དགུན་ཉི་ལྡོག་བསླེབས་པའི་དུས་ན་ས་གཞི་མ་ལུས་འཁྱག་པས་བསྡམས་ཤིང་། བྱ་བྱིའུ་འབའ་འབུ་རྣམས་ཀྱིས་ཀྱང་རང་མལ་དྲོན་པོ་ཞིག་བཙལ་ཏེ་གཉིད་དུ་ཡུར་ནས་དགུན་ཟླ་རིང་མོ་བསྐྱལ་མགོ་བརྩམས་སོང་བས། མཚོ་བོད་མཐོ་སྒང་འདི་ཅུང་ལྷིང་འཇགས་ལྡན་ཞིང་སྐྱ་མདོག་གིས་གཡོགས་པའི་འཇིག་རྟེན་ཞིག་ཏུ་བསྒྱུར་འདུག
ཁ་དཔེར་ཡང་དགུ་དང་པོར་ས་གས་ཞེས་བཤད་སྲོལ་ཡོད་མོད། འོན་ཀྱང་མཐོ་སྒང་འདི་རུ་དགུན་གྱི་གྲང་ངར་ལ་མི་འཛེམས་ཤིང་རང་ཁྱིམ་གྱི་ལས་ཀ་རྒྱབ་ཏུ་བསྐྱུར་ཏེ་གཞན་ཕན་དང་སྤྱི་གཞུང་གི་ལས་དོན་འབའ་ཞིག་ལ་བརྩོན་པའི་སྙིང་སྡུག་གི་མི་བུ་སྐོར་ཞིག་ཡོད་དེ། ཁོ་ཚོས་བགྲང་བྱ་དྲུག་ལྷག་གི་རིང་ལ་དུས་དང་རྣམ་པ་ཀུན་ཏུ་དབྱར་གྱི་ཚ་གདུག་དང་དགུན་གྱི་གྲང་ངར་གདོང་གིས་བསུས་ཏེ་རང་ནུས་ཅི་ལྕོགས་ཀྱིས་ཡུལ་གྲོང་ཞིག་གི་སྐྱེ་ཁམས་སྲུང་སྐྱོང་དང་ཁོར་ཡུག་གཙང་བཟོ། སྲོག་ཆགས་སྲུང་སྐྱོང་ཐད་ལ་བརྩོན་བསྐྱེད་དང་ནུས་ཤུགས་གང་ཡོད་བཏོན་དང་འདོན་བཞིན་ཡོད། ཡིད་དུ་འོང་བའི་མི་བུ་དེ་དག་ནི2016ལོའི་ཟླ12པའི་ཚེས23ཉིན་མགོ་མང་གྲོང་རྡལ་དུ“རང་བྱུང་ཁམས་ལ་བརྩི་འཇོག རང་བྱུང་ཁམས་ལ་བབ་བསྟུན། རང་བྱུང་ཁམས་ལ་སྲུང་སྐྱོང”བརྗོད་བྱ་ཡིན་པའི་གད་སྙིགས་གཙང་སེལ་གྱི་བྱ་འགུལ་སྤེལ་བཞིན་པའི“ཀོས་ནན་རྫོང་མགོ་མང་གྲོང་རྡལ་སྤྱི་ཕན་ཁོར་ཡུག་གཙང་སྦྲ་བཅོས་སྐྱོང་མཐུན་ཚོགས”ཀྱི་སྣེ་ཁྲིད་པ་གཙོ་བྱས་པའི་ཚོགས་མི་དག་རེད།
ཁོ་ཚོའི་ཐེངས་འདིའི་བྱ་འགུལ་གྱི་བརྗོད་དོན་དེ་ནི་ད་ལྟའི་སྤྱི་ཚོགས་གནས་བབ་དང་ཅི་འདྲའི་གནད་དུ་འཁེལ་བ་ཞིག་རེད་ཨང་། ན་ནིང་གི་ཟླ་བརྒྱད་པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་ལགས་མཚོ་སྔོན་དུ་ཕེབས་སྐབས་ཆེད་དུ་མཚོ་སྔོན་གྱི་སྐྱེ་ཁམས་བྱ་བར་རྟོག་ཞིབ་གནང་བར་མ་ཟད། ཁོང་གིས་མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོང་ནི་ཀྲུང་གོ་སྤྱིའི་སྲོག་རྩ་ལྟ་བུ་ཡིན་རྐྱེན། “རང་བྱུང་ཁམས་ལ་བརྩི་འཇོག རང་བྱུང་ཁམས་ལ་བབ་བསྟུན། རང་བྱུང་ཁམས་ལ་སྲུང་སྐྱོང”ཞེས་པའི་བླང་བྱ་ནན་མོ་བཏོན་པ་རེད། དེ་བས་ན་རི་མཐོ་ས་གཙང་གི་ཕ་ས་ཕ་ཡུལ་ཞིག་བསྐྲུན་དགོས་ཚེ། ང་ཚོར་འདི་ལྟ་བུའི་སྤྱི་ཕན་ཚོགས་པ་ཅི་འདྲའི་མཁོ་ཨང་། འདི་ལྟ་བུའི་གཞན་ཕན་གྱི་ལས་ལ་གཞོལ་བའི་མི་བུ་ཅི་འདྲའི་མཁོ་ཨང་།
མཐུན་ཚོགས་འདིའི་འཕེལ་རྒྱས་ཀྱི་བརྒྱུད་རིམ་བརྗོད་དུས་ང་ཚོས་མི་ཞིག་མི་གླེང་ཐབས་མེད་ཡིན་ལ། དེ་ནི་རང་ཉིད་ཀྱི་ལྟེ་ཁྲག་གནས་འདི་རུ་འཕོས་པའི་ཚོགས་གཙོ་དོན་གྲུབ་རྒྱལ་རེད། གཞན་ཕན་གྱི་བསམ་བློའི་འོ་མ་ལྟེམ་མེར་འཁྱིལ་ཞིང་སྤྱི་དོན་གྱི་བློ་རྒྱའི་འདབ་ལག་རྒྱས་པའི་ཁོས་རང་ས་རང་ཡུལ་གྱི་མཛེས་སྡུག་གི་རྩྭ་ཐང་དང་དྭངས་གཙང་གི་ཆུ་བོ་རྣམས་ལ་དུས་རབས་གསར་བའི་འཕོ་འགྱུར་དང་བསྟུན་ཏེ་འབག་བཙོག་ཚབས་ཆེན་ཐེབས་བཞིན་པ་མིག་གིས་བལྟ་མ་བཟོད་དེ། རང་ནུས་ཅི་ལྕོགས་དང་མ་སྐུལ་དང་བླངས་སྒོས་ཀོས་ནན་རྫོང་མགོ་མང་གྲོང་རྡལ་སྤྱི་ཕན་ཁོར་ཡུག་གཙང་སྦྲ་བཅོས་སྐྱོང་མཐུན་ཚོགས་འདི2010ལོའི་ཟླ4པའི་ཚེས15ཉིན་བློ་སྤོབས་ཆེན་པོ་དང་ཆོད་སེམས་བརྟན་པོའི་ངང་ཐོག་མར་བཙུགས། ལོ་ངོ་དྲུག་ལྷག་གི་རིང་ལ་མཐུན་ཚོགས་འདི་མེད་པ་ནས་ཡོད་པ་དང་། ཡོད་པ་ནས་ཇེ་ལེགས་སུ་བསྐྱོད་པའི་བཞུད་ལམ་རིང་མོ་ཞིག་ལ་ཞུགས་ཤིང་། ཁོ་ཚོས་དུས་དང་རྣམ་པ་ཀུན་ཏུ་དཀའ་བ་ཁྱད་བསད་དང་སྤྱི་དོན་ཕྲག་བླངས་སྒོས་སྐྱེ་ཁམས་དང་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་། གད་སྙིགས་གཙང་སེལ་དང་ཆུ་བོ་གཙང་བསྒྱུར་སོགས་ཀྱི་ཐད་ལ་རྩེ་གཅིག་ཏུ་འབད་འབུངས་བྱས་པར་མ་ཟད། ཡུལ་གྲོང་དེའི་རྒྱ་ཆེ་བའི་མང་ཚོགས་ཀྱི་ཁོར་ཡུག་སྲུང་སྐྱོང་བྱེད་པའི་སྤྱི་ཚོགས་ཀྱི་འགན་འཁྲིའི་འདུ་ཤེས་མཐོར་འདེགས་གཏོང་བ་དང་། ཁོར་ཡུག་སྲུང་སྐྱོང་གི་ཤེས་བྱར་སློབ་སྦྱོང་བྱེད་པའི་བརྩོན་སེམས་ལ་སྐུལ་སློང་བྱེད་པ། ཁོར་ཡུག་ཉམས་རྒུད་ཀྱི་ཚོར་ཤེས་དང་འགན་འཁྲིའི་འདུ་ཤེས་སྔར་ལས་སད་རྟོགས་བྱེད་པ་རྩ་དོན་དུ་བཟུང་སྟེ་ནུས་ཤུགས་བླ་ལྷག་བཏོན་མཐར། སྲིད་གཞུང་གི་ངོས་ནས་ཀྱང་ལོ་འདི་དག་གི་རིང་ལ་ཁོ་ཚོས་ངལ་བའི་རྔུལ་ཆུས་ས་གནས་ཀྱི་ཁོར་ཡུག་སྲུང་སྐྱོང་ཐད་དུ་བླངས་པའི་མིག་མཐོང་ལག་ཟིན་གྱི་གྲུབ་འབྲས་དག་ལ་ཁས་ལེན་དང་གདེང་འཇོག་མཐོན་པོ་བྱས་ཁར། 2016ལོར་སྒེར་གཉེར་ཚོགས་པ་འདི་རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་མཐུན་པའི་མཐུན་ཚོགས་ཤིག་ཏུ་ཆོག་མཆན་གནང་ཞིང་། མིག་སྔར་མཐུན་ཚོགས་འདི་ནི་ཀོས་ནན་རྫོང་ཁོངས་ཀྱི་ཆེས་ཆེ་བའི་སྤྱི་ཕན་ཁོར་ཡུག་གཙང་སྦྲ་བཅོས་སྐྱོང་མཐུན་ཚོགས་ཤིག་ཡིན་ལ། ད་ལྟ་ཚོགས་པ་འདིར་མགོ་མང་གྲོང་རྡལ་ཁོངས་གཏོགས་ཀྱི་སྡེ་བ་སོ་སོ་དང་དགོན་པ་ཁག་གི་སེར་སྐྱ་ཕོ་མོའི་ཚོགས་མི720ལྷག་ལ་བསླེབས་ཡོད།
ཚོགས་པ་འདི་ཐོག་མར་འཛུགས་དུས་ཀྱི་བསམ་བློའི་ཀུན་སློང་དང་ད་ལྟའི་བར་དུ་བླངས་པའི་གྲུབ་འབྲས་ཀྱི་ཐད་ནས་ཚོགས་གཙོ་དོན་གྲུབ་རྒྱལ་གྱིས་བཤད་རྒྱུར། “དང་ཐོག་ཡུལ་གྲོང་འདིའི་རི་དང་ལུང་བ། ཆུ་དང་གཙང་བོ་སོགས་ལ་གད་སྙིགས་ཀྱི་འབག་བཙོག་ཐེབས་པ་ཧ་ཅང་ཚབས་ཆེན་ཡིན་ཞིང་། དེར་གཅིག་གྱུར་གྱི་བདག་གཉེར་དང་གཙང་སྦྲ་བྱེད་མཁན་སུའང་མེད་པ་སེམས་ཀྱིས་མ་བཟོད་པར། བློ་ཁ་མཐུན་པའི་མི་འགའ་དང་གྲོས་བྱས་ཏེ་ཐོག་མར་རང་གིས་རང་གི་སྡེ་བའི་ཉེ་འདབས་ཀྱི་གད་སྙིགས་འཐུ་བ་ནས་བཟུང་སྟེ་ཁོར་ཡུག་སྲུང་སྐྱོང་གི་ལས་འདིར་ཞུགས་ཤིང་། ཐོག་མའི་བསམ་བློའི་ཀུན་སློང་ཡང་དུས་དེ་ནས་སྐྱེས་པ་ཡིན་ཞེས་བཤད་ཆོག རིམ་བཞིན་སྒེར་གྱི་ངོས་ནས་གད་སྙིགས་གཙང་སྦྲའི་ཚོགས་པ་འདི་བཙུགས་ཤིང་། ལོ་དྲུག་གི་རིང་བྱ་འགུལ་ཐེངས་བརྒྱད་བཅུ་ལྷག་སྤེལ་བ་དང་འགྲོ་སྒོ་ཕལ་ཆེར་སྒོར་ཁྲི30ལྷག་ལ་བསླེབས། ད་ལྟ་ཕྱིར་འདང་ཞིག་བརྒྱབ་ཚེ། ང་ཚོའི་ཚོགས་མི་ཡོངས་ཀྱིས་དུས་ངེས་མེད་ཀྱི་བརྩོན་པར་བརྟེན་ནས་གྲུབ་འབྲས་གཙོ་བོ་ཕྱོགས་ལྔ་ནས་བླངས་ཡོད་པར་སྙམ་སྟེ། གཅིག་ནས་མགོ་མང་གྲོང་རྡལ་འདིའི་རྩྭ་ཆུ་དོ་མཉམ་ཐད་ལ་ཉམས་དགའ་བའི་འབྲས་བུ་བླངས་ཡོད། གཉིས་ནས་གད་སྙིགས་ལས་འགྱིག་ཤོག་སོགས་གཙང་སེལ་བྱས་པས་ཕྱུགས་ཟོག་གི་འཆི་རྐྱེན་ཇེ་ཉུང་དང་མང་ཚོགས་ཀྱི་འགྲོ་སོང་ཇེ་ཆུང་ལ་བཏང་ཡོད། གསུམ་ནས་ཨ་བྲའི་གནོད་པ་ལས་བྱུང་བའི་རྩྭ་ས་བྱེ་འགྱུར་དང་ས་ནག་ཏུ་འགྱུར་བཞིན་པར་དམིགས་ཏེ་ས་ཁུལ་ལ་ལ་ཞིག་བཀག་སྡོམ་རང་བཞིན་གྱིས་སྲུང་སྐྱོང་བྱས་ཡོད། བཞི་ནས་འཐུང་ཆུའི་འབག་བཙོག་གཙང་སེལ་དང་སྔོན་འགོག་བྱས་པས་མང་ཚོགས་ཀྱི་བདེ་ཐང་ལ་ཕན་ནུས་བསྐྲུན་ཡོད། ལྔ་ནས་རི་སྐྱེས་སྲོག་ཆགས་ལ་སྲུང་སྐྱོང་བྱེད་པར་ནུས་ཤུགས་མི་ཉུང་བ་ཞིག་བཏོན་ཡོད”ཟེར།
དེང་གི་ཆ་འཕྲིན་དང་དཔལ་འབྱོར་གཙོར་འཛིན་པའི་དུས་འདིར། རང་དོན་རྒྱབ་ཏུ་བསྐྱུར་ཏེ་སྤྱི་དོན་འབའ་ཞིག་སེམས་སུ་ཉར་བཞིན། དུས་ཡུན་རིང་བོར་གཞན་ཕན་གྱི་ལས་ལ་བརྩོན་པའི་མི་བུ་དག་ནི་ཀུན་གྱི་ཁྲོད་ན་འོད་དུ་འཚེར་བའི་སྐར་མ་འོད་ཆེན་ཞིག་ཏུ་སྣང་ལ་སྣང་ཡང་དགོས་སོ། ། མཐུན་ཚོགས་འདིས་ཀྱང་ས་གནས་ཤིག་གི་ཁོར་ཡུག་མཛེས་བསྒྱུར་ཆེད་དུ་ས་ཆེན་པོ་གོམ་པས་བཅད་དེ་ལག་ཕྲ་མོས་གད་སྙིགས་འཐུས་ཤིང་། ཡུལ་གང་གི་མཛེས་སྡུག་ཆེད་དུ་རང་ཁྱིམ་གྱི་དོན་བྱ་བསྐྱུར་མྱོང་། ད་ལྟ་མགོ་མང་གྲོང་རྡལ་གྱི་ཁོར་ཡུག་ནི་ལུང་ཁོག་དེར་ལྷང་ངེར་མངོན་པའི་ཡུལ་ལྗོངས་ཤིག་ཏུ་གྲུབ་ཅིང་། རང་ས་གནས་ཕར་ཞོག་ཡུལ་གྲུ་གཞན་དག་གི་མི་ཚོས་ཀྱང་ཁོ་ཚོའི་བྱས་འབྲས་འདི་ཐོས་མ་ཐག་བསྟོད་པའི་མཐེ་བོང་མི་བསྒྲེང་མཁན་གཅིག་ཀྱང་མེད།
མགོ་མང་གྲོང་རྡལ་མི་དམངས་སྲིད་གཞུང་གི་ཀྲིན་ཀྲང་གཞོན་པ་ཆུའུ་ཡིས་བཤད་རྒྱུར། “མགོ་མང་གྲོང་རྡལ་ནི་མི་དང་ཕྱུགས་ཟོག་མང་ལ། ས་རྒྱ་ཆེ་བའི་གྲོང་རྡལ་ཞིག་ཡིན་པར་མ་ཟད། འགྲིམ་འགྲུལ་གྱི་རྒྱུགས་ལམ་གཙོ་བོ་ཞིག་ཡིན་པའི་རྐྱེན་གྱིས་གནས་འདི་རུ་གད་སྙིགས་གང་སར་འཕོ་བའི་གནས་ཚུལ་ཅུང་ཚབས་ཆེ་བས། སྲིད་གཞུང་གིས་ཀྱང་ས་འདིའི་སྐྱེ་ཁམས་སྲུང་སྐྱོང་ནི་ལས་ཀུན་གྱི་ཐོག་མ་བརྩིས་ཡོད་མོད། འོན་ཀྱང་ང་ཚོའི་ནུས་ཤུགས་ཁོ་ནར་བརྟེན་ནས་ཡུལ་འདི་དག་གཙང་མ་ཞིག་ཏུ་བསྒྱུར་བ་ནི་དངོས་གནས་དཀའ་མོ་ཞིག་རེད། དེ་བས་མ་སྐུལ་དང་བླངས་ཀྱིས་རང་ཡུལ་མཛེས་བསྒྱུར་ལས་ལ་འབད་པའི་མཐུན་ཚོགས་འདི་བཙུགས་པ་ནས་བཟུང་། མགོ་མང་གྲོང་རྡལ་གྱི་གད་སྙིགས་གཙང་སེལ་གཙོ་བོའི་སྐྱེ་ཁམས་སྲུང་སྐྱོང་ཐད་ལ་གཡུར་དུ་ཟ་བའི་གྲུབ་འབྲས་བླངས་པས། ས་གནས་མི་དམངས་ཀྱིས་བསྟོད་པའི་མེ་ཏོག་མཚམས་མེད་དུ་གཏོར་བཞིན་ཡོད་ཅིང་། སྲིད་གཞུང་གིས་ཀྱང2016ལོར་མཐུན་ཚོགས་འདིར་གད་སྙིགས་གཙང་སེལ་ཐད་ཀྱི་རླངས་འཁོར་གསུམ་བྱིན་ལ། རྗེས་མར་ཡང་མཐུན་ཚོགས་འདིར་རྒྱབ་སྐྱོར་གང་ལེགས་བྱས་ཏེ་ཇེ་ལེགས་ཇེ་རྒྱས་སུ་བཏང་ནས་སྲིད་གཞུང་དང་མཐུན་ཚོགས་ཟུང་འབྲེལ་སྒོས་མགོ་མང་གི་ཁོར་ཡུག་མ་ལུས་མཛེས་སྡུག་ལྡན་པ་ཞིག་ཏུ་གཏོང་བར་འབད་བརྩོན་བྱེད་འདོད་ཡོད”ཟེར།
སྤྱི་ཚོགས་ཚོགས་པ་གང་ཞིག་ཡིན་ཡང་གཡུར་དུ་ཟ་བའི་གྲུབ་འབྲས་ཤིག་བླངས་པར་དེའི་ཚོགས་མི་རེ་རེས་བརྩོན་པ་ཆེར་བསྐྱེད་དང་རང་འགན་ཕྲག་ཏུ་བླངས་པ་དང་འབྲལ་ཐབས་མེད། མཐུན་ཚོགས་འདིའང་དེ་ལས་མ་འདས་ཏེ། ཚོགས་མི་རེ་རེ་ཡི་གོ་རྟོགས་སད་དེ་མཐུན་ཚོགས་འདིར་ཞུགས་པ་ཉིད་ནས་ཕྲག་ཏུ་བབས་ཡོད་པའི་འགན་འཁྲི་རེ་རེ་དངོས་སུ་ལག་ཏུ་བསྟར་བ་ལས་ད་ལྟའི་འཕེལ་རྒྱས་འདི་བྱུང་བ་རེད།
སྨར་ཁམས་སྡེ་བའི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་རིན་ནམ་ཚོགས་མི་གཡང་མོ་རྒྱལ་གྱིས་བཤད་རྒྱུར། “ང་ནི་ཚོགས་པ་འདི་བཙུགས་ཏེ་ལོ་གསུམ་བཞི་ཙམ་འགོར་རྗེས་ཞུགས་པ་ཡིན་ལ། སྐབས་དེར་ཁོ་ཚོས་ས་གནས་ཁོར་ཡུག་དང་མང་ཚོགས་ལ་ཕན་ཁེ་སྐྲུན་བཞིན་པ་རྣ་བས་ཐོས་ཤིང་མིག་གིས་མཐོང་ནས་ཡིད་སྨོན་དང་བཅས་ཞུགས་པ་ཡིན། ད་ལྟ་མཐུན་ཚོགས་འདིར་སྐྱེས་མ་ཚོགས་མིའང་མང་པོ་ཞིག་ཡོད་ལ། ལྟོས་འཇོག་གིས་བུད་མེད་ཚོར་ཁྱིམ་ལས་མང་ནའང་། མཐུན་ཚོགས་འདིས་སྒྲུབ་བཞིན་པ་ནི་རླབས་ཆེན་དང་སྤྱི་ཕན་གྱི་ལས་དོན་འབའ་ཞིག་ཡིན་པས་བཟའ་ཟླ་དང་ཁྱིམ་མི་རྣམས་ཀྱིས་ཀྱང་རྒྱབ་སྐྱོར་གང་ལེགས་བྱེད་བཞིན་ཡོད”ཟེར།
ཞོགས་པའི་ཉི་ཟེར་དང་མཉམ་དུ་མཐུན་ཚོགས་འདིས་མགོ་མང་གྲོང་རྡལ་གྱི་རྒྱ་སྲང་དུ་ཁོར་ཡུག་སྲུང་སྐྱོང་གི་དྲིལ་སྒྲོག་སྤེལ་བ་དང་། དེ་ནས་ས་ཁུལ་ཕྱོགས་བཞི་རུ་བགོས་ཏེ་གད་སྙིགས་འཐུ་རུ་བསྐྱོད་པ་སོགས་བྱ་འགུལ་རབ་དང་རིམ་པ་སྤེལ་བས། ཉིན་དེར་དྲོས་ཇ་འཐུང་ཁོམ་ཡང་མེད་པར་ཕྱི་དྲོའི་དུས་ཚོད་བཞི་ཡས་མས་སུ་ད་གཟོད་ཕྱིར་མཐུན་ཚོགས་བྱ་འགུལ་ཁང་གི་སྒོ་ཁ་རུ་འདུས་ཤིང་། དེར་མཐུད་དེ་མཐུན་ཚོགས་ཀྱི2016ལོའི་བྱ་བའི་སྤྱི་སྡོམ་ཚོགས་འདུ་བསྡུས་ཤིང་། ཚོགས་ཐོག་ཏུ་གདན་ཞུའི་ཚོགས་གཙོའམ་ཨ་ལགས་རུ་སྔུན་གྱིས་ཁོར་ཡུག་ལ་བདག་པོ་རྒྱག་པ་དང་ཚེ་སྲོག་ལ་གཅེས་སྤྲས་བྱེད་པ། བརྡ་འཕྲིན་དུས་རབས་སུ་ཁ་པར་སོགས་སྤྱོད་ཤེས་དགོས། ཚོགས་པ་དང་ཚོགས་མི་རྒྱ་བསྐྱེད་པ། ཉམས་ཟིན་པའི་སྲོལ་རྒྱུན་བཟང་བོ་སླར་གསོ་བྱེད་པ་སོགས་ཀྱི་ཐད་ནས་གསུང་བཤད་གལ་ཆེན་གནང་རྗེས། ལོ་དེའི་ཕུལ་བྱུང་སྡེ་བ་དང་སྔོན་ཐོན་མི་སྒེར་ལ་གཟེངས་བསྟོད་རྟགས་མ་གནང་བ་དང་ཆབས་ཅིག དགུན་གྱི་གྲང་ངར་ཁྲོད་ནས་མི་སེམས་དྲོ་བར་བྱེད་ཅིང་། མིང་སྟོང་མིན་པར་དོན་གྱིས་ཕྱུག་པའི་ཉིན་གཅིག་གི་བྱ་འགུལ་དེ་ཡོངས་སུ་མཇུག་རྫོགས་པ་རེད།
ཉིན་གཅིག་གི་བཅར་འདྲིའི་ལས་འགན་གཞི་ནས་མཇུག་རྫོགས་སོང་། གསར་འགོད་པས་ཀྱང་ཁོ་ཚོའི་ལས་དོན་ལ་ཡིད་སྨོན་དང་རྗེས་སུ་ཡི་རང་བྱེད་ཞོར་དུ། “གལ་ཏེ་རང་ཡུལ་དུ་འདི་འདྲའི་ཚོགས་པ་ཞིག་ཡོད་ཚེ་ཡུལ་མི་རྣམས་རང་རྟོགས་སྒོས་དེའི་ཁྲོད་ཞུགས་སྲིད་དམ།” “མཐུན་ཚོགས་འདི་ཡུན་རིང་བོར་རྒྱུན་འཁྱོངས་བྱེད་ཐུབ་བམ”སོགས་དྲི་རྟགས་མང་པོ་ཞིག་གིས་དྲན་ཤེས་ཀུན་ནས་གཅུན་སོང་། ངེད་གཉིས་ཕྱིར་ཡོང་བའི་ལམ་བར་དུ་ད་དུང་སེམས་སུ་ཝ་ལེར་འཆར་ཏེ་བརྗེད་དུ་མེད་པ་ནི་ཚོགས་གཙོ་དོན་གྲུབ་རྒྱལ་གྱི“ང་ཚོས་དུས་དང་རྣམ་པ་ཀུན་ཏུ་ཡུལ་འདིའི་ཡུལ་མི་རྣམས་ལ་ཁོར་ཡུག་སྲུང་སྐྱོང་གི་དྲིལ་སྒྲོག་མང་དུ་བྱས་ཏེ། མ་འོངས་པ་ན་མཐུན་ཚོགས་འདི་ལྟ་བུ་ཞིག་མེད་ཀྱང་། ཡུལ་མི་ཀུན་གྱིས་རང་རྟོགས་སྒོས་རང་རང་ནས་མགོ་བརྩམས་ཏེ་གད་སྙིགས་འཐུ་ཞིང་སྐྱེ་ཁམས་སྲུང་བའི་འདུ་ཤེས་ཡོད་པ་དང་། ནམ་མཁའ་སྔོ་ཞིང་བསངས་པ། རི་ལུང་མཛེས་ཤིང་སྡུག་པ། ཆུ་བོ་གཙང་ཞིང་དྭངས་པའི་མགོ་མང་ཞིག་བསྐྲུན་པར་བརྩོན་པ་ཆེར་བསྐྱེད་བྱེད་རྒྱུ་ཡིན”ཞེས་པའི་སྐད་ཆ་འདི་རེད།
རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།