མཚོ་སྔོན་གྱིས་ཆུ་བོ་དྭངས་མོ་ཤར་ཕྱོགས་སུ་བཞུར་བར་ཁག་ཐེག་བྱས་པ།
2017.01.11 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 20

ད་ལོར། མཚོ་སྔོན་གྱིས་ནགས་ཚལ་མུའུ་ས་ཡ་གཅིག་དང་འབུམ་བརྒྱད་ལྷག་གསར་དུ་བསྐྲུན།  གཙང་གསུམ་འབྱུང་ཡུལ་དུ་ཆགས་པའི་མཚོ་སྔོན་གྱིས་རྒྱལ་ཡོངས་སྐྱེ་ཁམས་ཁྲོད་དམིགས་བསལ་གྱི་གོ་གནས་བཟུང་ཡོད་པས་འགན་འཁྲི་ཡང་དམིགས་བསལ་ཅན་ཡིན། “སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས་བཏོན་པའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་ཏན་ཏན་ཏིག་ཏིག་གིས་སྐུལ་སྤེལ་བྱས་ཏེ། ཆུ་བོ་དྭངས་མོ་ཤར་དུ་བཞུར་བར་ཁག་ཐེག་བྱེད་པ་སོགས་བླང་བྱ་དངོས་འབེབས་ལེགས་པོ་བྱེད་རྒྱུ་ནི་མིག་སྔའི་་ལས་འགན་གལ་ཆེན་ཡིན་ལ། ང་ཚོའི་ཡུན་རིང་གི་རེ་སྙེག་ཀྱང་ཡིན”ཞེས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་ལ་འགན་འཁྲི་ལྕི་བའི་ཚོར་སྣང་ཟབ་མོ་ཡོད།

སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་ཏན་ཏན་ཏིག་ཏིག་གིས་སྐུལ་སྤེལ་བྱེད་ན། ཆེས་གལ་ཆེ་བ་ནི་ལམ་ལུགས་ལ་བརྟེན་ནས་འགན་སྲུང་བྱ་རྒྱུ་དེ་རེད། མཚོ་སྔོན་གྱིས་བསྟུད་མར་མཚོ་སྔོན་ཞིང་ཆེན་གྱི་ཏང་སྲིད་ལས་བྱེད་པས་སྐྱེ་ཁམས་ཁོར་ཡུག་ལ་གནོད་འཚེ་བཏང་བར་འགན་འཁྲི་རྩད་གཅོད་བྱེད་པ་ལག་བསྟར་བྱེད་པར་ཞིབ་བཤེར་བྱེད་པ་དང་སྐྱེ་ཁམས་སྲུང་སྐྱོབ་ཀྱི་མཐའ་ཚད་དོ་དམ་བྱེད་ཐབས། མཚོ་སྔོན་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་པའི་ཇུས་གཞི། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་སྒྲིགས་སྲོལ་ཚོད་ལྟ་ཁུལ་དུ་སྐྱེ་ཁམས་དཔལ་ཡོན་སྔོན་སྐྱོད་ཁུལ་འཛུགས་པ་སོགས་སྐྱེ་ཁམས་ཕྱོགས་ཀྱི་བསམ་འཆར་དང་བྱེད་ཐབས་བཞི་བཅུ་ལྷག་བཏོན་པ་དང་། གཙང་གསུམ་འབྱུང་ཡུལ་ས་ཁུལ་གྱི་ཁུལ་དང་རྫོང་གི་རྒྱལ་དམངས་དཔལ་འབྱོར་དཔྱད་ཞིབ་དམིགས་ཚད་མེད་པར་བཟོས་ཤིང་། སྐྱེ་ཁམསདང་དཔལ་འབྱོར།  ནགས་ཚལ་སོགས་ལྗང་མདོག་འཕེལ་རྒྱས་མཚོན་པའི་དམིགས་འབེན་དགུ་ཇེ་མང་དུ་བཏང་བ་དང་། སྐྱེ་ཁམས་སྲུང་སྐྱོབ་ཀྱི་དཔྱད་ཞིབ་དམིགས་འབེན་དངོས་སྒྲུབ་ཞིབ་སྒྲུབ་བྱས་ནས། དཔྱད་ཞིབ་བྱེད་པའི་བཀོད་འདོམས་ལ་བརྟེན་ནས་སྐྱེ་ཁམས་སྲུང་སྐྱོབ་བྱ་བར་སྐུལ་ཁྲིད་བྱས།

སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་ཏན་ཏན་ཏིག་ཏིག་གིས་སྐུལ་སྤེལ་བྱེད་ན། སྐྱེ་ཁམས་དམིགས་སུ་འདོན་པའི་འདུ་ཤེས་དེ་རོང་འབྲོག་པ་རེ་རེའི་སེམས་སུ་འཇགས་པར་བྱ་དགོས། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དགའ་བདེ་རྫོང་ཞ་གོང་མ་ཞང་སོག་ཆེན་འབྲོག་དམངས་ཨུ་ཡོན་ལྷན་ཁང་དུ་ཕྱུགས་འཚོ་ཚད་ཚད་ལས་བརྒལ་བ་སོགས་ཀྱི་རྐྱེན་གྱིས་རྩྭ་ར་མུའུ་འབུམ་གཅིག་དང་ཁྲི་བདུན་གྱི་ཁྲོད་ནས་མུའུ་ཁྲི་བཞི་ས་ནག་ཐང་དུ་གྱུར་ཡོད་ཅིང་། རླུང་ཆེན་གཡུག་ཐེངས་རེར་ས་རྡུལ་བར་སྣང་དུ་འཕྱུར་བར་བྱེད། འབྲོག་པ་བསོད་སེང་གིས“རྩྭ་ཐང་སྲུང་སྐྱོབ་བྱེད་རྒྱུ་ནི་ང་ཚོ་འབྲོག་པ་རེ་རེའི་འགན་འཁྲི་ཡིན”ཞེས་བཤད། ཁོ་དང་འབྲོག་ཁྱིམ་བརྒྱ་དང་ཉེར་བདུན་གྱི་འབྲོག་པས་རང་འགུལ་གྱིས་གཟན་རྩྭ་འདེབས་འཛུགས་མཉམ་ལས་ཁང་བཙུགས་ཏེ། ས་ནག་ཐང་གི་ས་མུའུ་སྟོང་བརྒྱད་ལྷག་ལ་རྩྭ་བཏབ་པ་རེད། མཚོ་སྔོན་གྱིས་ཕྱུགས་འཚོ་ཚད་ཚད་ལས་བརྒལ་བ་བཅོས་སྐྱོང་བྱེད་པ་ནས་མགོ་བརྩམས་ཏེ། ས་མུའུ་དུང་ཕྱུར་གཉིས་དང་བྱེ་བ་ལྔ་་ཡི་རྩྭ་ཐང་ནས་ཕྱུགས་འཚོ་མཚམས་བཞག་པ་དང་། ས་མུའུ་དུང་ཕྱུར་གཉིས་དང་བྱེ་བ་གཉིས་ས་ཡ་དགུ་ཡི་རྩྭ་ཐང་དོ་སྙོམས་ཡོང་བར་བྱས་ཤིང་། དཔྱད་ཞིབ་བྱས་ནས་ཚད་ལས་བརྒལ་བའི་ཕྱུགས་ཟོག་ས་ཡ་ལྔ་འབུམ་བདུན་ལྷག་ཇེ་ཉུང་དུ་བཏང་བ་དང་། དུད་ཁྱིམ་འབུམ་བདུན་དང་ཁྲི་དྲུག་ལྷག་གི་རོང་འབྲོག་པར་རྩྭ་ཐང་གི་སྐྱེ་ཁམས་སྲུང་སྐྱོབ་བྱེད་པའི་བྱ་དགའི་ཁ་གསབ་མ་དངུལ་བྱིན་ཏེ། བསོད་སེང་ལྟ་བུའི་འབྲོག་པ་འབུམ་གཅིག་རྩྭ་ཐང་སྲུང་སྐྱོབ་དང་བཅོས་སྐྱོང་གི་ལས་ལ་ཞུགས་སུ་བཅུག་ཡོད།

སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་ཏན་ཏན་ཏིག་ཏིག་གིས་སྐུལ་སྤེལ་བྱེད་ན། གཅིག་གྱུར་གྱིས་འཆར་འགོད་བྱས་ཏེ་སྲུང་སྐྱོབ་དང་འཕེལ་རྒྱས། བཅོས་སྐྱོང་དང་ཕྱུག་བསྒྱུར་བཅས་བྱེད་དགོས། རྩྭ་རའི་ཁུར་པོ་ཇེ་ཡང་དུ་བཏང་བ་དང་མཉམ་དུ་མཚོ་སྔོན་བོད་ཁུལ་གྱི་རྫོང་སོ་སོས་སྐྱེ་ཁམས་རྫོང་འཛུགས་པ་རྒྱུན་འཁྱོངས་བྱས་ཏེ། སྐྱེ་ཁམས་ཕྱུགས་ལས་འཕེལ་རྒྱས་སུ་གཏོང་བའི་ལམ་དུ་སྐྱོད་བཞིན་ཡོད་ཅིང་འབྲོག་པའི་ཡོང་འཕར་ལ་སྐུལ་འདེད་བྱས། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་ཏེ་རྫོང་གིས་ས་མུའུ་འབུམ་གཅིག་དང་ཁྲི་དྲུག་ལྷག་གི་རྩྭ་སའི་སྟེང་ཕྱུགས་འཚོ་མཚམས་བཞག་པ་དང་། ཕྱུགས་གྲངས་འབུམ་གསུམ་ད་ཁྲི་གཅིག་སྟོང་དྲུག་ཇེ་ཉུང་དུ་བཏང་བ་དང་མཉམ་དུ། ཕྱུགས་ཁང་དུ་གཟན་རྩྭ་བྱིན་ནས་གསོ་བ་གཙོ་བོར་འཛིན་པའི་སྐྱེ་ཁམས་ཕྱུགས་ལས་གོང་དུ་སྤེལ་བ་དང་། “མཐོ་སྒང་གི་ནོར་གནག་གསོ་བའི་རྟེན་གཞི”བཙུགས་ནས། རྫོང་ཡོངས་ཀྱི་དབུལ་ཕོངས་མི་གྲངས་2012ལོའི་ཁྲི་གསུམ་དང་སྟོང་དྲུག་དགུ་བརྒྱ་ནས་མི་སྟོང་ལྔ་ལྷག་ལ་ཇེ་ཉུང་དུ་བཏང་བས། ཞིང་ཆེན་ཡོངས་ཀྱི་དབུལ་ཐར་འབྲོག་ཁུལ་རྫོང་དང་པོར་གྱུར།

སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་ཏན་ཏན་ཏིག་ཏིག་གིས་སྐུལ་སྤེལ་བྱེད་ན། བློས་གཏོང་དགོས་པ་བློས་གཏོང་ཕོད་དགོས་པ་དང་དང་མ་དངུལ་གཏོང་ཕོད་པ། ཡུན་རིང་པོར་དམིགས་པ་བཅས་བྱེད་དགོས། ཚྭ་འདམ་གཞོང་དུ་འཛམ་གླིང་གི་ཆེས་ཆེ་བའི་མཱེ་བཟོ་ལས་རྟེན་གཞི་ཡོད་ཅིང་། སྔོན་ཆད་ཚྭ་མཚོ་བཟོ་ལས་ཀྱིས་གཙོ་བོར་ལུད་རྫས་ཅཱ་ཐོན་སྐྱེད་བྱས་ཏེ། ཁིལ་འགྱུར་མཱེ་སོགས་གྲུབ་ཆ་འདུས་པའི་ཚྭ་ཆུ་རྙིང་པ་ཐད་ཀར་ཕྱིར་ཕུད་ཀྱིན་ཡོད་པ་དང་། དེར་མི་རྣམས་ཀྱིས“མཱེའི་གནོད་པ”ཟེར་གྱིན་ཡོད། གསར་དུ་འཛུགས་སྐྲུན་བྱས་པའི་ལྕགས་རིགས་མཱེ་གཅིག་འགྱུར་ཅན་གྱི་ལས་གཞི་དེས་ཚད་གཞི་མཐོ་བ་དང་མགོ་རྩོམ་ཚད་མཐོ་བ་ནས་བེད་མེད་དངོས་པོ་བསྐྱར་དུ་བེད་སྤྱོད་པར་མཐོང་ཆེན་བྱས་ཡོད། ད་ལྟ། ཚྭ་མཚོ་གསར་སྤེལ་གྱིས“ལྷད་མེད་བརྐོ་སྔོག་དང་རིམ་བགོས་སྡུད་ལེན། ཕྱོགས་བསྡུས་བེད་སྤྱོད”བཅས་བརྒྱུད་དེ། འཁོར་རྒྱུག་དཔལ་འབྱོར་གྱི་ལམ་དུ་བསྐྱོད་པ་དང་། ཅཱ་ཐོན་ཁུངས་བེད་སྤྱོད་ཚད་དེ27%ནས74%ལ་མཐོར་འདེགས་བྱས་ནས། ལྗང་མདོག་འཕེལ་རྒྱས་མངོན་འགྱུར་བྱུང་། །

ལོ་ཙཱ།  བསོད་ནམས་ལྷ་མོ།