དེང་རབས་སྐྱེ་ཁམས་ཞིང་ཕྱུགས་ལས་དང་རྣམ་པ་གསར་བའི་ནུས་ཁུངས་གཙང་མའི་ཐོན་ལས། རིག་གནས་གནས་སྐོར་དང་ཞབས་ཞུའི་ལས་རིགས་བཅས་ཐོན་ལས་ཆེན་པོ་གསུམ་གྱི་རྟེན་གཞིའི་རྨང་གཞི་འཛུགས་སྐྲུན་ཡོངས་འགྲུབ་བྱས་ཡོད་ལ། སྐྱེ་ཁམས་ཀྱི་ལྷད་མེད་ཐོན་ལས་ཀྱི་རྨང་གཞི་ཐོག་མར་ཆགས་ཡོད་པས། ཁྱད་ལྡན་ཐོན་རྫས་དེ་ཀྲུང་གོའི་ནུབ་རྒྱུད་ས་ཁུལ་དུ་མིང་དུ་གྲགས་ཡོད་ལ་ཁྱད་སྟོབས་ཧ་ཅང་མངོན་གསལ་སྒོས་ཇེ་དྲག་ཏུ་འགྲོ་བཞིན་ཡོད། མཚོ་ལྷོ་ཁུལ་གྱིས་སྐྱེ་ཁམས་སྔོན་ལ་ལག་བསྟར་བྱེད་པ་དང་ལྷད་མེད་འཕེལ་རྒྱས་གཏོང་བ་རྒྱུན་འཁྱོངས་བྱས་ཏེ། གསར་སྐྲུན་འཕེལ་རྒྱས་ཀྱི་རྩ་དོན་ལྟར། རྣམ་པ་གསར་བའི་ནུས་ཁུངས་གཙང་མའི་ཐོན་ལས་འཕེལ་རྒྱས་ཇེ་མགྱོགས་སུ་བཏང་ནས། ལྷད་མེད་ཐོན་ལས་གཅིག་བསྡུས་སྒོས་གསར་དུ་བཙུགས། མ་འོངས་བའི་ལོ་ལྔའི་ནང་། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས“ནན་ནན་ཏིག་ཏིག་བཞིའི”བླང་བྱ་གལ་ཆེན་ནན་ཏན་སྒོས་ལག་ལེན་དངོས་འབེབ་བྱས་ཏེ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པའི་སྤྱིའི་དམིགས་འབེན་ལ་དམ་པོར་དམིགས་ནས། ཧུར་ཐག་གིས་མཚོ་ལྷོའི་ཁྱད་ཆོས་ལྡན་པའི་ལྷད་མེད་འཁོར་སྐྱོད་ཐོན་ལས་མ་ལག་གསོ་སྤེལ་བྱས་ཏེ། ལྷད་མེད་འཕེལ་རྒྱས་ལ་རྨང་གཞི་བརྟན་པོ་འདིང་དགོས། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་ལྷད་མེད་ཐོན་ལས་གཅིག་བསྡུས་འཕེལ་རྒྱས་ཀྱི་དམིགས་འབེན་གཙོ་བོ་མངོན་འགྱུར་བྱ་ཆེད། ནམ་མཁའ་གཡའ་དག་པ་དང་རི་ཀླུང་དང་ས་གཞི་སྔོ་ཞིང་ལྗང་བ། ཆུ་དྭངས་བའི་མཛེས་སྡུག་གི་ཁྱིམ་གཞིས་འཛུགས་སྐྲུན་བྱེད་དགོས།
མཚོ་ལྷོ་ཁུལ་གྱིས་སྐྱེ་ཁམས་སྔོན་ལ་ལག་བསྟར་བྱེད་པ་དང་ལྷད་མེད་འཕེལ་རྒྱས་བྱེད་པ་རྒྱུན་འཁྱོངས་བྱས་ནས། གསར་སྐྲུན་འཕེལ་རྒྱས་ཀྱི་རྩ་དོན་ལྟར། རྣམ་པ་གསར་བའི་ནུས་ཁུངས་གཙང་མའི་ཐོན་ལས་འཕེལ་རྒྱས་གཏོང་ཚད་ཇེ་མགྱོགས་སུ་བཏང་སྟེ། ལྷད་མེད་ཐོན་ལས་ཀྱི་གཅིག་བསྡུས་ནུས་ཤུགས་བཙུགས། སྐྱེ་ཁམས་ཞིང་ཕྱུགས་ལས་འཛུགས་སྐྲུན་དང་ལྷད་མེད་བཟོ་ལས། དེང་རབས་ཞབས་ཞུ་གཙོར་ཡིན་པའི་ཐཱན་དམའ་བའི་འཁོར་སྐྱོད་ཐོན་ལས་མ་ལག་དམིགས་འབེན་དུ་བརྩིས་ནས། བཟོ་ལས་དང་ཞིང་ལས་གཅིག་བསྡུས་འཁོར་སྐྱོད་བྱེད་པའི་འཕེལ་རྒྱས་དཔེ་སྟོན་ས་ཁུལ་འཛུགས་སྐྲུན་བྱས་ཏེ། དཔལ་འབྱོར་ཕན་འབྲས་དང་སྤྱི་ཚོགས་ཕན་འབྲས། སྐྱེ་ཁམས་ཕན་འབྲས་བཅས་གཅིག་གྱུར་བྱེད་པ་རྒྱུན་འཁྱོངས་བྱས། ས་གནས་ཀྱི་ཁྱད་ལྡན་ཁྱད་སྟོབས་ཐོན་ཁུངས་གསར་སྤེལ་དང་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ལ་རྒྱུན་འཁྱོངས་བྱེད་པ་མགོ་རྩོམ་སར་བརྩིས་ནས། གཅིག་གྱུར་སྒོས་ནུས་ཁུངས་ཀྱི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ལ་སྐུལ་འདེད་བྱས་ཏེ། སྒོ་འབྱེད་དང་སྣ་མང་། གཙང་མ། བདེ་འཇགས། ཕན་ནུས་མཐོ་བ། རྒྱུན་མཐུད་འཕེལ་རྒྱས་ཀྱི་ནུས་ཁུངས་འགན་སྲུང་མ་ལག་བཙུགས།
ནུས་ཤུགས་ཡོད་དགུས་ཆུ་ནུས་དང་འོད་ནུས། རླུང་ནུས། ས་འོག་ཚ་ནུས་སོགས་ནུས་ཁུངས་རྩད་གཅོད་དང་གསར་སྤེལ་བཀོལ་སྤྱོད་ལ་སྐུལ་འདེད་བྱས་ཏེ། དཔེ་སྟོན་ས་ཁུལ་གྱི་སྣེ་ཁྲིད་ནུས་པ་ཇེ་དྲག་ཏུ་གཏོང་བ་དང་། གློག་ཤུགས་ཕྱིར་འདྲེན་ཚད་ཇེ་ཆེར་བཏང་ནས། 2020ལོར་འོད་ཧྥུ་གློག་འདོན་དང་རླུང་གློག་གིས་སྒྲིག་སྦྱོར་བྱས་པའི་འཕྲུལ་ཆས་ཐད་ཐོལ་བརྒལ་ཆེན་པོ་འབྱུང་བ་དང་། ལྡབ་འཕར་ཡོང་བ་བརྩོན་ལེན་བྱེད་རྒྱུ་རེད། ནུས་ཤུགས་ཡོད་དགུས་རྒྱལ་ཡོངས་ཀྱི་རླུང་དང་ཆུ། འོད་བཅས་ཟུང་འབྲེལ་བྱེད་པའི་ནུས་ཁུངས་གཙང་མའི་རྟེན་གཞི་དང་། ཞིང་ཆེན་ཡོངས་ཀྱི་ནུས་ཁུངས་གསར་བའི་ཐོན་ལས་འཕེལ་རྒྱས་ཀྱི་རྟེན་གཞི་གལ་ཆེན། མཚོ་སྔོན“ནུབ་གློག་ཤར་དུ་བསྐྱལ་བའི”རྣམ་པ་གསར་བའི་དྭངས་གཙང་ནུས་ཁུངས་ཕྱིར་འདྲེན་རྟེན་གཞི་བཅས་ལེགས་བཟོ་བྱེད་རྒྱུ་རེད།
མཚོ་སྐོར་དེང་རབས་སྐྱེ་ཁམས་ཞིང་ཕྱུགས་ལས་དང་རྨ་ཆུའི་བཞུར་རྒྱུད་ཀྱི་དེང་རབས་སྐྱེ་ཁམས་འཁོར་སྐྱོད་ཞིང་ཕྱུགས་ལས། ལྷོ་ཕྱོགས་མཐོ་འཁྱག་འབྲོག་ཁུལ་གྱི་སྐྱེ་ཁམས་ཕྱུགས་ལས་བཅས“ཐོན་ལས་ཆེན་པོ་གསུམ་གྱི་དཔལ་འབྱོར་རྒྱུད”མགྱོགས་མྱུར་སྒོས་བཙུགས་ཏེ། ནུས་ཤུགས་ཡོད་དགུས་ཁྱིམ་ཚང་ཕྱུགས་ར་དང་མཉམ་ལས་དཔལ་འབྱོར་རྩ་འཛུགས་ལ་བརྟེན་ནས་ཞིང་ཕྱུགས་ལས་གསོ་སྤེལ་རྟེན་གཞི་འཕེལ་རྒྱས་བཏང་ནས། ཕྱོགས་ཡོངས་ནས་ཁུལ་ཡོངས་ཀྱི་རྩྭ་སའི་སྐྱེ་ཁམས་ཕྱུགས་ལས་ཚོད་ལྟ་ས་ཁུལ་དང་ཀོས་ནན་རྫོང་ཤེས་རབ་སྐྱེ་ཁམས་ཕྱུགས་ལས་ཕྱོགས་བསྡུས་ལག་རྩལ་དཔེ་སྟོན་ས་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་བྱེད་པ་དང་། ཁྲི་ཀའི་ཞིང་ཕྱུགས་ཐོན་རྫས་དང་གུང་ཧོ་དང་ཀོས་ནན་གྱི་སྐྱེ་ཁམས་རྩྭ་ལས། ཞིན་ཧེ་ཧོལ་ཁ་ཡི་སྐྱེ་ལྡན་ཕྱུགས་ལས་སོགས་ཁྱད་ལྡན་སྤུས་ལེགས་ཐོན་རྫས་ལ་རྒྱབ་སྐྱོར་དང་འཕེལ་རྒྱས་བཏང་ནས། རྩྭ་ལྟར་ཕྱུགས་དར་སྤེལ་གཏོང་བ་རྒྱུན་འཁྱོངས་བྱེད་པ་དང་། རྩྭའི་ཐོན་ཁུངས་བེད་སྤྱོད་བྱེད་ཚད་ཇེ་མཐོར་བཏང་ནས། “ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”མཇུག་ཏུ། མཚོ་ལྷོ་ཁུལ་དེ་ཞིང་ཆེན་ཡོངས་ཀྱི་རྩྭའི་ཐོན་ལས་འཕེལ་རྒྱས་ཀྱི་དཔེ་སྟོན་ས་ཁུལ་དང་། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་གཟན་རྩྭའི་མཁོ་འདོན་རྟེན་གཞི་རུ་འགྱུར་རྒྱུ་བརྩོན་ལེན་བྱེད་རྒྱུ་རེད།
དེང་རབས་ཁེ་ལས་འཛུགས་སྐྲུན་གྱི་འཕེལ་རིམ་ལ་མགྱོགས་མྱུར་སྒོས་སྐུལ་འདེད་བྱས་ཏེ། ཞིང་ཕྱུགས་ཐོན་རྫས་ལས་སྣོན་དང་གོན་པ་བཟོ་བ། སྨན་ལས་པ། འཛུགས་སྐྲུན་རྒྱུ་ཆ་དང་ནུས་ཁུངས་གསར་བ་སོགས་གཙོར་ཡིན་པའི་ས་གནས་ཀྱི་བཟོ་ལས་དང་སྦྲང་རྩིའི་ཐོན་རྫས། བོད་ལྭ་དང་གཙགས་དྲུབ། མི་རིགས་ལག་རྩལ་བཟོ་ལས་སོགས་ཁྱད་ལྡན་ཐོན་རྫས་ཇེ་རྒྱས་ཇེ་ལེགས་སུ་བཏང་ནས། ཁྱད་ལྡན་ཁྱད་སྟོབས་ཐོན་རྫས་ཀྱི་ཕན་ནུས་ཇེ་ཆེར་གཏོང་བ་དང་། ཧུར་ཐག་གིས་མཚོ་ལྷོ་དེ་ཞིང་ཆེན་ཡོངས་ཀྱི་ལྷད་མེད་སྐྱེ་ཁམས་ཐོན་རྫས་ལས་སྣོན་ཞིབ་ཚགས་བྱེད་སའི་ཐོན་སྐྱེད་རྟེན་གཞི་རུ་འགྲུབ་པར་བྱེད་རྒྱུ་རེད། མཚོ་ལྷོ་ཁུལ་དེ་ནུས་ཁུངས་གསར་བའི་དཔེ་སྟོན་གྲོང་ཁྱེར་དུ་འཛུགས་སྐྲུན་བྱེད་པ་སྐུལ་འདེད་བྱས་ཏེ། གཙོ་བོར་སྐྱེ་དངོས་སྨན་རྫས་དང་ཁྱད་ལྡན་སྐྱེ་དངོས་ཐོན་ཁུངས་གསར་སྤེལ་བཀོལ་སྤྱོད་དང་དེ་མིན་གཏེར་ཁའི་ཐོན་ཁུངས་ལེགས་བསྡུས་ཞིབ་གཉེར་སྒོས་གྲོན་ཆུང་དང་འཁོར་སྐྱོད་བེད་སྤྱོད་བྱས་ནས། མགྱོགས་མྱུར་སྒོས་སྐྱེ་དངོས་བཟོ་སྐྲུན་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་འཁོར་སྐྱོད་དཔལ་འབྱོར་སོགས་གསར་དར་ཐོན་ལས་གསོ་སྤེལ་བྱས་ཏེ། བློ་བརྟན་འགྱུར་མེད་སྒོས་ལྷད་མེད་ཐཱན་དམའ་བའི་འཕེལ་རྒྱས་བགྲོད་ལམ་དུ་བསྙེགས་ནས། ཧུར་ཐག་གིས་ལྷད་མེད་དཔལ་འབྱོར་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་བཏོད་དགོས།
ལོ་ཙཱ་བ། ཤ་བོ་རིན་མཚོ།