མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཞིན་ཧེ་རྫོང་གི་རོང་འབྲོག་ཁྱིམ་ཚང་སྟོང་དྲུག་ལྷག་རྫོང་མཁར་དུ་ཡོང་ནས་གཏན་སྡོད་བྱས།
2017.01.10 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 25

“སྔོན་ཆད་རྫོང་མཁར་དུ་འགྲོ་ན་དུས་ཚོད་དྲུག་བདུན་ཙམ་དུ་འགྲོ་དགོས་ལ་ད་སྐབས་བྱིས་པ་སློབ་གྲྭར་འགྲོ་བ་དང་ཚོང་རར་སོང་ནས་དངོས་པོ་ཉོ་བ། ནད་བརྟག་སྨན་བཅོས་བྱེད་པ་སོགས་གང་ཡིན་ཡང་ཧ་ཅང་སྟབས་བདེ་ཡིན། ང་ཚོ་འབྲོག་དམངས་དེང་སྐབས་ཀྱི་འཚོ་བར་ཧ་ཅང་ཡིད་ཚིམ་ཡོད ”ཅེས་གནས་སྤར་རྗེས་ཀྱི་འཚོ་བའི་ཕྱོགས་ནས་ལོ་བཞི་བཅུ་ལྷག་ལ་བུད་ཡོད་པའི་རྟ་བྷོ་ཡིས་གདོང་ལ་འཛུན་གྱིས་ཁེངས་ནས་དེ་ལྟར་བཤད་བྱུང་།

རྟ་བྷོ་ཚང་ནི་གཙང་གསུམ་འབྱུང་ཡུལ་རང་བྱུང་སྲུང་སྐྱོབ་ས་ཁུལ་ཁྱབ་ཁོངས་ཀྱི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཞིན་ཧེ་རྫོང་དུ་ཡོད། རྫོང་ཡོངས་སུ་རོང་འབྲོག་དམངས་ཁྲི་ལྔ་ཡི་ཁྲོད། ཉེ་བའི་ལོ་འགའི་རིང་ལ་རྟ་བྷོ་ཚང་དང་འདྲ་བར་རྫོང་མཁར་དུ་མི་ཁྲི་གཉིས་དང་སྟོང་གཅིག་བཞི་བརྒྱ་ཡིས་གནས་སྤར་བ་དང་། དེའི་རྫོང་ཡོངས་ཀྱི་རོང་འབྲོག་དམངས་སྤྱིའི་མི་གྲངས་ཀྱི་བརྒྱ་ཆའི་བཞི་བཅུ་ཟིན་ཡོད། རྩྭ་ཐང་གི་སྐྱེ་ཁམས་སྲུང་བྱེད་པ་དང་སྔ་མོ་ནས་དབུལ་ཕོངས་ལས་ཐར་ཆེད། ལོ་ངོ་སྟོང་ཕྲག་རིང་ལ་རྩྭ་ཆུ་བསྙེགས་ནས་ཕྱུགས་འཚོ་བ་དང་ཞིང་འདེབས་པའི་འཚོ་བ་དང་བྲལ་ཏེ་རྫོང་མཁར་དུ་གནས་སྤར་ནས་འཚོ་བ་རོལ་སྟངས་གསར་བ་ཞིག་གི་འགོ་བརྩམས།

འཚོ་བ་རོལ་སྟངས་བསྒྱུར་བ་དེས་ཞིན་ཧེ་རྫོང་གིས་གཙང་གསུམ་འབྱུང་ཡུལ་སྐྱེ་ཁམས་གནས་སྤོར་བཟོ་སྐྲུན་དང་འབྲོག་དམངས་གཏན་སྡོད་བཟོ་སྐྲུན། ས་གནས་གཞན་དུ་གནས་སྤོར་བར་རོགས་རམ་བྱེད་པ་སོགས་དམངས་ཚིས་ལས་གཞིའི་བཟོ་སྐྲུན་ལ་གྲུབ་འབྲས་ཐོབ་པ་དང་། ལྷག་པར་དུ་མཁར་གྲོང་གི་འགན་སྲུང་རང་བཞིན་གྱི་སྡོད་ཁང་བཀོད་སྒྲིག་བྱས་ནས་མཁར་གྲོང་དུ་ཡོང་བའི་རོང་འབྲོག་དམངས་ཀྱི་འཚོ་བར་བཅོས་སྒྱུར་བྱེད་ཐབས་ཀྱིས་རོང་འབྲོག་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཆེད་དུ་ས་གནས་གཞན་ལ་གནས་སྤོར་བར་ཡང་རོགས་རམ་བྱས།
མིག་སྔར། རྫོང་ཡོངས་སུ་སྡོམ་པས་སྲིད་ཇུས་རང་བཞིན་གྱི་རིགས་སྣ་ཚོགས་ཀྱི་སྡོད་ཁང་ཁྲི་གཉིས་དང་སྟོང་གཉིས་བཞི་བརྒྱ་བཅོ་ལྔ་འཛུགས་སྐྲུན་བྱས་པ་དང་། ཁྱིམ་ཚང་སྟོང་དྲུག་དང་དགུ་བཅུ་གོ་བརྒྱད་ཀྱི་མི་གྲངས་ཁྲི་གཉིས་དང་སྟོང་གཅིག་བཞི་བརྒྱ་སོ་ལྔ་རྫོང་མཁར་དུ་ཡོང་ནས་གཏན་སྡོད་བྱས་པ་དང་དེས་རྫོང་ཡོངས་ཀྱི་རོང་འབྲོག་དམངས་ཀྱི་སྤྱིའི་མི་གྲངས་ཀྱི་བརྒྱ་ཆའི་བཞི་བཅུ་དང་གྲངས་ཆུང་གསུམ་གསུམ་ཟིན་པ་དང་། གྲོང་རྡལ་སྤྱིའི་མི་གྲངས་ཀྱི་བརྒྱ་ཆའི་ཉེར་དྲུག་དང་གྲངས་ཆུང་གཉིས་ཟིན་ལ། གྲོང་རྡལ་དུ་འགྱུར་ཚད་བརྒྱ་ཆའི་སུམ་ཅུ་སོ་བཞི་དང་གྲངས་ཆུང་བཞི་བརྒྱད་ཡིན།

འབྲོང་མཐིལ་ཞང་ར་མོ་སྡེ་བའི་རྟ་བྷོ་ནི་ད་སྐབས་རྩྭི་གོར་ཐང་གྲོང་རྡལ་གྱི་མི་ཡིན། ཁོ་ཚང་ནི་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་གནས་སྤོར་གྲས་ཀྱི་ཡིན་པ་དང་ཁོ་ཚང་གི་བཟའ་མི་དྲུག་པོའང་2009ལོར་རྩྭི་གོར་ཐང་དུ་གནས་སྤར་བ་རེད།
རྟ་བྷོས་བཤད་རྒྱུར། སྔོན་ཆད་སྡེ་བའི་ནང་གི་ཁང་པ་ཚང་མ་ས་ཁང་ཡིན། ད་ལྟའི་འདི་འདྲའི་ཆ་རྐྱེན་ཞིག་གང་ན་ཡོད་ཟེར། ཁོའི་བློ་ངོས་སུ་ལོ་ངོ་བཅུ་ཕྲག་ལྷག་གི་འཚོ་བ་དེའང་ཁོའི་ཕ་མེས་ཡང་མེས་དང་འདྲ་བར་འགྱུར་ལྡོག་ཅི་ཡང་མེད་པ་དང་ཁོ་ཚང་གི་ཕྱུག་འགྱུར་ལམ་ཡང་ཕ་གིའི་རི་ལམ་དང་འདྲ་བར་ཀྱག་ཀྱོག་ཞིག་ཡིན། ས་གནས་འདིར་གནས་སྤར་རྗེས་ཁྱིམ་ཚང་རེ་རེར་གྲལ་དག་པའི་ཁྱིམ་གཞིས་ཆུང་ཆུང་རེ་ཡོད་པ་དང་རང་སྒེར་གྱི་བྱ་བ་ཅི་ཞིག་སྒྲུབ་ན་སྒོ་ཕྱི་རུ་བུད་མ་ཐག་སྡོད་ཁུལ་ཡིན་པས་སྟབས་ཧ་ཅང་བདེ་ཟེར།

དུས་ཡུན་ཐུང་ཐུང་ལོ་འགའི་རིང་ལ། ཞིན་ཧེ་རྫོང་དུ་སྡོམ་པས་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་གནས་སྤོར་ཁྱིམ་ཚང་སྟོང་གཅིག་དང་དྲུག་ཅུ་རེ་ལྔ་གཏན་སྡོད་བྱས་ཡོད། ཞིན་ཧེ་རྫོང་གཙང་གསུམ་འབྱུང་ཡུལ་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་ཀྲོ་ཀང་གིས་བཟོ་སྐྲུན་འདི་ལག་བསྟར་བྱས་པ་དེ་རོང་འབྲོག་དམངས་ཀྱི་འཚོ་བའི་ཁོར་ཡུག་ལེགས་བཅོས་བྱས་པ་ཙམ་མ་ཡིན་པར་སྐྱེ་ཁམས་གནས་སྤོར་དང་བསྟུན་ནས་རང་བྱུང་སྐྱེ་ཁམས་སླར་གསོ་བྱེད་པ་དང་ཞིང་ཕྱུགས་ལས་ཀྱིས་སྐྱེ་ཁམས་ལ་བཟོས་པའི་གནོད་པ་ཇེ་ཆུང་དུ་གྱུར་བ། འབྲོག་ཁུལ་གྱི་རྩྭ་སའི་ཁུར་བོ་ཇེ་ཡང་དུ་སོང་སྟེ། ཅུང་བཟང་བོའི་སྒོ་ནས་རྩྭ་སའི་ཕྱུགས་ལས་རྒྱུན་མཐུད་ངང་འཕེལ་རྒྱས་སུ་འགྲོ་བའི་རྣམ་པ་ཇེ་ལེགས་སུ་བཏང་། བརྟག་དཔྱད་བྱས་པ་བརྒྱུད། ས་ཁུལ་ཁ་ཤས་སུ་རྩྭ་ས་མུའུ་རེའི་སྟེང་རྩྭ་སྤྱི་རྒྱ་སུམ་ཅུ་ཡིས་ཇེ་མང་དུ་སོང་ཡོད་ཟེར།

རྟ་བྷོ་རང་ཉིད་ཀྱི་འཚོ་བར་ཡིད་ཚིམ་པའི་ངང་ཁ་བརྡ་བྱེད་སྐབས། སྡོད་ཁུལ་དེ་རུ་ཡོད་པའི་དུང་བྷོ་ཚང་གིས་དྲོས་ཇ་འཐུང་བཞིན་པའི་སྒང་ཡིན་ལ། འདི་ལྟ་བུའི་ཁང་པ་སྐྱིད་པོ་ཞིག་གི་འདུག་ཐུབ་པར་གྱུར་བ་ནི་ཁོ་ཚང་གི་བདེ་སྐྱིད་ཡིན་ཟེར།   དུང་བྷོ་ཡི་བུ་མོ་ལྷ་མོ་འཚོས་བཤད་རྒྱུར། ངེད་ཚང་ནི་ཆུ་ཁོལ་ཞང་རྐ་ཁོག་སྡེ་བའི་ཡིན། ལོ་འགའི་སྔོན་ལ་ཨ་ཕའི་ནད་གསོ་བཅོས་བྱེད་པའི་ཆེད་དུ་རྫོང་མཁར་དུ་ཡོང་བ་དང་ཡོང་སྒོའང་གཅིག་ཀྱང་མེད། ཁྱིམ་ཚང་གི་འགྲོ་སྒོ་ཧ་ཅང་ཆེ་བས་ང་ཚོ་ཅི་བྱ་གཏོལ་མེད་དུ་གྱུར་བའི་སྐབས་སུ། རྫོང་ཐོག་གི་འགན་སྲུང་ཁང་པར་རེ་འདོད་ཞུས་ཆོག་པའི་གནས་ཚུལ་ཐོས་ཟེར། སྐབས་དེར་གསར་འགོད་པའི་སེམས་ལ་རོང་འབྲོག་པ་རྫོང་མཁར་དུ་ཡོང་ནས་གཏན་སྡོད་བྱེད་ན་འགན་སྲུང་ཁང་པར་རེ་འདོད་ཞུས་ཆོག་གམ་འདོད་ནས་དྲིས་པ་ན། ཞིན་ཧེ་རྫོང་སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་ཨིག་ལིས་ཧོང་གིས་བཤད་རྒྱུར། གྲོང་རྡལ་སྡོད་དམངས་ཀྱི་སྡོད་ཁང་དཀའ་ཁག་ཐག་གིས་བཅད་རྗེས། རྫོང་ཐོག་ཏུ་ད་དུང་ཁང་པ་སྟོང་བ་འགའ་རེ་ཡོད། འགན་སྲུང་རང་བཞིན་གྱི་སྡོད་ཁང་གི་ཕན་ནུས་གང་ལེགས་སྒོས་འདོན་སྤེལ་བྱེད་ཆེད། ང་ཚོས་རྫོང་ཡོངས་ཀྱི་རྫོང་མཁར་དུ་གཏན་སྡོད་བྱས་པའི་ཁྱིམ་ཚང་དང་རོང་འབྲོག་ངལ་རྩོལ་པ། སློབ་གྲྭ་འབྲིང་ཆུང་གི་སློབ་མའི་ཁྱིམ་བདག རོང་འབྲོག་ཁུལ་གྱི་ལོ་ལོན་ཁེར་འདུག་བཅས་ཀྱི་འདུག་ཁང་ཆ་རྐྱེན་ལ་རྟོག་ཞིབ་བྱས་རྗེས། ཁོ་ཚོས་རྫོང་མཁར་དུ་རིན་གོང་མཐོན་པོ་བྱིན་ནས་འདུག་ཁང་གླས་ཡོད་པ་ཤེས་པ་དང་། ཁང་པ་དེ་དག་གི་རྒྱ་ཁྱོན་ཆུང་ལ་ཆ་རྐྱེན་ཞན་པ། རྨང་གཞིའི་སྒྲིག་ཆས་འཐུས་ཚང་མིན་པ། ཐ་ན་བདེ་འཇགས་མིན་པའི་གནད་དོན་ཡང་ཡོད་པ་རེད། གནས་ཚུལ་དེ་དག་ལ་བསམ་གཞིགས་བཏང་སྟེ་ང་ཚོས་ཁྱིམ་ཐོའི་ལམ་ལུགས་གཏིང་ཟབ་ཏུ་བཅོས་སྒྱུར་བྱེད་པ་གོ་སྐབས་སུ་བརྩིས་ནས་དངོས་གནས་སྡོད་ཁང་གི་དཀའ་ཁག་ཡོད་པའི་རྫོང་མཁར་གྱི་རོང་འབྲོག་དམངས་ལ་ཆ་རྐྱེན་ངེས་ཅན་ལྡན་ཚེ་འགན་སྲུང་རང་བཞིན་གྱི་སྡོད་ཁང་བཀོད་སྒྲིག་བྱེད་པའི་ཁྱབ་ཁོངས་ནང་བཞག

ཞིན་ཧེ་རྫོང་གིས་དེ་ལྟར་འགན་སྲུང་རང་བཞིན་གྱི་སྡོད་ཁང་བཀོད་སྒྲིག་བྱེད་པ་དེ་འགོ་རྩོམ་སར་བརྩིས་ནས་རྫོང་ཡོངས་ཀྱི་རོང་འབྲོག་ཁྱིམ་ཚང་སྟོང་གཉིས་དང་བཞི་བཅུ་ཞེ་དྲུག་གི་འདུག་ཁང་དཀའ་ཁག་ཐག་གིས་བཅད། ཞིན་ཧེ་རྫོང་གི་ཡིག་ཚགས་ལས་མངོན་པ་ལྟར་ན། འདས་པའི་ལོ་འགའི་རིང་ལ། རྫོང་ཡོངས་སུ་གཙང་གསུམ་འབྱུང་ཡུལ་སྐྱེ་ཁམས་སྲུང་སྐྱོབ་བྱེད་ཆེད་ཁྱིམ་ཚང་སྟོང་གཅིག་དང་དྲུག་ཅུ་རེ་དྲུག་གི་མི་གྲངས་སྟོང་ལྔ་དང་བརྒྱད་བརྒྱ་ང་བདུན་ས་གནས་གཞན་དུ་གནས་སྤར་བ་དང་། འབྲོག་ཁྱིམ་སྟོང་གཅིག་དང་ལྔ་བརྒྱ་བཅུ་གསུམ་གྱི་མི་གྲངས་སྟོང་བཞི་དང་ལྔ་བརྒྱ་གཏན་སྡོད་བྱས། ཁྱིམ་ཚང་ལྔ་བརྒྱ་དང་དགུ་བཅུའི་མི་གྲངས་སྟོང་གཉིས་དང་དགུ་བརྒྱ་བཅུ་བཞི་ལ་རོགས་སྐྱོར་བྱས་ནས་ས་གནས་གཞན་དུ་གནས་སྤོར་བར་བཀོད་སྒྲིག་བྱས། ཁྱིམ་ཚང་སྟོང་གཉིས་དང་བཞི་བཅུ་ཞེ་དྲུག་གི་མི་གྲངས་སྟོང་ལྔ་དང་དྲུག་བརྒྱ་ལྔ་བཅུ་ང་བརྒྱད་ལ་འགན་སྲུང་རང་བཞིན་གྱི་སྡོད་ཁང་བཀོད་སྒྲིག་བྱས། རོང་འབྲོག་ཁྱིམ་ཚང་བརྒྱད་བརྒྱ་གྱ་བཞི་ཡི་མི་གྲངས་སྟོང་གཉིས་དང་ལྔ་བརྒྱ་དྲུག་རང་འགུལ་གྱིས་རྫོང་མཁར་དུ་ཡོང་ནས་གཏན་སྡོད་བྱས།

ཐང་ནག་ཞང་སེང་ལྡིང་སྡེ་བ་མཚོ་ངོས་ལས་དམའ་བ་དང་ནམ་ཟླ་བཟང་བ། རྫོང་ཡོངས་ཀྱི་རང་བྱུང་ཆ་རྐྱེན་ཧ་ཅང་བཟང་བའི་ཞིང་ཕྱུགས་གཉིས་ཀ་འཛོམས་པའི་ས་ཁུལ་ཞིག་ཡིན་མོད། འོན་ཀྱང་སྡེ་བ་དེ་རི་འདབས་སུ་ཆགས་པས་ཞིང་ལས་ཀྱི་ཐོན་ཚད་མཐོ་ནའང་དབྱར་དུས་སུ་དྲག་ཆར་བབས་ན་ཆུ་ལོག་རྒྱུགས་པ་དང་འདམ་ཟེགས་བཞུར་བ། རི་ཉིལ་བ་སོགས་ཀྱི་རང་བྱུང་གནོད་འཚེ་འབྱུང་སླ་བས། སྡེ་དམངས་རྣམས་ཀྱིས་ལོ་ཏོག་འབྲི་རྡོག་གཅིག་ཀྱང་བསྡུ་མི་ཐུབ་པའི་གནས་ཚུལ་རྒྱུན་དུ་འབྱུང་གིན་ཡོད། དེ་བས་རང་བྱུང་གནོད་འཚེས་སྡེ་བའི་ཞིང་ལས་ལོ་ཏོག་ལ་ཤུགས་རྐྱེན་ཐེབས་པ་མ་ཟད། སྡེ་བའི་བདེ་འཇགས་ལའང་ཤུགས་རྐྱེན་ཐེབས་ཀྱིན་ཡོད།

ཞིན་ཧེ་རྫོང་དབུལ་སྐྱོར་གསར་སྤེལ་ཅུའུ་ཡི་ཅུའུ་ཀྲང་ལྕགས་བྱམས་ཐར་གྱིས་བཤད་རྒྱུར། 2014ལོར། ང་ཚོས་ཁྱོན་ཡོངས་ལ་འཆར་འགོད་བྱས་ཏེ་ཁག་བགོས་ལག་བསྟར་བྱེད་པའི་རྩ་དོན་ལྟར་མ་དངུལ་སྒོར་བྱེ་བ་གཅིག་དང་ས་ཡ་ལྔ་འབུམ་བདུན་ཁྲི་གཉིས་སྟོང་བརྒྱད་བཏང་སྟེ། རུ་ཁག་དྲུག་གི་ཁྱིམ་ཚང་ཉིས་བརྒྱའི་རོང་འབྲོག་མང་ཚོགས་ས་གནས་གཞན་དུ་གནས་སྤོར་བ་ལག་བསྟར་བྱས་པ་མ་ཟད། ད་དུང་མཛེས་པའི་ཞང་གྲོང་འཛུགས་སྐྲུན་གྱི་རེ་བ་ལྟར། ཁང་པ་དང་ར་སྐོར། ཆུ་གློག་ལམ་གསུམ་གྱི་བཟོ་སྐྲུན་སོགས་ཕྱོགས་སུ་ཁྱོན་ཡོངས་ནས་འཆར་འགོད་བྱས་ཟེར།

ད་ལོར་ལོ་སུམ་ཅུར་བུད་པའི་པད་མ་བསྟན་འཛིན་ནི་སྡེ་བའི་ནང་གི་ཕྱུག་སྒྱུར་སྣེ་ཁྲིད་པ་ཞིག་ཡིན། གནས་སྤོར་མ་བྱས་པའི་སྔོན་གྱི་གནས་ཚུལ་སྐོར་ནས་ཁོས་བཤད་རྒྱུར། སྔོན་ཆད་སྡེ་བའི་ནང་དུ་རྡོ་ཟེགས་ཀྱི་ལམ་ཞིག་མ་གཏོགས་མེད་ལ། རྫོང་མཁར་དུ་ལམ་ཐག་མི་རིང་ནའང་ཆར་བ་བབས་ནས་རི་ཉིལ་བའི་སྐབས་སུ་ཕར་ལ་འགྲོ་མི་ཐུབ་ལ་ཚུར་ལའང་ཡོང་མི་ཐུབ་པས། མི་ལ་ན་ཚ་བྱུང་བ་དང་བྱིས་པ་སློབ་གྲྭར་འགྲོ་བར་དཀའ་ཁག་ཧ་ཅང་ཆེ། ང་ཕྱི་རོལ་ཏུ་སོང་ནས་ལས་ཀ་ལས་སྐབས་རྒྱུན་དུ་སེམས་ལ་དུས་ནམ་ཞིག་ལ་ང་ཚོ་ཡང་རྫོང་མཁར་དུ་གཞི་འདུག་བྱེད་ཐུབ་བབ་སྙམ་ཞེས་ཟེར།

ལས་གཞི་ལག་བསྟར་བྱས་པ་བརྒྱུད་དེ་སེང་ལྡིང་སྡེ་བའི་སྡེ་དམངས་རྣམས་རི་མཐོ་ལུང་ཟབ་དང་ཁ་བྲལ་ནས་རྫོང་མཁར་དུ་ཡོང་ནས་གཞི་འདུག་བྱས། འདུག་གནས་སྤར་རྗེས་ཀྱི་སྡེ་གསར་ནང་དུ་ཆུ་དང་གློག ལམ། རྒྱང་སྒྲོག་བརྙན་འཕྲིན། འཕྲིན་གཏོང་། སློབ་གསོ། འཕྲོད་སྟེན་སོགས་སྤྱི་བའི་ཞབས་ཞུའི་སྒྲིག་ཆས་འཐུས་ཚང་ཡིན་པ་དང་། ར་སྐོར་དང་སྒོ་ཆེན། སྤྱོད་ཁང་སོགས་ཀྱང་གཅིག་གྱུར་སྒོས་ལེགས་བཅོས་བྱས་པ། གཞུང་ལམ་ཚང་མ་ཨར་འདམ་གྱི་ལམ་དུ་བསྒྱུར་བ་མ་ཟད། ཁོར་ར་ཁོར་ཡུག་ཀྱང་ལྗང་སྒྱུར་བྱས་པ་ཧ་ཅང་ལེགས།
ད་ལོར་ལོ་བརྒྱད་ཅུར་བུད་ཡོད་པའི་ལྔ་སྐྱོང་ཁྱིམ་ཚང་གཡང་དཀར་ནི་དེང་ཐོག་ཧོལ་ཁ་གྲོང་རྡལ་དར་དམར་སྡེ་བའི་ནང་བསྡད་ཡོད་པ་དང་། ལོ་མང་པོ་ཞིག་གི་ཡར་སྔོན་དུ་ཁོས་བྱིས་པ་ཞིག་བུ་སྐལ་བླངས་ནས་གཉོར་སྐྱོང་བྱས་པ་དང་རྗེས་སུ་བྱིས་པ་དེ་སློབ་གྲྭར་འགྲོ་བར་སྟབས་བདེ་བཟོ་ཆེད། ཁོས་དེང་ཐོག་གི་ཁང་པ་བཙོང་སྟེ་རྫོང་མཁར་ནས་ཁང་པ་ཞིག་གླས་ནས་འཚོ་བ་རོལ། ད་སྐབས་འགན་སྲུང་ཁང་པར་རེ་ཞུ་བྱས་ཏེ་ཁོ་གཉིས་ལིས་ཅིན་སྡོད་ཁུལ་གྱི་ཁང་པ་གསར་བའི་ནང་བསྡད་ཡོད།  གཡང་དཀར་གྱིས་བཤད་རྒྱུར། ང་རང་ལོ་ཆེ་བའི་ཁར་རྐང་ལག་ཡང་མི་བདེ། དེ་བས་སྲིད་གཞུང་གིས་ང་ལ་ཐོག་ཁང་གི་ཁེར་ཐོག་བཀོད་སྒྲིག་བྱས་ནས་ད་ལྟ་འདི་རུ་བསྡད་ཡོད། འདི་རུ་ཆུ་དང་གློག དྲོད་རླངས་བཅས་ཚང་མ་ཡོད་པ་དང་བྱིས་པ་སློབ་གྲྭར་འགྲོ་བ་དང་ང་རང་སྨན་པར་སྟོན་ནའང་ཧ་ཅང་སྟབས་བདེ་ཡིན་ཟེར།

གསར་འགོད་པས་ཁང་གླའི་སྐོར་དྲིས་པ་ན། ཁོས་བཤད་རྒྱུར། ངས་རང་ཉིད་ཀྱི་གནས་ཚུལ་གོང་རིམ་ལ་ཡར་ཞུ་བྱས་ཡོད། 2017ལོར་ངས་རང་གི་རེ་ཞུ་གོང་རིམ་ལ་སྤྲད་རྗེས། ཁང་རིན་སྟེར་མི་དགོས་ཟེར།  རོང་འབྲོག་དམངས་སྡོད་ཁུལ་གྱི་འགན་ཁུར་བས་གསར་འགོད་པར་བཤད་རྒྱུར། ཁང་པའི་ནང་གི་ཆུ་དང་གློག དྲོད་རླངས། འཕྲིན་གཏོང་སོགས་ལ་འགན་སྲུང་བྱས་པ་དང་སྡོད་ཁུལ་གྱི་དོ་དམ་ཚད་ལྡན་ཡིན་པ། རིག་གནས་ཐང་ཆེན་དང་རིག་གནས་བྱ་འགུལ་ཁང་། ལུང་ཕུང་སྦྱོང་བརྡར་བྱེད་ས་སོགས་ཚང་མ་ཆ་ཚང་བ་ཡིན། དེ་དང་མཉམ་དུ་གྲོང་རྡལ་གྱི་འགྲིམ་འགྲུལ་དང་བཙོག་ཆུ་ཕྱི་རུ་གཏོང་བ། དྲོད་རླངས་གཏོང་བ། གློག་ཤུགས་དང་འཕྲིན་གཏོང་། བརྡ་འཕྲིན། གནོད་འཚེ་འགོག་སྲུང་སོགས་ཀྱི་རྨང་གཞིའི་སྒྲིག་ཆས་རྒྱུན་ཆད་མེད་པར་ཇེ་ལེགས་སུ་བཏང་བ། གྲོང་རྡལ་གྱི་ཁོར་ཡུག་ལྗང་སྒྱུར་དང་བཙོག་ཆུ་ཐག་གཅོད་བྱེད་པ། གད་སྙིགས་ཐག་གཅོད་བྱེད་པ་སོགས་ཀྱི་བཟོ་སྐྲུན་གྱི་འཕེལ་རིམ་ཇེ་མགྱོགས་སུ་བཏང་སྟེ་གྲོང་རྡལ་གྱི་རྨང་གཞིའི་སྒྲིག་ཆས་ཀྱི་དེང་རབས་ཅན་གྱི་ཆུ་ཚད་ཕྱོགས་ཡོངས་ནས་མཐོར་འདེགས་སུ་བཏང་བས། རྫོང་མཁར་དུ་སྡོད་པའི་རོང་འབྲོག་དམངས་ཀྱི་འདུག་གནས་ཁོར་ཡུག་སྔོན་དང་བསྡུར་ན་ལེགས་བཅོས་ཆེན་པོ་ཐོབ་ཡོད་ཟེར།

རྒྱུས་ལོན་བྱུང་བ་ལྟར་ན། རྫོང་མཁར་དུ་སྡོད་པའི་རོང་འབྲོག་དམངས་ཀྱི་འཚོ་བའི་ཆ་རྐྱེན་ལེགས་བཅོས་བྱེད་ཆེད། ཞིན་ཧེ་རྫོང་གིས་སློབ་གསོའི་གྲུབ་ཚུལ་སྙོམ་སྒྲིག་ལེགས་སྒྱུར་བྱས་པ་དང་འཕྲོད་བསྟེན་སྒྲིག་གཞི་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་། སྤྱི་བའི་ཞབས་ཞུའི་སྒྲིག་ཆས་འཐུང་ཚང་དུ་བཏང་བ་བཅས་ཀྱིས་རྫོང་མཁར་དུ་སྡོད་པའི་རོང་འབྲོག་དམངས་ཀྱི་བུ་བུ་མོར་སློབ་གྲྭར་འགྲོ་བ་དང་ནད་བརྟག་སྨན་བཅོས་བྱེད་པ་བཅས་ལ་ཧ་ཅང་སྟབས་བདེ་བསྐྲུན། བྱིས་བཅོལ་ཁང་དང་སློབ་ཆུང་། དམའ་འབྲིང་བཅས་ཀྱི་སློབ་ཞུགས་ཚད་སོ་སོར་བརྒྱ་ཆའི་གྱ་བརྒྱད་དང་བརྒྱད་ཆའི་གོ་དགུ བརྒྱ་ཆའི་གོ་བརྒྱད་བཅས་རེད། ཞིང་སྡེ་གསར་བའི་སྨན་བཅོས་འགན་སྲུང་ནང་ཞུགས་ཚད་བརྒྱ་ཆའི་གོ་དགུ་ལ་སླེབས་པ་དང་སྨན་རིན་ཕྱིར་རྫོགས་ཚད་བརྒྱ་ཆའི་བདུན་ཅུའི་ཡན་ལ་སླེབས།

“ངས་རི་སྒང་དུ་ལུག་འཚོ་སྐབས་ཀྲུའུ་རིན་ཞིག་གི་འགན་དབང་ཁུར་ཐུབ་པ་ཡིད་ལ་ཤར་མ་མྱོང”ཞེས་སྡེ་བའི་ཀྲུའུ་རིན་ཆི་ཅིན་གྱི་གདོང་ལ་འཛུམ་གྱིས་ཁེངས་ནས་བཤད་བྱུང་།  2015ལོའི་ཟླ་བདུན་པའི་ནང་ཆི་ཅིན་དང་ཁོའི་ཆུང་མ། བྱིས་པ་བཅས་མཉམ་དུ་ཞིན་ཧེ་རྫོང་གི་ལིས་ཅིན་སྡོད་ཁུལ་དུ་ཡོང་ནས་ཆུ་གློག་དྲོད་རླངས་ཚང་མ་འཛོམས་པའི་འགན་སྲུང་ཁང་པ་ཞིག་གི་ནང་དུ་གཏན་སྡོད་བྱས་པ་དང་། ལོ་རེའི་ཁང་གླ་སྒོར་སྟོང་གཅིག་དང་ལྔ་བརྒྱ་མ་གཏོགས་སྟེར་མི་དགོས།  ཆི་ཅིན་གྱི་ཆུང་མ་སྐར་མ་འཚོས་གསར་འགོད་པར་བཤད་རྒྱུར། ང་ཚོ་རྫོང་མཁར་དུ་གཏན་སྡོད་བྱེད་དོན་ནི་བྱིས་པ་སློབ་གྲྭར་འགྲོ་བར་སྟབས་བདེ་བཟོ་བ་དང་རང་ཉིད་ཀྱིས་ལས་ཀ་བཙལ་ནས་ལས་ནའང་སྟབས་བདེ་རེད། སྔོན་ཆད་གླས་པའི་ཁང་པ་དེ་མུས་གྲུ་བཞི་མ་ཉི་ཤུའང་མེད་ལ་དེར་ད་དུང་ཟླ་དེར་ཁང་གླ་སྒོར་བརྒྱ་དང་ལྔ་བཅུ་སྟེར་དགོས། ཁང་པའི་ནང་དྲོད་རླངས་མེད་པ་དང་གཞན་པའི་ཆ་རྐྱེན་ཡང་ཧ་ཅང་ཞན་ཟེར།

ཆི་ཅིན་ལ་མཚོན་ན་འགན་སྲུང་ཁང་པའི་ནང་སྡོད་པ་ནི་འཚོ་བ་ལེགས་བཅོས་ཐོབ་པའི་གོམ་རིམ་དང་པོ་རེད། ཁོའི་རྐང་པ་ནད་པ་ཡིན་་པ་དང་ཁང་པ་གསར་བའི་ནང་བསྡད་ནས་ཅང་མ་འགོར་བར་ཁོས་ལས་ཀ་ཞིག་ཀྱང་རྙེད་དེ་སྡོད་ཁུལ་དེའི་སྒོ་སྲུང་པ་བྱས། རྗེས་སུ་ད་དུང་སྡོད་ཁུལ་དེའི་གློག་ལས་མཁན་དུ་གྱུར། ཁོ་རང་བྱ་བའི་སྟེང་ནན་ཏན་ཡིན་པས་ཉེ་སྔོན་ཁོ་རང་སྡོད་ཁུལ་དོ་དམ་ཁྲུའུ་ཡི་ཀྲུའུ་རིན་དུ་བཞག་ཏེ་ཟླ་རེར་སྒོར་སྟོང་གཉིས་དང་ལྔ་བརྒྱའི་ཟླ་ཕོགས་བྱིན། ཁོའི་ཆུང་མའང་སྡོད་ཁུལ་གྱི་གཙང་སྤྲ་བྱེད་མཁན་དུ་བཞག་ནས་ཟླ་རེར་སྒོར་སྟོང་གཅིག་དང་ཉིས་བརྒྱ་ཡི་ཟླ་ཕོགས་བྱིན།

རྫོང་མཁར་དུ་ཡོང་ནས་གཏན་སྡོད་བྱས་པའི་རོང་འབྲོག་དམངས་ལ་མཚོན་ན་ཆི་ཅིན་ཚང་གི་འགྱུར་ལྡོག་དེ་ཡ་མཚར་བ་ཞིག་མ་རེད། ཧྥན་གོ་ཡུས་ནི་མཚོ་སྔོན་བོས་ཧྭ་དོ་དམ་ཚད་ཡོད་ཀུང་ཟི་ཞིན་ཧེ་རྫོང་ཡན་ལག་ཀུང་ཟིའི་འགན་ཁུར་བ་ཡིན། ཁོས་གསར་འགོད་པར་བཤད་རྒྱུར། མིག་སྔར་ཀུང་ཟིའི་ལས་བཟོ་བ་དྲུག་ཅུ་རེ་དྲུག་གི་ཁྲོད་དུ་བརྒྱ་ཆའི་བརྒྱད་ཅུ་ནི་རྫོང་མཁར་དུ་ཡོང་ནས་གཏན་སྡོད་བྱས་པའི་རོང་འབྲོག་དམངས་ཡིན་པ་དང་དེ་ཚོའི་ཁྲོད་ཀྱི་མི་མང་པོ་ཞིག་ཆི་ཅིན་ལྟ་བུའི་དོ་དམ་པར་གྱུར་ཡོད། ཀུང་ཟིས་གདན་འདྲེན་བྱས་པའི་རོང་འབྲོག་པ་དེ་དག་ལ་ལས་རྐང་འདོན་སྤྲོད་བྱས་པ་མ་ཟད། ད་དུང་ཁོ་ཚོས་རྫོང་མཁར་དུ་ཡོང་ནས་གཏན་སྡོད་བྱས་པའི་ཁོ་ཚོའི་འགྲམ་གྱི་རོང་འབྲོག་དམངས་ལ་སྣེ་ཁྲིད་བྱས་ནས་སྡོད་ཁུལ་གསར་བའི་འཚོ་བའི་ཁོར་ཡུག་ལ་གོམས་པར་བྱས་དང་བྱེད་བཞིན་ཡོད་ཟེར།

ཕྱོགས་གཅིག་གི་ཁེ་ལས་ཀྱིས་ལས་རྐང་འདོན་སྤྲོད་བྱས་ནས་ལས་ཞུགས་ལ་རོགས་རོམ་བྱེད་པ་དང་། ཕྱོགས་གཞན་ཞིག་ནས་སྲིད་གཞུང་གིས་ཐབས་འདོན་ཇུས་འགོད་བྱེད་པ་དང་རྩ་འཛུགས་བྱས་ནས་་རོང་འབྲོག་པ་མང་པོ་ཞིག་ལ་ལག་རྩལ་ཟབ་སྦྱོང་བྱས།  སྔོན་ཆད་གླུ་གར་ཚོགས་པའི་ནང་བྱ་བ་སྒྲུབ་མྱོང་བའི་རིག་མཆོག་ནི་ཞིན་ཧེ་རྫོང་གཙང་གསུམ་འབྱུང་ཡུལ་དམངས་ཕན་རིག་གནས་རྒྱུད་སྒྲོག་ཚད་ཡོད་འགན་འཁྲི་ཀུང་ཟིའི་སྤྱིའི་ལས་འཛིན་པ་རེད། 2014ལོ་ནས་བཟུང་སྟེ་ཁོས་སྔ་རྗེས་སུ་རྫོང་མཁར་དུ་གཏད་སྡོད་བྱས་པའི་རོང་འབྲོག་པ་བརྒྱ་ལ་ཉེ་བ་ཙམ་ལ་གསོ་སྦྱོང་བྱས།

རིག་མཆོག་དགོད་ཞོར་དུ་གསར་འགོད་པར་བཤད་རྒྱུར། བོད་རིགས་ནི་གཞི་ནས་གླུ་གར་ལ་དགའ་བའི་མི་རིགས་ཤིག་ཡིན། ན་གཞོན་མང་པོ་ཞིག་ང་ཚོའི་གསོ་སྦྱོང་འདི་ལ་ཧ་ཅང་དགའ་བ་དང་རང་སྟེང་གི་ཆ་རྐྱེན་བཟང་བའི་མི་མང་ཆེ་བ་ཞིག་ཉིན་བཞི་བཅུའི་གསོ་སྦྱོང་མཇུག་རྫོགས་རྗེས་ཤིན་ཏུ་བྱང་ཆ་ཡོད་པར་གྱུར་འདུག ཁོས་གསོ་སྦྱོང་བྱས་པའི་ཁྲོད་ནས་ན་ནིང་མི་བཅུ་ལྷ་སར་སོང་སྟེ་རང་རང་གི་ནུས་པ་འདོན་སྤེལ་བྱས་ནས་ཟླ་རེར་ཟླ་ཕོགས་ཕལ་ཆེར་སྒོར་སྟོང་བཞིའི་ཡན་ལེན་གྱིན་ཡོད་ཟེར།

ཆུ་སྔོན་གྲོང་རྡལ་མོ་རྡོ་སྡེ་བའི་རྡོ་རྗེ་ཚེ་རིང་ཚང་ལོ་འགའི་སྔོན་དུ་རྫོང་མཁར་དུ་གནས་སྤར་ནས་གཏན་སྡོད་བྱས་པ་དང་། ཁོ་ལ་སྦྲ་གུར་བཟོ་བའི་ལག་རྩལ་ཡོད་པས་ཁོས་སྦྲ་གུར་བཟོ་སྤྱད་ཀྱི་འཚེམ་བཟོ་འཕྲུལ་ཆས་ཞིག་ཉོས་ཏེ་རང་ཁྱིམ་ནས་ཞོར་ལས་བཙལ་བ་དང་རིམ་བཞིན་ཁོའི་ཚོང་ལས་ཇེ་ལེགས་སུ་སོང་། 2015ལོར་སྲིད་གཞུང་གིས་ཧུར་ཐག་སྒོས་སྣེ་ཁྲིད་བྱས་འོག རྡོ་རྗེ་ཚེ་རིང་གིས་རྫོང་མཁར་གྱི་འདུ་འཛི་ཆེ་སའི་གེ་སར་ཚོང་ལས་སྲང་ལམ་ནས་བཞི་ཐོག་ཅན་གྱི་ཐོག་ཁང་ཞིག་གླས་པ་དང་ད་ལོའི་ཡོང་སྒོའི་སྐོར་བཤད་སྐབས་རྡོ་རྗེ་ཚེ་རིང་དགའ་ནས་ཁའང་སུམ་མི་ཐུབ་པར་གྱུར།

ཞིན་ཧེ་རྫོང་ལས་ཞུགས་ཞབས་ཞུ་ཅུའུ་ཡི་ཅུའུ་ཀྲང་ཧྲི་ཏི་ཧྲིན་གྱིས་བཤད་རྒྱུར། ཚོང་རའི་དགོས་མཁོ་ལྟར། ང་ཚོས་རྫོང་མཁར་དུ་ཡོང་ནས་གཏན་སྡོད་བྱས་པའི་རོང་འབྲོག་པའི་ངལ་རྩོལ་ལག་རྩལ་གསོ་སྦྱོང་བྱས་ནས་རྫོང་མཁར་དུ་ཡོང་བའི་རོང་འབྲོག་པའི་ངལ་རྩོལ་ནུས་རྩལ་གྱི་ཆུ་ཚད་མཐོར་འདེགས་སུ་བཏང་ནས་ཟ་ཁང་དང་ལས་སྣོན་བཟོ་གྲྭ སྐྱེལ་འདྲེན་ལས་རིགས། འཕྲུལ་ཆས་ཞིག་གསོ་བྱེད་པ་སོགས་ཐོན་ལས་གཉིས་པ་དང་གསུམ་པ་གཉེར་བའི་རོང་འབྲོག་པ་ཇེ་མང་དུ་སོང་པ་དང་། དེ་ལས་གཞན་པའི་མི་རིགས་ལག་རྩལ་ལས་སྣོན་བྱེད་པ། རིག་གནས་སྨྱད་བྱད་སོགས་ལས་རིགས་སུ་ཚན་རྩལ་བཀོལ་ཤེས་པ་དང་དོ་དོམ་བྱེད་ཤེས་པ་སོགས་ཀྱི་མི་སྣ་འཇོན་ཐང་ཅན་སྐོར་ཞིག་བྱུང་སྟེ་རྫོང་མཁར་དུ་སྡོད་པའི་རོང་འབྲོག་པ་མང་ཚོགས་ཀྱི་དངོས་པོའིའཚོ་བ་དང་བསམ་པའི་རིག་གནས་འཚོ་བའི་ཆ་རྐྱེན་མངོན་གསལ་སྒོས་ཇེ་མཐོར་སོང་ཡོད་ཟེར།

ལོ་ཙཱ།  བསོད་ནམས་ལྷ་མོ།