ད་ལོའི་ལོ་གསར་གྱི་རྫོགས་ལྡན་གཟའ་འཁོར་དུ་མཚོ་སྔོན་གྱི་ཡུལ་སྐོར་འཕེལ་ཚུལ་བཟང་བ།
2017.02.20 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 18

ད་ལོའི་ལོ་གསར་སྐབས་སུ། མཚོ་སྔོན་ཞིང་ཆེན་གྱི་ས་ཆ་མང་ཆེ་བར་ནམ་ཟླ་བཟང་ཞིང་ཉི་འོད་ལྷམ་མེར་འཚེར་བས། མཁར་གྲོང་སྡོད་དམངས་རྣམས་སྒོ་ཕྱིར་བུད་དེ་མཐའ་འཁོར་གྱི་ལྗོངས་ཁུལ་ལ་ལྟད་མོར་འགྲོ་བ་དང་། ཟི་ལིང་གྲོང་ཁྱེར་གྱི་རྫོང་སོ་སོའི་ཞིང་སྡེར་སོང་སྟེ་རྒྱ་འཆམ་ལ་ལྟད་མོ་ལྟ་བ་དང་། གངས་ཤུད་རྩེད་འཇོ་ལ་རོལ་བ་ནི་ད་ལོའི་ལོ་གསར་ངལ་གསོ་སྐབས་ཀྱི་ཁྱད་ཆོས་ཆེན་པོ་ཞིག་ཏུ་གྱུར་ཡོད།

ཟླ་དང་པོའི་ཚེས་ཉེར་བདུན་ཉིན་ནས་བཟུང་། མཚོ་སྔོན་ཞིང་ཆེན་གྱི་ལྗོངས་ཁུལ་གཙོ་བོ་སྟེ་སྐུ་འབུམ་བྱམས་པ་གླིང་དང་ཁྲི་ཀ་རྫོང་། ཟི་ལིང་གྲོང་ཁྱེར་མི་དམངས་སྤྱི་གླིང་། ཟི་ལིང་རི་སྐྱེས་སྲོག་ཆགས་ར་བ། ཞུང་ཧྭ་ལྗང་མདོག་གཞིས་ཁྱིམ། སྟོང་རི་ལྷ་མཚོ། ཧུའུ་ཀྲུའུ་ཧོར་རིགས་ཡུལ་སྲོལ་ར་བ་བཅས་ཀྱི་ཡུལ་སྐོར་པའི་གྲངས་ཀ་རིམ་བཞིན་ཇེ་མང་དུ་སོང་། རྒྱུས་ལོན་པ་ལྟར་ན། ན་ནིང་དང་བསྡུར་ན། ད་ལོའི་ཞིང་ཆེན་ཡོངས་ཀྱི་ལོ་གསར་སྐབས་ཀྱི་ཡུལ་སྐོར་ཚོང་ཁྲོམ་བརྟན་བརླིང་ངང་གོང་དུ་འཕེལ་བ་དང་། ཡུལ་སྐོར་ཐད་ཀྱི་སྣེ་ལེན་བྱེད་ཚད་བསྟུད་མར་འཕར། ཡུལ་སྐོར་ལྗོངས་ཁུལ་གཙོ་བོ་རུ་ཡུལ་སྐོར་པའི་གྲངས་ཀ་དང་ཡོང་སྒོ་གཉིས་ཀ་མཉམ་དུ་འཕར་བ་དང་། ཡོང་སྒོའི་འཕར་ཚད་དེ་མི་གྲངས་འཕར་ཚད་ལས་མཐོ་བའི་རྣམ་པ་བཟང་པོ་རྒྱུན་འཁྱོངས་བྱས།

ཞིང་ཆེན་ཡུལ་སྐོར་བྱ་བའི་མཉམ་འབྲེལ་གྲོས་ཚོགས་གཞུང་ལས་ཁང་གིས་སྡོམ་རྩིས་བྱས་པ་ལྟར་ན། ཟླ་དང་པོའི་ཚེས་ཉེར་བདུན་ཉིན་ནས་ཟླ་གཉིས་པའི་ཚེས་གཅིག་ཉིན་བར། མཚོ་སྔོན་ཞིང་ཆེན་གྱི་ས་ཆ་སོ་སོ་དང་ལྗོངས་ཁུལ་གཙོ་བོ་དག་གིས་ཡུལ་སྐོར་པ་སྣེ་ལེན་བྱས་ཚད་མངོན་གསལ་གྱིས་ཇེ་མང་དུ་སོང་ཡོད། དེའི་ནང་། སྐུ་འབུམ་བྱམས་པ་གླིང་གི་ལྗོངས་ཁུལ་གྱིས་མི་ཐེངས་ཁྲི་དྲུག་སྣེ་ལེན་བྱས་པ་དང་ཡུལ་སྐོར་ཡོང་སྒོ་ཧ་ལམ་སྒོར་བྱེ་བ་གཅིག་ས་ཡ་གཅིག་ལྷག་བསྐྲུན། ཁྲི་ཀ་རྫོང་གིས་ཡུལ་སྐོར་ཡོང་སྒོ་ཧ་ལམ་སྒོར་ས་ཡ་བདུན་བསྐྲུན། ཟི་ལིང་གྲོང་ཁྱེར་མི་དམངས་སྤྱི་གླིང་གིས་བསྡོམས་པས་ཡུལ་སྐོར་པ་མི་ཐེངས་ཁྲི་ལྔ་སྣེ་ལེན་བྱས། ཞུང་ཧྭ་ལྗང་མདོག་གཞིས་ཁྱིམ་གྱིས་སྔ་གཞུག་ཏུ་ཡུལ་སྐོར་པ་མི་ཐེངས་ཁྲི་གཅིག་སྟོང་བདུན་ལྷག་སྣེ་ལེན་བྱས་པ་དང་ཡུལ་སྐོར་ཡོང་སྒོ་སྒོར་ཁྲི་སྟོང་ཙམ་བསྐྲུན། ཧུའུ་ཀྲུའུ་ཧོར་རིགས་ཡུལ་སྲོལ་ར་བས་ཡུལ་སྐོར་པ་མི་ཐེངས་ཁྲི་ཙམ་སྣེ་ལེན་བྱས་པ་དང་ཧ་ལམ་ཡོང་སྒོ་སྒོར་ས་ཡ་གསུམ་འབུམ་བརྒྱད་ལྷག་བསྐྲུན། དུས་མཉམ་དུ། སྟོང་རི་ལྷ་མཚོ་དང་རྡུལ་ཕྲན་མཁར་ལྗོངས་ཁུལ། ན་གོར་མོ་གྲོང་ཁྱེར། ཆི་ལེན་རྫོང་བཅས་ཀྱི་ཡུལ་སྐོར་པའི་གྲངས་ཀ་དང་ཡུལ་སྐོར་ཡོང་སྒོ་གཉིས་ཀའང་ཚད་ངེས་ཅན་ཞིག་འཕར།

ལོ་གསར་སྐབས་སུ། རིགས་སོ་སོའི་མང་ཚོགས་ལ་བཀྲ་ཤིས་བདེ་སྐྱིད་ཀྱི་ལོ་གསར་ཞིག་རོལ་ཏུ་འཇུག་ཆེད། ཞིང་ཆེན་གྱི་ཁུལ་དང་གྲོང་ཁྱེར་བཅས་སོ་སོས་དངོས་ཡོད་ཀྱི་ཚོང་ཁྲོམ་ཁྱད་ཆོས་ལྟར། རིག་གནས་ཀྱི་ནང་དོན་ཕུན་སུམ་ཚོགས་ཤིང་མང་ཚོགས་མང་པོ་ནང་དུ་ཞུགས་པའི་ཡུལ་སྐོར་བྱ་འགུལ་ཧུར་ཐག་གིས་རྩ་འཛུགས་བྱས་པ་དང་། རྣམ་པ་སྣ་མང་གི་ཡུལ་སྐོར་ཐོན་རྫས་གསར་སྤེལ་བྱས་ཤིང་། བཀྲ་ཤིས་ཤིང་དགའ་སྤྲོའི་དུས་ཆེན་སྣང་ཚུལ་བསྐྲུན་པས། ཞིང་ཆེན་ཡོངས་ཀྱི་ས་ཆ་སོ་སོའི་གུང་གསེང་ཡུལ་སྐོར་ཚོང་ཁྲོམ་སྟེང་ཡུལ་སྐོར་དུས་ཆེན་བྱ་འགུལ་ཕུན་སུམ་ཚོགས་པ་དང་དུས་ཆེན་གྱི་སྣང་ཚུལ་བཟང་པོའི་ཁྱད་ཆོས་མངོན།

ལོ་གསར་གྱི་ཚེས་གསུམ་ཉིན་ནས་བཟུང་། ཧོང་ཀྲུང་དང་ཏ་ཐུང་སོགས་ཀྱི་ཞང་དང་གྲོང་རྡལ། སྡེ་བ་སོ་སོས་རེས་བསྐོར་ནས་གླུ་དབྱངས་ལེན་པ་དང་བོད་བྲོ་འཁྲབ་པ། རྒྱ་འཆམ་རྩེད་པ། རིག་རྩལ་འཁྲབ་སྟོན་བྱེད་པ། ལྒང་ལི་འགྲན་སྡུར་བྱེད་པ། ཞིང་པའི་ལུས་རྩལ་འགྲན་ཚོགས་འཚོགས་པ་སོགས་ཀྱིས་མཁར་གྲོང་སྡོད་དམངས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་བཏང་།

ཡུལ་འདིར་ཡོང་སྟེ་ཧོང་ཀྭ་དང་ཀྲོ་མ་ཀྲུ་བཏོག་ན་ང་ལ་ལོ་གསར་རོལ་སྟངས་ཁྱད་པར་ཅན་ཞིག་གི་ཚོར་བ་ཡོད་པ་རེད། ལོ་གསར་གྱི་ཚེས་ལྔ་ཉིན། གྲོགས་པོ་ཆུང་ཆུང་ཝང་ཡུས་ཁྱིམ་བདག་གིས་ཁྲིད་ནས། ཏ་ཐུན་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་ཞིན་ཀྲུང་གྲོང་རྡལ་གྱི་སྔོ་ཚོད་རྟེན་གཞི་རུ་སོང་སྟེ། རང་གིས་དངོས་སུ་བཏོག་པའི་སིལ་ཏོག་ཟ་ཞོར་དུ་སྤྲོ་བ་རབ་ཏུ་བརྟས་འདུག ལོ་གསར་སྐབས་སུ། རང་ཞིང་གི་ས་ཆ་སོ་སོའི་ཞིང་ལས་རྟེན་གཞི་རུ་འབྲི་ཏ་ས་འཛིན་དང་ཀྲོ་མ་ཀྲུ་སོགས་སྔོ་ཚོད་དང་སིལ་ཏོག་འཐོག་པའི་ཉམས་ལེན་ཡུལ་སྐོར་སྔོག་འདོན་བྱས་ཏེ་ཡུལ་སྐོར་པ་རྣམས་སྔོ་ཚོད་འདེབས་སའི་དྲོད་ཁང་དུ་སོང་ནས་ཞིང་ལས་ར་བར་རོལ་མྱོང་བྱེད་དུ་འཇུག་པ་དང་། ཡུལ་སྐོར་པ་རྣམས་ལ་ཆེས་དོན་དངོས་ཀྱི་ཕན་ཚུན་མཉམ་སྒུལ་གྱི་ཞིང་ལས་ཉམས་ལེན་འདོན་སྤྲོད་བྱས་ཏེ་སྔོ་ཚོད་དང་སིལ་ཏོག་འཐུ་བའི་སྤྲོ་སྐྱིད་མྱོང་རོལ་བྱེད་དུ་བཅུག

གངས་འཁྱགས་ཡུལ་ཁམས་སུ་བསྐྱོད་ནས་གངས་ཤུད་བྱེད་པ་ནི། ཟི་ལིང་གྲོང་ཁྱེར་སྡོད་དམངས་ཀྱི་ལོ་གསར་རོལ་སྟངས་ཤིག་ཀྱང་རེད། ཏ་ཐུན་གསེར་ཁོག་ལུང་པ་དང་ཟི་ལིང་ལྷོ་མཁར་གྱི་ཨོ་སི་ལུའུ་དང་ཧེ་ཡན་རྫོང་གི་ཤར་ཐང་ཆུ་མཛོད། ཟི་ལིང་ལྟེ་གནས་ཐང་ཆེན། མི་དམངས་སྤྱི་གླིང་སོགས་ཀྱི་གངས་འཁྱགས་ར་བ་རུ་མི་ཚོགས་ལང་ལོང་དུ་འཁོར། རྩེད་འཇོ་གངས་འཁྱགས་ར་བའི་འགན་འཁུར་པས་མཚམས་སྦྱོར་བྱས་པ་ལྟར་ན། ལོ་གསར་སྐབས་སུ། གངས་ཤུད་བྱེད་དུ་ཡོང་བའི་མི་ནི་ཤིན་ཏུ་མང་། ཉིན་རེར་ཡུལ་སྐོར་པ་བརྒྱ་ཕྲག་མང་པོ་སྣེ་ལེན་བྱེད་དགོས།

མགྲོན་ཁང་དུ་སྡོད་པའི་གནས་ཚུལ་ལ་བལྟས་ན། ལོ་གསར་གྱི་རྫོགས་ལྡན་གཟའ་འཁོར་དུ། ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་གྲོང་ཁྱེར། མཚོ་ནུབ་དང་མཚོ་ལྷོ་ཁུལ་གཉིས་ཀྱི་སྐར་རིམ་མགྲོན་ཁང་དུ་འགྲུལ་པ་སྡོད་པའི་ཚད་ཅུང་མཐོ། དེའི་ནང་རྒྱ་ལོའི་ཚེས་གསུམ་ནས་ཚེས་བཞི་ལ། ས་ཆ་མང་ཆེ་བའི་སྐར་རིམ་མགྲོན་ཁང་དུ་འགྲུལ་པ་སྡོད་པའི་ཚད་གུང་གསེང་དུས་སྐབས་ཀྱི་ཆེས་མཐོ་སར་བསླེབས་ཡོད།

དེ་ལས་གཞན། གུང་གསེང་དུས་སྐབས་སུ་མི་དང་རླངས་འཁོར་ཡར་རྒྱུག་མར་རྒྱུག་བྱེད་ཚད་ཇེ་མང་དུ་སོང་རུང་། ཞིང་ཆེན་ཡོངས་ཀྱི་ལྗོངས་ཁུལ་གཙོ་བོའི་ཡུལ་སྐོར་ཚོང་ཁྲོམ་གྱི་སྒྲིག་ལམ་ཅུང་བཟང་། རིམ་པ་སོ་སོའི་གུང་གསེང་ཡུལ་སྐོར་མཐུན་སྦྱོར་སྡེ་ཁག་དང་དེའི་ཁོངས་གཏོགས་ལས་ཁུངས་རྣམས་ཀྱིས་ནན་ཏན་གྱིས་འགན་ཁུར་ཏེ། དུས་ཚོད་ཉེར་བཞིའི་རིང་ལ་ལས་རེས་མཁན་ཡོད་པ་དང་། ཕྱི་རུ་ཁྱབ་བསྒྲགས་བྱས་ཡོད་པའི་ཞུ་གཏུག་ཁ་པར་ཚང་མར་ཉན་མི་ཡོད་པས། ཞིང་ཆེན་ཡོངས་སུ་ཡུལ་སྐོར་བདེ་འཇགས་ཐད་ཀྱི་དོན་རྐྱེན་ཅི་ཡང་མ་བྱུང་བ་རེད།
 

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།