སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ནི་མི་དམངས་ཀྱི་བདེ་སྐྱིད་དང་། མི་རིགས་ཀྱི་མ་འོངས་པར་འབྲེལ་བའི་ཕུགས་འདུན་རིང་བའི་ཇུས་ཆེན་ཞིག་རེད། མཚོ་སྔོན་གྱི་རིན་ཐང་ཆེས་ཆེན་པོ་ནི་སྐྱེ་ཁམས་ཀྱི་ཐད་དུ་ཡོད་པ་དང་། འགན་ཁུར་ཆེས་ཆེན་པོ་ནི་སྐྱེ་ཁམས་ཀྱི་ཐད་དུ་ཡོད་ལ། སྦས་ཤུགས་ཆེས་ཆེན་པོ་ཡང་སྐྱེ་ཁམས་ཀྱི་ཐད་དུ་ཡོད། རང་བྱུང་ཁམས་ལ་བརྩི་བཀུར་དང་རང་བྱུང་ཁམས་ལ་བསྟུན་པ། རང་བྱུང་ཁམས་ལ་སྲུང་སྐྱོབ་བཅས་བྱེད་དགོས། སྐྱེ་ཁམས་དཔལ་ཡོན་གྱི་འདུ་ཤེས་ཁྲིད་སྟོན་དུ་བཟུང་ནས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དེ་འབུར་དུ་ཐོན་པའི་གོ་གནས་སུ་འཇོག་པ་དང་། དཔལ་འབྱོར་དང་རིག་གནས། སྤྱི་ཚོགས་འཕེལ་རྒྱས་འཛུགས་སྐྲུན་གྱི་ཕྱོགས་སོ་སོར་འདྲེས་པར་བྱེད་པ། སྐྱེ་ཁམས་དཔལ་ཡོན་ལ་སྔར་ལས་ཤུགས་སྣོན་པ་བཅས་བྱས་ཏེ། ལྗང་མདོག་འཕེལ་རྒྱས་སྔར་ལས་གཟབ་ནན་ནུས་ལྡན་དུ་གཏོང་བའི་ཐད་ནས་མཚོ་སྔོན་གྱིས་ནམ་ཡང་ལྷོད་གཡེང་བྱས་མ་མྱོང་།
སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་གོ་སྐབས་དམ་དུ་འཛིན་པ་དང་། སྐྱེ་ཁམས་ཁོར་ཡུག་ལེགས་བཅོས་བྱེད་པའི་ཐབས་ལ་བརྟེན་ནས། ལྗང་མདོག་དཔལ་འབྱོར་འཕེལ་རྒྱས་སུ་བཏང་བའི་ཐད། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་དགུ་སྟོད་སྡེ་བའི་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་གི་ལས་འཛིན་མགོ་གཙོ་སྟོབས་ལྡན་ལ་ཚོར་སྣང་ཟབ་མོ་ཡོད། སྟོབས་ལྡན་གྱིས་བཤད་རྒྱུར། དགུ་སྟོད་སྡེ་བར་རང་བྱུང་ཁོར་ཡུག་དང་ཕྱུགས་ཚད་ལས་བརྒལ་ཏེ་འཚོས་པ་སོགས་རྒྱུ་རྐྱེན་མང་པོའི་ཤུགས་རྐྱེན་ཐེབས་ཏེ། དུས་རབས་སྔོན་མའི་མཇུག་ཏུ་རྩྭ་ས་ས་ནག་ཐང་དུ་གྱུར་ཟེར།
སྟོབས་ལྡན་གྱིས་བཤད་རྒྱུར། སྔོན་ཆད་དགུ་སྟོད་སྡེ་བ་ནི་རྨ་ཆེན་རྫོང་གི་དབུལ་ཕོངས་སྡེ་བ་ཞིག་ཡིན་ལ། ལོ་མང་པོར་སྐྱེ་ཁམས་ཁོར་ཡུག་ཧ་ཅང་ཞན། འབྲོག་པ་ཚོར་རྩྭ་སའི་ཡོང་སྒོ་གཅིག་ཀྱང་མེད་པས་ཚང་མའི་འཚོ་བར་དཀའ་ཁག་ཆེ། ད་ལྟ་འབྲོག་ཁྱིམ་རྣམས་མཉམ་ལས་ཁང་དུ་ཞུགས་ནས། སྐྱེ་ཁམས་ལ་སྲུང་སྐྱོབ་བྱེད་པའི་བརྒྱུད་རིམ་ཁྲོད་དུ་ཡོང་སྒོ་བཙལ་བས། འཚོ་བའི་ཆ་རྐྱེན་ཇེ་བཟང་ནས་ཇེ་བཟང་དུ་གྱུར་ཡོད། ད་ལྟ། རྩྭ་བསྡུ་བའི་དུས་སྐབས་ནི་ཡོང་སྒོ་བགོ་བའི་དུས་སྐབས་ཡིན་ལ། རྩྭ་རྡེའུ་རེ་རེའི་རིན་གོང་སྒོར་བརྒྱའི་ཡན་ལ་བུད་པས། རྩྭ་ལ་བརྟེན་ནས་སྡེ་བ་ཕྱུག་པོར་གྱུར་ཡོད། མཉམ་ལས་ཁང་གིས་ས་གནས་མི་འདྲ་བ་གསུམ་ནས་ནོར་ལུག་གསོ་སྤེལ་རྟེན་གཞི་བཙུགས་ཡོད་ལ། མཉམ་ལས་ཁང་གིས་རྩྭ་འདོན་སྤྲོད་བྱས་ནས་ལུག་གསོས་པ་དང་ལུག་བཙོང་རྗེས་ཡོང་སྒོ་སྡེ་མི་རྣམས་ལ་བགོ་བཞིན་ཡོད། དེ་ནི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བགྲོད་ལམ་དུ་བསྐྱོད་པའི་ཡོང་སྒོའི་ཐབས་ལམ་ཞིག་ཡིན་ལ། དེས་སྐྱེ་ཁམས་སྲུང་སྐྱོབ་བྱས་པ་མ་ཟད་དཔལ་འབྱོར་ཡང་འཕེལ་རྒྱས་སུ་བཏང་བས། རྗེས་ཕྱོགས་ཀྱི་འཚོ་བ་ཇེ་བཟང་ནས་ཇེ་བཟང་དུ་འགྲོ་སྲིད་ཟེར།
གཏེར་ལེན་ཁ་གྲོང་ཁྱེར་གྱི་ལས་འཁྱུར་ངལ་གསོ་བྱས་ཟིན་པའི་བཟོ་བ་ལིས་ཞི་ཁྲིན་གྱིས་བཤད་རྒྱུར། ངས་གཏེར་ལེན་ཁ་ནས་ལོ་བཅུ་ཕྲག་འགར་འཚོ་བ་རོལ་མྱོང་། དང་ཐོག་སྐྱ་ཐང་ཐིང་གི་ས་ཆ་ད་ལྟ་སྔོ་ལྗང་ལྗོན་ཤིང་གིས་ཁེངས་བ་དང་ཐོག་རྩེག་ཆེན་པོ་མང་བའི་གྲོང་ཁྱེར་ཞིག་ཏུ་གྱུར་ཡོད་པས་ས་འདི་ལ་བརྩེ་བ་ཟབ་མོ་ཡོད། ལོ་འདི་འགར་ངའི་གྲོང་ཁྱེར་འདིའི་འཕེལ་རྒྱས་ཉམས་སུ་མྱངས་པ་དང་། ང་གྲོང་ཁྱེར་འདི་དང་མཉམ་དུ་འཚར་ལོང་བྱུང་ཟེར།
ལིས་ཞི་ཁྲིན་གྱིས་བཤད་རྒྱུར། དང་ཐོག་གཏེར་ལེན་ཁ་རུ་ཐོན་དུས་ཁང་ལེབ་དམའ་མོ་གྲལ་ལྟར་བསྒྲིགས་པ་དང་། པ་ཡུན་ཆུ་བོའི་འགྲམ་གཉིས་ཀྱི་ལམ་ཕྲན་སྟེང་དུ་འདམ་རྫབ་ཀྱིས་ཁེངས་ཡོད་ལ། མཐའ་འཁོར་གྱི་བཟོ་ལས་ར་བའི་མཁའ་དབྱིངས་སུ་དུ་སྨུག་གིས་ཁེངས་ཡོད། ད་ལྟའི་གཏེར་ལེན་ཁ་ལ་གནམ་ས་བླ་འོག་བརྗེ་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད་དེ། གྲོང་ཁྱེར་ལྗང་བསྒྱུར་གྱི་རྒྱ་ཁྱོན་ཇེ་ཆེ་ནས་ཇེ་ཆེ་ཡིན་ལ། ལམ་འགྲམ་གྱི་སྡོང་བོ་ཡང་ཇེ་མང་ནས་ཇེ་མང་རེད། པ་ཡུན་ཆུ་བོ་ཡང་དྭངས་ཤིང་གཙང་བར་གྱུར་ཡོད། སྲིད་གཞུང་གིས་ལྗང་མདོག་འཕེལ་རྒྱས་ཀྱི་གོ་སྐབས་དང་བསྟུན་ནས་མཚེའུ་ཁུ་ལུའུ་ཁུ་ཡི་སྐྱེ་ཁམས་ཐོན་ཁུངས་ལུགས་མཐུན་སྒོས་གསར་སྤེལ་བྱས་ནས། ང་ཚོ་གཏེར་ལེན་ཁའི་མཚན་སྙན་ཇེ་ཆེར་བཏང་། ལྗང་མདོག་འཕེལ་རྒྱས་ལས་བྱུང་བའི་ཁེ་ཕན་དང་བསྟུན་ནས་གྲོང་ཁྱེར་འདི་རུ་འཚོ་བའི་ང་ཚོའི་བདེ་སྐྱིད་ཀྱི་ཚད་ཀྱང་ཇེ་མཐོར་ནས་ཇེ་མཐོར་སོང་ཟེར།
སྐྱེ་ཁམས་འཛུགས་སྐྲུན་ལ་ཤུགས་བསྣན་ནས་ལྗང་མདོག་གི་ཞིང་ཁམས་འཛུགས་སྐྲུན་བྱས་པ། ན་གོར་མོ་གྲོང་ཁྱེར་ལུས་རྩལ་ར་བའི་སྡོད་ཁུལ་དུ་སྡོད་པའི་བགྲེས་པོ་ལིས་ཧྲིན་དཔའ་ཡིས་ཉེ་བའི་ལོ་འགའི་རིང་གི་སྐྱེ་ཁམས་འཛུགས་སྐྲུན་གྱི་ཐད་བླངས་བའི་གྲུབ་འབྲས་ལ་གདེང་འཇོག་ཆེན་པོ་བྱས། ཁོས་བཤད་རྒྱུར། ལོ་འགའི་སྔོན་དང་བསྡུར་ན། ད་ལྟའི་སྡོད་གནས་ཀྱི་ཁོར་ཡུག་ཧ་ཅང་བཟང་ལ། ག་ས་གང་དུ་སྡོང་བོ་དང་མེ་ཏོག་མཐོང་ཐུབ་ལ། ཕྱི་རུ་འཆམ་འཆམ་དུ་སོང་ན་སེམས་ཁམས་སྐྱིད་པོ་ཞིག་རེད། དེ་དང་ཆབས་ཅིག སྡོད་ཁུལ་གྱི་ལྗང་མདོག་ཏུ་བསྒྱུར་སའི་རྒྱ་ཁྱོན་ཇེ་ཆེར་གཏོང་རྒྱུའི་རེ་བ་ཞུས་པ་ཡིན། ལོ་གསར་བའི་ནང་། ན་གོར་མོ་གྲོང་ཁྱེར་འདི་མིང་དོན་གཉིས་མཚུངས་ཀྱི་ལྗང་མདོག་གི་ཞིང་ཁམས་ཞིག་ཏུ་བསྒྱུར་ཐུབ་པར་སྨོན།
ན་གོར་མོ་གྲོང་ཁྱེར་ནགས་ལས་ཅུའུ་ཡི་གཞུང་ལས་ཁང་གི་ཀྲུའུ་རིན་ལིག་ཧའེ་ཕིན་གྱིས་བཤད་རྒྱུར། ན་ནིང་ན་གོར་མོ་གྲོང་ཁྱེར་གྱིས་སྐྱེ་ཁམས་འཛུགས་སྐྲུན་ལས་གཞི་སྣ་ཁ་སོ་བཞི་ལག་བསྟར་བྱས་པ་དང་། སྤྱིའི་མ་དངུལ་སྒོར་དུང་ཕྱུར་གཅིག་དང་ས་ཡ་གསུམ་སྟོང་བདུན་ལྷག་གཏོང་བའི་འཆར་འགོད་ལ་སླེབས་པ་དང་། གྲོང་ཁྱེར་ཡོངས་ཀྱི་སྐྱེ་ཁམས་འཛུགས་སྐྲུན་ཐད་གྲུབ་འབྲས་ཅུང་ཆེན་པོ་བླངས་ཡོད་ལ། མིག་སྔར། མཁར་གྲོང་ལྗང་མདོག་ཅན་དུ་བསྒྱུར་བ་གཙོ་བྱས་ནས། གྲོང་ཁྱེར་གྱི་ཕྱོགས་བཞིའི་ལྗང་མདོག་བགྲོད་ལམ་དེ་སྐྱེ་ཁམས་སྲུང་སྐྱོབ་ཀྱི་གཙོ་གནད་དུ་བཞག་ནས་མཁར་གྲོང་གཞི་གཅིག་ཅན་གྱི་གྲོང་ཁྱེར་གྱི་ནགས་ཚལ་མ་ལག་གཙོ་བོ་ཆགས་སུ་བཅུག རྗེས་ཕྱོགས་ནགས་ལས་ཅུའུ་ཡིས་མུ་མཐུད་དུ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་བྱས་ཏེ། གྲོང་ཁྱེར་གྱི་བར་གཏོང་སྔོག་འདོན་གང་ལེགས་བྱེད་པ་དང་། ལྗང་མདོག་ཏུ་བསྒྱུར་བའི་བྱེད་ཐབས་ཕུན་སུམ་ཚོགས་པ་བཀོལ་སྤྱོད་བྱས་ནས། ལྗང་བསྒྱུར་སྤུས་ཚད་ཇེ་མཐོར་གཏོང་དགོས་ཟེར།
ཕྱུགས་ཟོག་ཚད་བརྒལ་གྱིས་འཚོས་པས་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་ཁོངས་ཀྱི་རྩྭ་ས་ཉིན་རེ་བཞིན་ཇེ་ཞན་དུ་འགྲོ་བཞིན་ཡོད་ལ། ས་ནག་ཐང་དང་བྱེ་འགྱུར་ཅན་དུ་གྱུར་ཚད་རྩྭ་ས་ནས་གཞུང་ལམ་འགྲམ་དུ་སླེབས་ཡོད། རྩྭ་སའི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་ཐད་ཀྱི་རེ་འདུན་གླེང་སྐབས། རྩེ་ཁོག་རྫོང་ཆ་སྐོར་ཞང་སྒོ་རྩེ་སྡེ་བའི་འབྲོག་པ་བ་རྡོ་ཡིས་བབ་ཆགས་པའི་སྒོ་ནས་རང་གི་མྱོང་ཚོར་བརྗོད་བྱུང་།
བ་རྡོ་ཡིས་བཤད་རྒྱུར། ཉེ་བའི་ལོ་གཉིས་ཀྱི་རིང་ལ། རྩེ་ཁོག་གི་རྩྭ་སར་འགྱུར་ལྡོག་ཆེན་པོ་བྱུང་བ་དང་། བྱེ་འགྱུར་དང་ས་ནག་ཐང་གི་སྟེང་ཕྱུགས་རྩྭ་བཏབ་པ་དང་སྡོང་བོ་བཙུགས་པས། བྱེ་མ་བཀག་པ་མ་ཟད་རིམ་བཞིན་ཞན་འགྱུར་རྩྭ་སའི་ཁྱབ་རྒྱ་ཇེ་ཆུང་དུ་གྱུར། དཔྱིད་ཀར་ཐོན་རྗེས། བྱེ་མ་དེ་སྔོན་ལྟར་མང་པོ་མེད་ལ། སྡེ་བ་རེ་རེའི་རང་ཉིད་ཀྱི་མཉམ་ལས་ཁང་བཙུགས་ཡོད་པས་རྩྭ་ས་སྲུང་སྐྱོབ་ཐོབ་པ་དང་། ཕྱུགས་རྩྭ་སྐྱེས་ཚད་ལོ་རེ་ནས་ལོ་རེ་ཇེ་བཟང་རེད། རྫོང་གིས་ད་དུང་འགྱིག་ཤོག་བཀོལ་སྤྱོད་ཚད་བཀག་བྱེད་བཞིན་ཡོད་པས། ང་ཚོས་བསྟོད་བསྔགས་བྱེད་བཞིན་ཡོད་ལ་རང་འགུལ་སྒོས་བྱ་འགུལ་དེར་ཞུགས་བཞིན་ཡོད། སྐབས་རེར། འགྱིག་ཤོག་དེ་དག་རླུང་གིས་འཁུར་བཞིན་ཡོད་ལ། དེ་དག་ནོར་ལུག་གིས་ཟས་ན་ང་ཚོའི་འབྲོག་པ་རྣམས་ལ་དགོས་མེད་ཀྱི་གྱོང་གུད་ཐེབས་ཟེར།
ལོ་ཙཱ་བ། ཤ་བོ་རིན་མཚོ།