2016ལོར། ཞིང་ཆེན་ཡོངས་ཀྱི་དབུལ་པོ་འབུམ་ལྔ་དང་ཁྲི་གཉིས་དགུ་བརྒྱ་བོ་ཚང་མ་གཞི་རྩའི་སྨན་བཅོས་འགན་བཅོལ་ཁྲོད་བཞག་ནས། མི་སྒེར་ལ་སྨན་རིན་ཁ་གསབ་བྱས་ཚད་སྒོར་བྱེ་བ་དྲུག་དང་ས་ཡ་བཞི་འབུམ་ལྔ་ཁྲི་དགུ་སྟོང་བཞི་བདུན་བརྒྱ་ལ་བུད་པ་དང་། ཞིང་ཆེན་ཡོངས་ཀྱི་ཡིག་ཚགས་དང་བྱང་བུ་ལས་པའི་དབུལ་པོའི་ཁྲོད་དུ་དབུལ་པོ་ཁྲི་བརྒྱད་དང་སྟོང་བཞིས་སྨན་བཅོས་འགན་སྲུང་ཐད་ནས་སྒོར་དུང་ཕྱུར་བཞི་དང་ས་ཡ་གཉིས་ཀྱི་ཐོབ་ཐང་ལོངས་སུ་སྤྱད་ལ། དབང་བོ་སྐྱོན་ཅན་ཚབས་ཆེ་ཆུང་སྟོང་དགུ་དང་དགུ་བརྒྱ་དོན་བདུན་ལ་རྒན་གསོའི་གྲོན་དངུལ་སྒོར་ས་ཡ་གཅིག་དང་འབུམ་དྲུག་ཁྲི་དྲུག་སྟོང་གཉིས་ཚབ་སྤྲོད་བྱས་པ་དང་། ཡིག་ཚགས་དང་བྱང་བུ་ལས་པའི་དབུལ་པོར་སྨན་རིན་སྒོར་ས་ཡ་ལྔ་དང་འབུམ་ལྔ་མེད་པར་བཏང་། སྨན་བཅོས་རོགས་སྐྱོབ་ཐད་སྒོར་ས་ཡ་གཅིག་དང་འབུམ་གསུམ་ཁྲི་གཉིས་བཏང་། གོང་གི་གྲངས་ཀ་རེ་རེས་སྲིད་ཇུས་དོན་ཐོག་ཏུ་འཁྱོལ་བར་བྱས་པའི་ཕན་ཐོགས་མཚོན་ཡོད་ལ། རོགས་སྐྱོབ་ཀྱི་འཆར་གཞི་རེ་རེས་དབུལ་པོ་ནད་པ་རྣམས་ལ་སྨན་བཅོས་ཀྱི་ཁེ་ཕན་རག་ཏུ་བཅུག
སྨན་བཅོས་འགན་སྲུང་དབུལ་སྐྱོར་ནི་མཚོ་སྔོན་གྱི་གནད་ཕིགས་དབུལ་སྐྱོར་འགུལ་སྐྱོད་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན། ནད་ཀྱི་དབང་གིས་དབུལ་ཕོངས་སུ་གྱུར་པའི་ཁྱིམ་ཚང་ལ་མཚོན་ན། སྨན་བཅོས་འགན་སྲུང་དབུལ་སྐྱོར་ནི་དབུལ་ཕོངས་ཀྱི་གནད་དོན་ཐག་གཅོད་པའི་ཐབས་ལམ་གལ་ཆེན་ཡིན། ཉིས་སྟོང་བཅུ་དྲུག་ལོར། དབུལ་སྐྱོར་བྱ་ཡུལ་ཡོད་ཚད་ལ་སྨན་བཅོས་འགན་སྲུང་གི་རྒྱབ་སྐྱོར་ཐོབ་པར་བྱེད་ཆེད། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་དབུལ་སྐྱོར་མཁྲེགས་གཏོར་བཀོད་སྒྲིག་གཞིར་བཟུང་ནས། ཞིང་ཆེན་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་ཐིན་གྱིས་མཚོ་སྔོན་གྱི་སྨན་བཅོས་འགན་སྲུང་དང་རོགས་སྐྱོབ་དབུལ་ཐར་མཁྲེགས་གཏོར་འགུལ་སྐྱོད་ཀྱི་འཆར་གཞི་ལག་བསྟར་བྱས་ཏེ། དབུལ་སྐྱོར་བྱ་ཡུལ་ཡོངས་རྫོགས་འགུལ་སྐྱོད་དེ་ལག་བསྟར་བྱེད་པའི་ཁྱབ་ཁོངས་སུ་བཞག་ནས། དབུལ་པོའི་སྨན་བཅོས་འགན་སྲུང་གི་ཆུ་ཚད་ཕན་ནུས་ལྡན་པའི་སྒོ་ནས་ཇེ་མཐོར་བཏང་བ་དང་། དབུལ་སྐྱོར་བྱ་ཡུལ་གྱི་སྨན་བཅོས་ཀྱི་ཁུར་པོ་ཇེ་ཡང་དུ་བཏང་ལ། མང་ཚོགས་ནད་ཀྱི་དབང་གིས་དབུལ་ཕོངས་སུ་འགྱུར་བ་དང་ནད་གྱི་དབང་གིས་ཡང་བསྐྱར་དབུལ་ཕོངས་སུ་འགྱུར་བའི་གནད་དོན་ཞི་འཇགས་སུ་བཏང་བས། ཕན་འབྲས་བཟང་པོ་ཐོབ།
2016ལོའི་ལོ་མཇུག་ཏུ། མཚོ་ཤར་གྲོང་ཁྱེར་དཔའ་ལུང་ཧོས་རིགས་རང་སྐྱོང་རྫོང་ཞེ་ཅ་ཐཱན་ཞང་ཧན་ཅ་ཡའོ་སྡེ་བའི་སྡེ་མི་ཧན་ཡུག་རིན་གྱིས་ཚོར་སྣང་ཟབ་མོས་བཤད་རྒྱུར། གལ་ཏེ་སྲིད་ཇུས་བཟང་པོ་མིན་རྒྱུ་ན། ངས་ཁྱིམ་ནས་འཆི་རྒྱུར་སྒུག་པ་ལས་ཐབས་མེད་ཟེར། མ་གཞིར་ཉིས་སྟོང་བཅོ་ལྔ་ལོར། ཧན་ཡུག་རིན་ལ་རྨེན་སྐྲན་ཕོག་པ་དང་། ལོ་དེར་སྨན་ཁང་དུ་བསྡད་ནས་ཁྱིམ་གྱི་གསོག་དངུལ་ཚང་མ་བཀོལ་ཚར་བར་མ་ཟད། ད་དུང་ཉེ་འབྲེལ་རྣམས་ལ་ཡང་དངུལ་བསྐྱིས་པས། སྡེ་བའི་ནང་གི་དབུལ་ཕོངས་ཁྱིམ་ཚང་དུ་གྱུར། ཉིས་སྟོང་བཅུ་དྲུག་ལོའི་ཟླ་དགུ་བར། མུ་མཐུད་སྨན་ཁང་དུ་བསྡད་ནས་རྫས་བཅོས་བྱེད་དགོས་པའི་ཁོ་དཀའ་ངལ་ལ་འཕྲད་པ་དེ། སྡེ་སྡོད་ཧྲུའུ་ཅི་དང་པོས་གོ་རྗེས། ཁོ་ཚང་དུ་རྒྱུག་ཡོང་ནས་སྨན་བཅོས་མ་བྱས་ན་ཅི་ལ་ཆོག ཞིང་ཆེན་ཡོངས་ཀྱི་སྨན་བཅོས་འགན་སྲུང་དང་རོགས་སྐྱོབ་དབུལ་ཐར་མཁྲེགས་གཏོར་འགུལ་སྐྱོད་འཆར་གཞི་ལག་བསྟར་བྱེད་བཞིན་པས། དེས་ཁྱེད་ལ་ཕན་ཐོགས་སྲིད་ཅེས་བཤད། མཇུག་མཐར་སྨན་བཅོས་བྱས་རྗེས་ཧན་ཡུག་རིན་གྱིས་ཞིང་ཆེན་མི་དམངས་སྨན་ཁང་ནས་སྨན་བཅོས་བྱས་པར་སྨན་རིན་སྒོར་འབུམ་གཅིག་དང་ཁྲི་གཉིས་ཤོར་བར། མཚོ་སྔོན་ཞིང་ཆེན་མཁར་གྲོང་སྡོད་དམངས་ཀྱི་སྨན་བཅོས་གཅིག་གྱུར་གྲོན་དངུལ་ལས་སྒོར་ཁྲི་དྲུག་བྱིན་པ་དང་། ནད་ལྕི་མོའི་སྨན་བཅོས་འགན་སྲུང་དང་སྨན་བཅོས་རོགས་སྐྱོབ་བརྒྱུད་དེ་སྒོར་ཁྲི་གསུམ་དང་སྟོང་བཞི་བཏང་བས། ཁོའི་ཁུར་པོ་ཧ་ཅང་ཇེ་ཡང་དུ་སོང་།
ནད་ཀྱི་དབང་གིས་དབུལ་པོར་འགྱུར་བ་དང་ཡང་བསྐྱར་དབུལ་པོར་འགྱུར་བའི་གནད་དོན་ལ་བཅོས་སྐྱོང་བྱེད་པ་ནི་དབུལ་སྐྱོར་མཁྲེགས་གཏོར་བྱ་བའི་གལ་ཆེན་ནང་གི་འགངས་ཆེན་ཡིན་ལ། མི་རེ་རེ་དང་ཁྱིམ་ཚང་རེ་རེ་ནད་ཡམས་ལ་བརྟེན་ནས་དཀའ་ཁག་ལ་འཕྲད་དུ་མི་འཇུག་པ་དང་རེ་ཐག་ཆད་དུ་མི་འཇུག་པ་ནི་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་ པའི་འོས་འགན་ཡིན། དེར་བརྟེན་བདེ་ཐང་གི་དབུལ་སྐྱོར་དེ་དབུལ་ཐར་མཁྲེགས་གཏོར་གྱི་འཐབ་འཛིང་ལས་རྣམ་པར་རྒྱལ་བའི་གནད་འགག་གི་བྱེད་ཐབས་ལ་བརྩིས་ཏེ། མཐོ་རིམ་ཇུས་འགོད་སྔར་ལས་འཐུས་ཚང་དུ་གཏོང་བ་དང་གནད་ཕིགས་ཇུས་བསྟར་བྱས་ན། ད་གཟོད་ལམ་ལུགས་འཛུགས་སྐྲུན་ནས་ལག་བསྟར་གྱི་རིམ་པའི་བར་དུ་ནད་ཀྱི་དབང་གིས་དབུལ་པོར་འགྱུར་བ་དང་ཡང་བསྐྱར་དབུལ་པོར་འགྱུར་བར་བཀག་འགོག་བྱེད་པའི་འགན་སྲུང་གི་དྲ་རྒྱ་བརྟན་པོ་ཞིག་ཁྱོན་ཡོངས་ནས་བཟོ་ཐུབ།
2016ལོར། ཞིང་ཆེན་ཏང་ཨུའི་དབུལ་སྐྱོར་གསར་སྤེལ་བྱ་བའི་ཚོགས་འདུ་བསྡུས་རྗེས། ཞིང་ཆེན་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་ཐིན་གྱིས་མྱུར་དུ་འགུལ་སྐྱོད་སྤེལ་ནས། དབུལ་སྐྱོར་གསར་སྤེལ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་དམ་འཛིན་བྱས་པ་དང་། མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་དབུལ་སྐྱོར་བྱ་བའི་མགོ་ཁྲིད་ཚན་ཆུང་མྱུར་དུ་བཙུགས་ལ། ཞིང་ཆེན་ཡོངས་ཀྱི་སྨན་བཅོས་འགན་སྲུང་དང་རོགས་སྐྱོབ་དབུལ་ཐར་མཁྲེགས་གཏོར་འགུལ་སྐྱོད་ཀྱི་འཆར་གཞི་བཟོས་ཏེ། ཞིང་ཆེན་ཡོངས་ཀྱི་བྱ་བའི་ཁྱོན་ཡོངས་ལ་བརྩི་བཀུར་བྱས་པ་དང་ཞབས་འདེགས་ཞུས། ཟླ་བཞི་བའི་ཟླ་སྨད་ལ། ཆེད་དུ་ཞིང་ཆེན་ཡོངས་ཀྱི་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་དབུལ་སྐྱོར་བྱ་བའི་སྐུལ་སློང་ཚོགས་འདུ་བསྡུས་ནས། ས་གནས་སོ་སོའི་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་སྡེ་ཁག་བར་དམིགས་འབེན་འགན་འཁྲིའི་ཡི་གེ་བཀོད་ལ། རིམ་པ་བཞིན་དུ་འགན་འཁྲི་བགོས་པ་དང་རིམ་པ་རེ་རེར་གནོན་ཤུགས་བྱིན་ཏེ། རིམ་པ་གཅིག་གིས་རིམ་པ་གཅིག་འཛིན་པ་དང་རིམ་པ་རེ་རེ་ནས་དངོས་འབེབས་འཛིན་པའི་བྱ་བའི་རྣམ་པ་ཞིག་གྲུབ་པར་བྱས། ངེས་གཏན་གྱི་དབུལ་ཕོངས་ས་ཁུལ་ཡོད་སའི་རྫོང་ཨུ་དང་སྲིད་གཞུང་། ཁུལ་དང་རྫོང་རིམ་པ་གཉིས་ཀྱི་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་སྡེ་ཁག་བཅས་ཀྱིས་གནད་ཕིགས་དབུལ་སྐྱོར་གྱི་འགན་འཁྲི་གཙོ་བོ་དང་བྱ་བའི་ལས་འགན་གཙོ་བོ་ཧུར་ཐག་གིས་ལག་བསྟར་བྱས་ཏེ། ཕན་ཚུན་གཞོགས་འདེགས་དང་མཉམ་ལས་དམ་པོ་བྱས་པས། ཞིང་ཆེན་ཡོངས་ཀྱི་གོང་འོག་ཡོངས་དང་ཁོངས་གཏོགས་ཕྱི་ནང་དུ་མཉམ་འཛིན་མཉམ་བདག་གི་བྱ་བའི་མཉམ་ཤུགས་ཤིག་གྲུབ།
ལོ་དེར་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་གཞི་གྲངས་གསལ་བོར་རྩིས་བླངས་པའི་རྨང་གཞིའི་སྟེང་དུ། ཞིང་ཆེན་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་ཐིན་གྱིས་དབུལ་པོའི་གཞི་རྩའི་སྨན་བཅོས་འགན་སྲུང་ཁྲོད་ཞུགས་པའི་མི་སྒེར་གྱིས་སྤྲོད་པའི་གླ་རིན་ཡོད་ཚད་ཁ་གསབ་བྱེད་པའི་སྲིད་ཇུས་ཡོངས་སུ་དངོས་འབེབས་བྱས་ཏེ། ངེས་གཏན་གྱི་སྨན་བཅོས་ལས་ཁུངས་དང་བརྒྱུད་སྒྲུབ་ལས་ཁུངས་སུ་ས་ཚིགས་གཅིག་གི་རྣམ་པའི་སྨན་བཅོས་འགན་སྲུང་དང་རོགས་སྐྱོབ་ཞབས་ཞུ་བྱེད་ཐབས་བཙུགས་པ་དང་། དབུལ་པོ་རྣམས་ལ་སྨན་བཅོས་བྱེད་པའི་དུས་མཉམ་དུ་གཞི་རྩའི་སྨན་བཅོས་འགན་སྲུང་དང་ནད་ལྕི་མོའི་འགན་སྲུང་། སྨན་བཅོས་རོགས་སྐྱོབ་སོགས་དམངས་ཕན་སྲིད་ཇུས་སྣ་ཚོགས་ལོངས་སུ་སྤྱོད་དུ་བཅུག་ནས། དབུལ་པོས་སྨན་བཅོས་བྱེད་ན་ཡར་མར་ལ་ཐེངས་མང་རྒྱུག་དགོས་པ་དང་སྨན་རིན་སྔོན་ལ་སྤྲོད་དགོས་པའི་གནད་དོན་ཐག་བཅད་ལ། མཁར་གྲོང་སྡོད་དམངས་ཀྱི་གཞི་རྩའི་སྨན་བཅོས་འགན་སྲུང་གི་དངུལ་བསྡུ་ཚད་གཞི་དང་གཅིག་གྱུར་ལག་བསྟར་གྱི་རིམ་པ་སྔར་ལས་ཇེ་མཐོར་བཏང་བ་དང་། སྨན་བཅོས་འགན་སྲུང་གི་རིན་སྤྲོད་བྱེད་ཐབས་སྟོབས་ཤུགས་ཡོད་རྒུས་བཅོས་སྒྱུར་བྱས་ཏེ། དབུལ་པོའི་སྨན་རིན་སྤྲོད་པའི་ཁུར་པོ་ཇེ་ཡང་དུ་བཏང་། དེ་དང་མཉམ་དུ། མཁར་གྲོང་སྡོད་དམངས་ གཞི་རྩའི་རྒན་གསོ་འགན་བཅོལ་ལ་ཞུགས་པའི་ཁྱབ་རྒྱ་བསྐྱེད་པའི་བྱ་བ་བརྟན་བརླིང་སྒོས་སྤེལ་ནས། དབང་པོ་སྐྱོན་ཅན་ཚབས་ཆེ་ཆུང་ལ་ཆད་འབོར་ཁ་གསབ་སྲིད་ཇུས་ལག་བསྟར་བྱས། ཞིང་ཆེན་ཡོངས་ཀྱི་དབུལ་པོ་འབུམ་ལྔ་དང་ཁྲི་གཉིས་དགུ་བརྒྱ་བོ་ཚང་མ་གཞི་རྩའི་སྨན་བཅོས་འགན་སྲུང་ཁྲོད་བཞག་ནས། གྲོན་དངུལ་སྒོར་བྱེ་བ་དྲུག་དང་ས་ཡ་བཞི་འབུམ་ལྔ་ཁྲི་དགུ་སྟོང་བཞི་བདུན་བརྒྱ་ཁ་གསབ་བྱས་ཏེ། ཡོང་སྒོ་དམའ་བ་དང་ཡོང་སྒོ་མེད་པའི་དབུལ་པོའི་ཁུར་པོ་ཇེ་ཡང་དུ་བཏང་།
སྲིད་ཇུས་དོན་ཐོག་ཏུ་འཁྱོལ་བར་བྱེད་ཆེད། ཟླ་བཞི་བར། ཞིང་ཆེན་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་ཐིན་གྱིས་ཞིང་ཆེན་ཡོངས་དབུལ་སྐྱོར་ལས་བྱེད་པར་གསོ་སྦྱོང་བྱས་ཏེ། དབུལ་སྐྱོར་ལས་བྱེད་པ་ཚང་མར་སྨན་བཅོས་འགན་སྲུང་དང་རོགས་སྐྱོབ་དབུལ་སྐྱོར་མཁྲེགས་གཏོར་གྱི་སྲིད་ཇུས་ཤེས་སུ་བཅུག དེ་དང་མཉམ་དུ་རྫོང་དང་ཆུའུ་སོ་སོའི་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་སྡེ་ཁག་གིས་ཞང་གྲོང་གི་སྨན་བཅོས་འགན་སྲུང་བྱ་བ་སྒྲུབ་མཁན་དང་དབུལ་སྐྱོར་བྱ་བའི་རུ་ཁག་རྩ་འཛུགས་བྱས་ཏེ་ཚོགས་འདུ་བསྡུ་བ་དང་། སྦྱར་ཡིག་སྦྱོར་བ། ཁྱིམ་དུ་སོང་ནས་དྲིལ་སྒྲོག་བྱེད་པ། སྒྲོག་པང་འགྲེམ་པ། རླུང་འཕྲིན་ལས་དྲིལ་སྒྲོག་བྱེད་པ་སོགས་དྲིལ་སྒྲོག་གི་བྱེད་ཐབས་སྣ་ཚོགས་བཀོལ་ནས་སྨན་བཅོས་འགན་སྲུང་དང་རོགས་སྐྱོབ་ཀྱི་འབྲེལ་ཡོད་སྲིད་ཇུས་དབུལ་ཕོངས་ཁྱིམ་ཚང་རེ་རེར་བསྒྲགས།
ཟླ་བརྒྱད་པའི་ཟླ་འགོར། ཞིང་ཆེན་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་ཐིན་གྱིས་གྲོང་ཁྱེར་དང་ཁུལ་སོ་སོས་སྨན་བཅོས་འགན་སྲུང་དང་རོགས་སྐྱོབ་དབུལ་སྐྱོར་མཁྲེགས་གཏོར་འགུལ་སྐྱོད་ཐད་ནས་རང་བཤེར་བྱེད་དུ་བཅུག་སྟེ། བྱ་བའི་འཕེལ་རིམ་དང་གནས་པའི་གནད་དོན་ལ་ཡོངས་སུ་ཞིབ་བཤེར་བྱས་པ་དང་། གོ་རིམ་རྗེས་མའི་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས། ཟླ་བརྒྱད་པའི་ཚེས་ཉེར་གསུམ་ཉིན་ནས་ཚེས་ཉེར་ལྔ་ཉིན་བར། ཐིན་དེའི་ཐིན་ཀྲང་གཞོན་པ་ཉེ་ཏེན་ཀོང་གིས་བྱ་བ་སྒྲུབ་མཁན་གྱི་སྣེ་ཁྲིད་དེ་གྲོང་ཁྱེར་དང་ཁུལ་ཁ་ཤས་སུ་སོང་ནས་ཡིག་ཚགས་དང་བྱང་བུ་ལས་པའི་དབུལ་པོ་འགན་སྲུང་ཁྲོད་ཞུགས་པའི་གནས་ཚུལ་ལ་ལྟ་བཤེར་བྱས་པ་དང་། སྨན་བཅོས་འགན་སྲུང་དང་རོགས་སྐྱོབ་དབུལ་སྐྱོར་མཁྲེགས་གཏོར་འགུལ་སྐྱོད་ཐད་ཡང་བསྐྱར་བཀོད་སྒྲིག་དང་ཡང་བསྐྱར་མཛུབ་སྟོན་བྱས།
སྣེ་ཁྲིད་ཀྱི་ནུས་པ་ཐོན་པའི་ཆེད་དུ། ཉིས་སྟོང་བཅུ་དྲུག་ལོར། ཞིང་ཆེན་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་ཐིན་གྱིས་རང་འགུལ་གྱིས་ཞིང་ཆེན་དབུལ་སྐྱོར་ཅུའུ་ལ་འབྲེལ་འདྲིས་བྱས་ཏེ། རང་ཞིང་གི་དབུལ་པོའི་གནས་ཚུལ་ལ་དུས་ལྟར་རྒྱུས་ལོན་བྱས་པ་མ་ཟད། ས་གནས་སོ་སོའི་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་སྡེ་ཁག་དང་། རྫོང་དང་ཆུའུ་སོ་སོའི་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་སྡེ་ཁག་བར་དུ་དབུལ་པོ་འགན་སྲུང་ཁྲོད་ཞུགས་པའི་དམིགས་འབེན་འགན་འཁྲིའི་ཡི་གེ་བཀོད་ནས། དབུལ་པོ་འབུམ་ལྔ་དང་ཁྲི་གཉིས་འགན་སྲུང་ཁྲོད་ཞུགས་པའི་ལས་འགན་དེ་རྫོང་ལ་བགོས་པ་དང་། རིམ་པ་རེ་རེ་བཞིན་དུ་ལས་འགན་བགོས་ཤིང་རིམ་པ་རེ་རེ་བཞིན་དུ་གནོན་ཤུགས་བྱིན་ནས་གཞི་གྲངས་དང་ལས་འགན་གསལ་བར་བྱས། དམངས་སྲིད་སྡེ་ཁག་ལ་ཧུར་ཐག་གིས་མཐུན་སྦྱོར་བྱས་ཏེ། དབུལ་པོ་འགན་སྲུང་ཁྲོད་ཞུགས་པར་མི་སྒེར་གྱིས་སྤྲོད་དགོས་པའི་རིན་དུས་ལྟར་ཁ་གསབ་བྱས་ནས། དབུལ་པོའི་དཔལ་འབྱོར་ཁུར་པོ་ཇེ་ཡང་དུ་བཏང་། མིག་སྔའི་བར་དུ་ཁ་གསབ་གྲོན་དངུལ་སྒོར་བྱེ་བ་དྲུག་དང་ས་ཡ་བཞི་འབུམ་ལྔ་ཁྲི་དྲུག་སྟོང་བཞི་བདུན་བརྒྱ་དོན་ཐོག་ཏུ་འབྱོར་ཡོད། ཞིང་ཆེན་ནོར་སྲིད་ཐིན་ལ་མཐུན་སྦྱོར་བྱས་ཏེ་མཁར་གྲོང་སྡོད་དམངས་ཀྱི་སྨན་བཅོས་འགན་སྲུང་གི་དངུལ་བསྡུ་ཚད་གཞི་ལེགས་སྒྲིག་བྱས་ནས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་སྒྲུབ་ཐིན་གྱི་ཉིས་སྟོང་བཅུ་དྲུག་ལོར་ཞིང་ཆེན་ཡོངས་ཀྱི་མཁར་གྲོང་སྡོད་དམངས་ཀྱི་སྨན་བཅོས་འགན་སྲུང་གི་དངུལ་བསྡུའི་ཚད་གཞི་ཇེ་མཐོར་གཏོང་བའི་སྐོར་གྱི་བརྡ་ཐོ་བཏང་སྟེ། མཁར་གྲོང་སྡོད་དམངས་ཀྱི་གཞི་རྩའི་སྨན་བཅོས་འགན་སྲུང་གི་དངུལ་བསྡུའི་ཚད་གཞི་དེ་ཉིས་སྟོང་བཅོ་ལྔ་ལོའི་སྒོར་ལྔ་བརྒྱ་དང་ལྔ་བཅུ་ནས་སྒོར་དྲུག་བརྒྱ་དང་བཅུ་ཐམ་པར་ཇེ་མཐོར་བཏང་། ཞིང་ཆེན་འཕྲོད་བསྟེན་འཆར་ལྡན་བུ་སྐྱེ་ཨུ་ཡོན་ལྷན་ཁང་ལ་མཐུན་སྦྱོར་བྱས་ཏེ། ཡིག་ཚགས་དང་བྱང་བུ་ལས་པའི་དབུལ་པོས་ནད་བརྟག་སྨན་བཅོས་བྱེད་པར་སྤྱིར་བཏང་གི་ཐོ་འགོད་ཀྱི་གླ་མེད་པར་བཏང་ལ། ཞག་སྡོད་སྨན་རིན་དང་བརྟག་བཤེར་གྱི་གླ། ཞིབ་བཤེར་གྱི་གླ། སྦྲིད་སྨན་གྱི་གླ། གཤགས་བཅོས་ཀྱི་གླ། ཞག་སྡོད་མལ་ཁྲིའི་གླ་བཅས་བརྒྱ་ཆའི་བཅུ་མེད་པར་བཏང་ཞིང་། སྨན་བཅོས་ཞབས་ཞུའི་ཁེབས་པ་དྲུག་ལག་བསྟར་བྱས་པ་དང་། ནད་ཀྱི་དབང་གིས་དབུལ་པོར་འགྱུར་བ་དང་ཡང་བསྐྱར་དབུལ་པོར་འགྱུར་བར་བརྟག་དཔྱད་རྩད་གཅོད་བྱེད་པའི་བྱ་བ་བསྒྲུབས།
ཐོབ་ཐང་ལོངས་སྤྱོད་ལ་ཁག་ཐེག་བྱེད་ཆེད། ཞིང་ཆེན་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་ཐིན་གྱིས་དབུལ་པོའི་འགུལ་རྣམ་དོ་དམ་གྱི་དོན་དངོས་ལ་ཟུང་སྦྲེལ་བྱས་པ་དང་། སྨན་བཅོས་འགན་སྲུང་བརྒྱུད་སྒྲུབ་ལས་ཁུངས་ཀྱིས་དབུལ་པོ་རྣམས་ལ་འགན་སྲུང་ཁྲོད་ཞུགས་པའི་གེགས་མེད་ཀྱི་ལམ་ཞིག་བཏོད་པས། ཡིག་ཚགས་དང་བྱང་བུ་ལས་པའི་དབུལ་པོ་ཡིན་ཚེ་དུས་ངེས་མེད་དུ་གཞི་རྩའི་སྨན་བཅོས་འགན་སྲུང་ཁྲོད་ཞུགས་ཆོག་པར་བྱས་པ་དང་འགན་སྲུང་གི་དུས་ཚོད་ཀྱི་ཚད་བཀག་མི་ཐེབས་པར་བྱས་ཏེ། དབུལ་པོ་རྣམས་དུས་ལྟར་འགན་སྲུང་གི་ཁྱབ་ཁོངས་སུ་བཞག ས་ཚིགས་གཅིག་གི་རྣམ་པའི་ཞབས་ཞུ་བཙུགས་ཏེ། དབུལ་པོས་སྨན་ཁང་དུ་ཞག་སྡོད་སྨན་བཅོས་བྱས་ན་གཞི་རྩའི་སྨན་བཅོས་འགན་སྲུང་གི་ཐོབ་ཐང་ལོངས་སུ་སྤྱོད་དུ་བཅུག་པ་མ་ཟད། ནད་ལྕི་མོའི་འགན་སྲུང་དང་དམངས་སྲིད་རོགས་སྐྱོབ་ལོངས་སུ་སྤྱོད་དུ་བཅུག དེའི་ནང་དུ་གཞི་རྩའི་སྨན་བཅོས་འགན་སྲུང་གི་ཐོབ་ཐང་དེ་སྨན་ཁང་ལས་འབུད་སྐབས་ལོངས་སུ་སྤྱད་ཆོག་པ་དང་། ནད་ལྕི་མོའི་སྨན་བཅོས་འགན་སྲུང་དང་དམངས་སྲིད་ཀྱི་རོགས་སྐྱོབ་དེ་ཟླ་གཅིག་གི་ནང་དུ་ལོངས་སྤྱོད་བྱེད་ཐུབ་པས། དབུལ་པོས་སྨན་བཅོས་བྱེད་སྐབས་སྨན་རིན་སྔོན་ལ་སྤྲོད་དགོས་པའི་གནད་དོན་དངོས་སུ་ཐག་བཅད།
ལོ་ཙཱ་བ། ཤ་བོ་རིན་མཚོ།