སོ་སོའི་ཁས་ལེན་ལེགས་པོ་ཐོབ་ཤིང་། མཐོ་རིམ་གྲོས་ཚོགས་ལ་སྐུལ་འདེད་བྱེད་པར་གྲུབ་འབྲས་གལ་ཆེན་རབ་དང་རིམ་པ་ཐོབ་པས། རྒྱལ་ཁབ་ཉི་ཤུའི་ཚོགས་པའི་འཕེལ་རྒྱས་ལོ་རྒྱུས་སྟེང་ཀྲུང་གོའི་ཤུགས་རྐྱེན་ཟབ་མོ་བཞག།
བཞི། ལེའོ་ཉིན་གྱི་འདེམས་བསྐོ་རྔན་བསླུའི་གྱོད་གཞིར་རྩད་གཅོད་ནན་མོ་བྱས།
2016ལོའི་ཟླ9ཚེས13ཉིན། སྐབས་བཅུ་གཉིས་པའི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་གསུམ་པའི་སྟེང་བརྡས་ཐག་བཅད་དེ། ཁྲིམས་ལྟར་ལེའོ་ཉིན་ཞིང་ཆེན་གྱི་འདེམས་བསྐོ་རྔན་བསླུ་བྱས་པའི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་འཐུས་མི་ཞེ་ལྔ་ཡི་བདམ་ཐོན་རྩིས་མེད་དུ་གཏོང་རྒྱུ་གཏན་འཁེལ་བྱས། འདི་ནི་ཀྲུང་གོ་གསར་བ་དབུ་བརྙེས་པའི་ཚུན་ལ་རྩད་ཆོད་པའི་ཞིང་ཆེན་རིམ་པའི་ངོས་ཐད་ནས་བྱུང་བའི་ཏང་གི་སྒྲིག་ཁྲིམས་དང་རྒྱལ་ཁབ་ཀྱི་རྩ་ཁྲིམས་ལ་རྒྱབ་འགལ་ཚབས་ཆེན་བྱས་པ་དང་། དམངས་འཐུས་འདེམ་བསྐོ་ལམ་ལུགས་ལ་གཏོར་བརླག་ཚབས་ཆེན་བཏང་བའི་གྱོད་གཞི་ཆེན་པོ་ཐོག་མ་རེད། གྱོད་གཞི་དེ་རྩད་ཆོད་པ་ལས་བློ་མཐུན་ཞི་ཅིན་ཕེན་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་བློ་བརྟན་འགྱུར་མེད་སྒོས་ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་བཅོས་སྐྱོང་དང་ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པར་སྐུལ་འདེད་བྱེད་པའི་བློ་རྩ་བརྟན་པོ་དང་ཆོད་སེམས་གང་ལེགས་སྒོས་མཚོན་པར་བྱས་ཤིང་། དམངས་འཐུས་ཚོགས་ཆེན་ལམ་ལུགས་ཀྱི་དབང་གྲགས་དང་ཟིལ་ཤུགས་སྲུང་སྐྱོབ་དང་། སྤྱི་ཚོགས་རིང་ལུགས་ཁྲིམས་སྐྱོང་གི་དབང་གྲགས་དང་ཟིལ་ཤུགས་སྲུང་སྐྱོབ་བྱས་པ་མཚོན།
ལྔ། དམར་དམག་རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་ནས་ལོ་འཁོར་བརྒྱད་ཅུ་ལོན་པར་དྲན་གསོ་བྱས་ཏེ་མུ་མཐུད་དུ་རྒྱང་སྐྱོད་བྱེད་རྒྱུ་གསལ་བོར་བསྟན།
2016ལོའི་ཟླ10ཚེས21ཉིན། དམར་དམག་རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་ནས་ལོ་འཁོར་བརྒྱད་ཅུ་ལོན་པར་དྲན་གསོ་ཞུ་བའི་ཚོགས་ཆེན་པེ་ཅིན་དུ་གཟབ་རྒྱས་ངང་བསྡུས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་ཚོགས་ཆེན་སྟེང་གསུང་བཤད་གལ་ཆེན་གནང་ཤིང་། ལོ་ངོ་བརྒྱད་ཅུའི་ཡར་སྔོན་གྱི་དཀའ་སྡུག་དང་འོད་སྟོང་འབར་བའི་གྲུབ་འབྲས་ལ་ཕྱིར་དྲན་དང་། རྒྱང་སྐྱོད་ནི་ང་ཚོ་ཏང་དང་རྒྱལ་ཁབ། དམག་དཔུང་བཅས་ཀྱི་འཕེལ་རྒྱས་ལོ་རྒྱུས་སྟེང་གི་དོན་སྙིང་གལ་ཆེན་ཡིན་པར་མ་ཟད་ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་འཕེལ་རིམ་ལ་ཤུགས་རྐྱེན་ཟབ་མོ་ལྡན་པ་གསལ་བོར་བསྟན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་ནན་གྱིས་བསྟན་དོན། མི་རབས་རེ་ལ་མི་རབས་དེའི་རྒྱང་སྐྱོད་ཀྱི་ལམ་བུ་རེ་ཡོད་པས། མི་རབས་རེ་རེས་རང་ཉིད་ཀྱི་རྒྱང་སྐྱོད་ལམ་བུར་ཡག་པོར་བསྐྱོད་དགོས། ད་ལྟ། ང་ཚོ་མི་རབས་འདིའི་རྒྱང་སྐྱོད་ནི“བརྒྱ་ལོ་གཉིས”ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་མདུན་མངོན་འགྱུར་བྱེད་རྒྱུ་དེ་ཡིན།
དྲུག སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་སྟེང་ཏང་གི་སྲོག་ཤིང་གཏན་ལ་ཕབ།
2016ལོའི་ཟླ10ཚེས24ནས་ཚེས27ཉིན་བར། ཀྲུང་གུང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དེ་པེ་ཅིན་དུ་བསྡུས། ཚང་འཛོམས་གྲོས་ཚོགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་ནི་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་ཡིན་པ་གསལ་བོར་བསྟན་ལ། “བློ་མཐུན་ཞི་ཅིན་ཕེན་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང”དངོས་སུ་བཏོན། ཚང་འཛོམས་གྲོས་ཚོགས་ནས་ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་བརྗོད་དོན་གཙོ་བོ་གཅིག་བསྡུས་བྱས་ཤིང་། «གནས་བབ་གསར་བའི་འོག་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་སྐོར་གྱི་ཚད་གཞི་འགའ»དང«ཀྲུང་གོ་གུང་ཁྲན་ཏང་ནང་ཁུལ་གྱི་ལྟ་སྐུལ་སྲོལ་ཡིག»ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དངོས་འབེབས་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན་པའི་ཆ་ནས། 2016ལོའི་ཟླ11པར། ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་གྱིས་པེ་ཅིན་གྲོང་ཁྱེར་དང་ཧྲན་ཞི་ཞིང་ཆེན། ཀྲེ་ཅང་ཞིང་ཆེན་བཅས་ནས་རྒྱལ་ཁབ་ལྟ་ཞིབ་སྒྲིག་སྲོལ་བཅོས་སྒྱུར་ཚོད་ལྟ་བྱེད་པའི་ཇུས་གཞི་པར་སྐྲུན་འགྲེམ་སྤེལ་བྱས་པ་དང་། 2016ལོའི་ཟླ12ཚེས25ཉིན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་འབྲེལ་ཡོད་ཆོད་དོན་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་།
བདུན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཞང་ཀང་གི་གཞི་རྩའི་བཅའ་ཁྲིམས་ཀྱི་གསལ་བཤད་དབང་ཆ་ལག་བསྟར་བྱས།
2016ལོའི་ཟླ11ཚེས7ཉིན། སྐབས་བཅུ་གཉིས་པའི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་བཞི་བའི་སྟེང་། ཞང་ཀང་གི་གཞི་རྩའི་བཅའ་ཁྲིམས་ཀྱི་དོན་ཚན་ཨང་བརྒྱ་དང་བཞི་ཡི་གསལ་བཤད་ལ་གྲོས་འཆམ་བྱུང་། ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་ཁྲིམས་འཛུགས་ལྷན་ཚོགས་འདེམ་བསྐོ་དང་འགན་འཁུར་བར་སྒུག་པའི་གྲོས་མི་ཁ་ཤས་ཀྱིས་དམ་བཅའ་འཇོག་སྐབས“ཞང་ཀང་རང་བཙན”གྱི་བསམ་ཕྱོགས་འུད་སྒྲོག་བྱས་ཏེ། རྒྱལ་ཁབ་དང་མི་རིགས་ལ་དམའ་འབེབས་བྱས་པ་ལས་བསླངས་བའི་གནད་དོན་ལ་དམིགས་ནས། ཁྲིམས་ལྟར་གཞི་རྩའི་བཅའ་ཁྲིམས་ཀྱི་གསལ་བཤད་དབང་ཆ་ལག་བསྟར་བྱས་ཤིང་། ཁྲིམས་ལྟར་དམ་བཅའ་འཇོག་པའི་འབྲེལ་ཡོད་ནང་དོན་དང་བླང་བྱ་གསལ་བོ་བྱས། གསལ་བཤད་དེས་ཀྲུང་དབྱང་སྲིད་གཞུང་གིས“ཞང་ཀང་རང་བཙན”ལ་ངོ་རྒོལ་བྱེད་པའི་ཆོད་སེམས་དང་བློ་རྩ་བརྟན་པོ་མཚོན་པར་བྱས་པ་དང་། གཞི་རྩའི་བཅའ་ཁྲིམས་ཀྱི་དབང་གྲགས་དང་ཞང་ཀང་ཁྲིམས་སྐྱོང་སྲུང་སྐྱོབ་བྱས་ཏེ། ཞང་ཀང་སྤུན་ཟླ་འདུས་པའི་ཀྲུང་གོ་མི་དམངས་ཡོངས་ཀྱི་ཐུན་མོང་གི་འདོད་བློ་དང་མཐུན་པར་བྱས།
བརྒྱད། ཐོན་དབང་སྲུང་སྐྱོབ་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་ཁྲིམས་ལྟར་ཐོན་དབང་སྲུང་སྐྱོབ་བྱེད་པའི་བསམ་འཆར་འགྲེམ་སྤེལ་བྱས།
2016ལོའི་ཟླ11ཚེས27ཉིན། «ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐོན་དབང་སྲུང་སྐྱོབ་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་ཁྲིམས་ལྟར་ཐོན་དབང་སྲུང་སྐྱོབ་བྱེད་པའི་སྐོར་གྱི་བསམ་འཆར»ཁྱབ་བསྒྲགས་བྱས། འདི་ནི་ཐོན་དབང་སྲུང་སྐྱོབ་ཀྱི་རྩེ་གྲས་ཀྱི་ཇུས་འགོད་ཞིག་ཡིན་པར་མ་ཟད། དྲང་གཞག་དེ་རྩ་དོན་གཙོ་བོ་ཡིན་པའི་ཐོན་དབང་སྲུང་སྐྱོབ་ལམ་ལུགས་འཐུས་ཚང་དུ་བཏང་ཏེ། གཞུང་ལ་དབང་བའི་ལམ་ལུགས་ཀྱི་དཔལ་འབྱོར་དང་གཞུང་ལ་དབང་བ་མ་ཡིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་དང་རྒྱུ་ནོར་དབང་ཆར་གནོད་པ་གཏོང་མི་ཆོག་པ་བཏོན། བསམ་འཆར་གྱི་ནང་དེང་རབས་ཐོན་དབང་ལམ་ལུགས་སྔར་ལས་འཐུས་ཚང་དུ་གཏོང་བ་དང་། ཐོན་དབང་སྲུང་སྐྱོབ་དེ་བཅའ་ཁྲིམས་ཅན་དུ་སྐུལ་འདེད་གཏོང་བའི་རྩ་དོན་ལྔ་གསལ་བོར་བསྟན་པར་མ་ཟད། ཐོན་དབང་སྲུང་སྐྱོབ་ཀྱི་ལས་འགན་ཆེན་པོ་བཅུ་བཏོན།
དགུ། ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་ཡང་བསྐྱར་འདྲི་གཅོད་བྱས་ཏེ་ཉེ་ཧྲུའུ་པེན་ལ་ཉེས་པ་མེད་པའི་ཁྲིམས་ཐག་བཅད།
2016ལོའི་ཟླ12ཚེས2ཉིན། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་སྐོར་སྐྱོད་ཁྲིམས་ར་གཉིས་པས་ཉེ་ཧྲུའུ་པེན་གྱི་གྱོད་གཞིར་ཡང་བསྐྱར་འདྲི་ཞིབ་བྱས་ཏེ། སྔོན་ཆད་ཉེ་ཧྲུའུ་པེན་གྱིས་བསམ་བཞིན་དུ་མི་བསད་པ་དང་། བུད་མེད་ལ་བཙན་གཡེམ་བྱས་པར་མཐའ་གཅིག་ཏུ་ངོས་བཟུང་ནས་ཁྲིམས་ཐག་བཅད་པའི་གནས་ཚུལ་མི་གསལ་བ་དང་ཁུངས་ལུང་མེད་པར་གཞིགས་ཏེ། ཉེ་ཧྲུའུ་པེན་ལ་ཉེས་པ་མེད་པའི་ཁྲིམས་ཐག་བཅད། དེ་ནི་ཏག་ཏག་ཉེ་ཧྲུའུ་པེན་ལ་སྲོག་ཆད་བཅད་ནས་ལོ་ངོ་ཉེར་གཅིག་འགོར་བའི་དུས་རེད། ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས2014ལོའི་ཟླ12པར་ཧྲན་ཏུང་ཞིང་ཆེན་མཐོ་རིམ་ཁྲིམས་ཁང་ལ་གྱོད་གཞི་དེར་བསྐྱར་ཞིབ་བྱེད་པའི་བཀའ་ཕབ་པར་མ་ཟད། 2016ལོའི་ཟླ6པར་གྱོད་གཞི་དེར་བསྐྱར་ཞིབ་བྱས། ཉེ་ཧྲུའུ་པེན་གྱི་གྱོད་གཞི་ནི་ཁྲིམས་འཛིན་ལས་ཁུངས་ཀྱིས་དོགས་གཞི་ཅན་གྱི་གྱོད་གཞི་གཏན་ནས་མེད་པ་དང་བདེན་དཔང་ཤན་འབྱེད་ཀྱི་རྩ་དོན་ལྟར་ཁྲིམས་བསྟུན་གྱིས་ནོར་འཁྲུལ་ཡོ་བསྲང་བྱས་པའི་གྱོད་གཞི་ཆེན་པོ་ཞིག་རེད།
བཅུ། བརྟན་འཇགས་ངང་འཕར་སྣོན་འབྱུང་བ་དེ་རྒྱལ་སྐྱོང་སྲིད་འཛིན་གྱི་རྩ་དོན་གལ་ཆེན་དུ་གྱུར།
2016ལོའི་ཟླ12ཚེས14ནས་ཚེས16ཉིན་བར། ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་པེ་ཅིན་དུ་བསྡུས། གྲོས་ཚོགས་ནས་བརྟན་འཇགས་ངང་འཕར་སྣོན་འབྱུང་བའི་བྱ་བའི་སྤྱིའི་དོན་སྙིང་ནི་རྒྱལ་སྐྱོང་སྲིད་འཛིན་གྱི་རྩ་དོན་གལ་ཆེན་ཡིན་པ་བཏོན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། དཔལ་འབྱོར་འཕེལ་རྒྱས་དེ་གནས་བབ་གསར་བར་ཞུགས་པར་བརྡར་ཤ་ཆེན་པོ་གཅོད་པ་ནས་འཕེལ་རྒྱས་ཀྱི་བསམ་ཕྱོགས་གསར་བ་ཆགས་པར་བྱེད་པ་དེ་མཛུབ་སྟོན་ཏུ་བརྩི་བ་དང་། གྲུབ་ཚུལ་རང་བཞིན་གྱི་བཅོས་སྒྱུར་དེ་གཙོ་བོ་ཡིན་པའི་སྲིད་ཇུས་མ་ལག་འདོན་སྤྲོད་བྱེད་པ་ནས་བརྟན་འཇགས་ངང་འཕར་སྣོན་འབྱུང་བར་བྱེད་པའི་བྱ་བའི་སྤྱིའི་དོན་སྙིང་ལག་ལེན་བྱས་ཏེ། དཔལ་འབྱོར་འཕེལ་རྒྱས་ཀྱི་གནས་བབ་གསར་བ་དང་མཐུན་པའི་དཔལ་འབྱོར་སྲིད་ཇུས་ཀྱི་སྤྱི་ཁོག་ཐོག་མར་བཙུགས། གྲོས་ཚོགས་ནས་བསྟན་དོན། 2016ལོར་རང་རྒྱལ་གྱི་དཔལ་འབྱོར་དེ་བརྟན་བརླིང་ངང་འཕེལ་རྒྱས་སུ་སོང་ཏེ། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་མགོ་ལེགས་པོ་ཞིག་བརྩམས།
ལོ་ཙཱ་བ། སྒྲོལ་མ་སྐྱིད།