མི་རིགས་མཐུན་སྒྲིལ་གྱི་གླུ་གཞས་ཁྲ་ཨེར་ཧན་ཚྭ་མཚོའི་ཁ་ནས་བླངས།
2017.02.22 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 33

མི་རིགས་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བ་དམ་འཛིན་བྱས་ནས་མཉམ་དུ་དར་རྒྱས་སུ་འགྲོ་བར་རོགས་རམ་དང་ཡར་སྐུལ་བྱེད་དགོས།   “མི་རིགས་ལྔ་བཅུ་ང་དྲུག་ནི་མེ་ཏོག་ལྔ་བཅུ་ང་དྲུག་དང་། མིང་སྲིང་ལྔ་བཅུ་ང་དྲུག་ནི་ཁྱིམ་ཚང་གཅིག་གི་མི་ཡིན”ཅེས་པའི་ཚང་མར་གསལ་ཆ་ཡོད་པའི་རོལ་དབྱངས་དེ་དག་ནམ་ཟླའི་དྲོད་གྲངས་མཚམས་པའི་དུས་ཚིགས་སུ་མཚོ་ནུབ་སོག་བོད་རང་སྐྱོང་ཁུལ་ན་གོར་མོ་གྲོང་ཁྱེར་གྱི་ལུས་རྩལ་ཐང་ཆེན་དང་མང་ཚོགས་ཀྱི་གར་སྟེགས་སོགས་འདུ་འཛི་ཆེ་ས་རུ་མཚན་མོ་རེ་རེར་ལྷང་ལྷང་དུ་གྲགས་བཞིན་ཡོད།   གལ་ཏེ་ཁྲ་ཨེར་ཧན་ཚྭ་མཚོ་ནི་ན་གོར་མོ་ཕྱུག་འགྱུར་གྱི་འབྱུང་ཁུངས་ཡིན་ན།  མི་རིགས་མཐུན་སྒྲིལ་ནི་གནས་འདིའི་བདེ་སྐྱིད་དང་བརྟན་འཇགས་ཀྱི་རྩ་བ་ཡིན།  ཉེ་བའི་ལོ་འགའི་རིང་ལ་། ན་གོར་མོ་གྲོང་ཁྱེར་གྱིས་མཉམ་དུ་མཐུན་སྒྲིལ་འབད་འཐབ་དང་མཉམ་དུ་དར་རྒྱས་གོང་འཕེལ་དུ་གཏོང་བའི་བརྗོད་བྱ་ཡིད་ལ་དམ་པོར་བཟུང་སྟེ། མི་རིགས་མཐུན་སྒྲིལ་སྔོན་ཐོན་ཁུལ་གསར་འཛུགས་བྱ་འགུལ་སྤེལ་བ་ནས་བཟུང་།  མི་རིགས་ཀྱི་ཡུལ་སྲོལ་གོམས་འདྲིས་ལ་བརྩི་བཀུར་བཟང་པོ་བྱེད་པ་དང་མི་རིགས་ཀྱི་འགལ་བ་མགྱོགས་མྱུར་སྒོས་ཐག་གཅོད་བྱེད་པ། མི་རིགས་དཔལ་འབྱོར་སྔར་ལས་འཕེལ་རྒྱས་སུ་གཏོང་བ། དམངས་ཇུས་དང་དམངས་ཚིས་དོན་དངོས་ཀྱིས་ལེགས་བཅོས་བྱེད་པའི་བསམ་ཕྱོགས་ལྟར།  ན་གོར་མོ་གྲོང་ཁྱེར་ཡོངས་མཉམ་དུ་འབྱོར་འབྲིང་གི་ལམ་དུ་སྐྱོད་པའི་ཁྲོད་མི་རིགས་མཐུན་སྒྲིལ་སྔོན་ཐོན་གྱི་འཆམ་མཐུན་གླུ་གཞས་ཤིག་རིགས་སོ་སོའི་བུ་དང་བུ་མོས་སེམས་དབུས་སུ་གྱེར་བཞིན་ཡོད།

ཕ་མཐའ་བྲལ་བའི་ན་གོར་མོའི་ཐང་ཆེན་ནས་མདུན་དུ་སོང་ན་ན་གོར་མོ་གྲོང་ཁྱེར་གྱི་ལྷོ་ཕྱོགས་སུ་སྤྱི་ལེ་བདུན་གྱི་མཚམས་སུ་བོད་རིགས་རོང་འབྲོག་མང་ཚོགས་འདུས་སྡོད་ས་ཁུལ་སྟེ་གདང་ལ་རི་བོ་གྲོང་རྡལ་མིག་ལམ་དུ་མངོན་ཡོང་ལ།  གྲོང་རྡལ་དེའི་ཁང་ཤར་རེ་རེ་གྲལ་དག་པ་དང་འདུས་སྡོད་བྱེད་སའི་ཁོར་ཡུག་གཙང་མ་ཡིན།  ཧུར་ཐག་སྒོས་རྒྱལ་ཁབ་ཀྱི་གཙང་གསུམ་འབྱུང་ཡུལ་སྐྱེ་ཁམས་སྲུང་སྐྱོབ་སྲིད་ཇུས་དང་བསྟུན་ཏེ་རང་འགུལ་སྒོས་ས་འདི་རུ་གནས་སྤར་བའི་འབྲོག་པ་མང་ཚོགས་ཀྱིས་བདེ་སྐྱིད་ངང་འཚོ་བ་རོལ་བཞིན་ཡོད།

གདང་ལ་རི་བོ་གྲོང་རྡལ་གྱི་འབྲི་ཆུའི་འགོ་ཁུངས་སྡེ་བའི་བོད་རིགས་སྡེ་དམངས་ནོར་བུ་ཚེ་རིང་གིས་གདོང་ལ་འཛུམ་གྱིས་ཁེངས་ནས་བཤད་རྒྱུར།  སྲིད་གཞུང་གིས་ང་ཚོར་རོགས་སྐྱོར་བྱས་ཏེ་མི་རིགས་ཀྱི་ཁྱད་ཆོསལྡན་པའི་ཐོན་ལས་འཕེལ་རྒྱས་སུ་གཏོང་བ་མ་ཟད།  ད་དུང་འཚོ་བའི་སྟེང་ཐུགས་ཁུར་གནང་ནས་ལོ་ལོན་རྒན་པ་དང་བྱིས་པ་ཚང་མར་མ་དངུལ་གྱི་ཁ་གསབ་བྱིན་པས།  དེང་སྐབས་སྔོན་ཆད་ཀྱི་འབྲོག་ཕྱོགས་དང་བསྡུར་ན་ང་ཚོའི་ཡོང་སྒོ་ཇེ་མང་དུ་སོང་ནས་འཚོ་བ་བརྟན་འཇགས་སུ་སོང་ཡོད་ཅེས་ཟེར།

ཉིས་སྟོང་དྲུག་ལོར།  འབྲི་ཆུའི་འགོ་ཁུངས་སྡེ་བས་ན་གོར་མོ་གྲོང་ཁྱེར་ཏང་ཨུ་དང་སྲིད་གཞུང་། འབྲེལ་ཡོད་སྡེ་ཁག་གཞན་དག་གི་རོགས་སྐྱོར་འོག་ བོད་ཀྱི་ས་གདན་ལས་སྣོན་བཟོ་གྲྭ་ཞིག་བཙུགས་ནས་སྡེ་བའི་ནང་གི་ངལ་རྩོལ་པ་སྐོར་ཞིག་གི་ལས་ཞུགས་གནད་དོན་ཐག་བཅད།  ཉིས་སྟོང་བརྒྱད་ལོར།  ན་གོར་མོ་གྲོང་ཁྱེར་གྱིས་སྡེ་བའི་གནས་ཚུལ་ལྟར་འཆར་གཞི་འགོད་པ་དང་བསམ་ཕྱོགས་གསལ་བོ་བྱེད་པ། ཁྱད་ཆོས་ཅན་གྱི་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་པའི་རྩ་དོན་ལྟར།  འབྲི་ཆུའི་འགོ་ཁུངས་ཀྱི་ངལ་རྩོལ་ནུས་ཤུགས་ཁྱད་སྟོབས་འདོན་སྤེལ་བྱས་ནས་ལག་རྩལ་གསོ་སྦྱོང་བྱེད་པ་འདོན་སྤྲོད་བྱས་ཏེ་མ་ཎི་རྡོ་བརྐོས་དང་བོད་ལུགས་ཀྱི་ཁྱད་ཆོས་ལྡན་པའི་སྤྲོ་སྐྱིད་གླིང་ཕྱེས།  བྱེད་ཐབས་དེ་དག་ལག་བསྟར་བྱས་པ་དེས་འབྲོག་པ་མང་ཚོགས་ལ་སྔར་ལས་ལྷག་པའི་ལས་ཞུགས་ཀྱི་གོ་སྐབས་འདོན་སྤྲོད་བྱས་པ་དང་།  བོད་ཁུལ་ཀྱི་རྗེས་མཐུད་ཐོན་ལས་འཕེལ་རྒྱས་སུ་གཏོང་བར་རྨང་གཞི་བརྟན་པོ་ཞིག་བཏངས།

སྤྱི་ཚོགས་འཆམ་མཐུན་ནི་དམངས་ཀྱི་འདོད་བློ་ལ་བསྟུན་དགོས་པ་དང་མི་རིགས་མཐུན་སྒྲིལ་ནི་མི་དམངས་ཀྱི་སེམས་པར་བསྟུན་དགོས།  དུས་ཡུན་རིང་པོར།  ན་གོར་མོ་གྲོང་ཁྱེར་ཏང་ཨུ་དང་སྲིད་གཞུང་གིས་མི་རིགས་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་པ་དེ་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་ཤུགས་སྣོན་པའི་རྨང་གཞི་རུ་བརྩིས་ནས་རྒྱུན་ཆད་མེད་པར་སྲིད་ཇུས་ཀྱི་བྱེད་ཐབས་འཐུས་ཚང་དུ་བཏང་སྟེ།  ཐོན་ལས་བཀོད་སྒྲིག་དང་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་སོགས་ཀྱི་ཕྱོགས་ནས་ཐོན་ཁུངས་ལེགས་སྒྲིག་བྱེད་པ་དང་། ས་གནས་དང་བསྟུན་ནས་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཐོན་ལས་འཕེལ་རྒྱས་སུ་བཏང་ནས་མི་རིགས་ས་ཁུལ་གྱི་མཆོང་སྐྱོད་འཕེལ་རྒྱས་ལ་རྨང་གཞི་བརྟན་པོ་ཞིག་བཏིངས།

ཐབས་བརྒྱ་ཇུས་སྟོང་གིས་དམངས་ཚིས་ལེགས་བཅོས་བྱས་ནས་མཐུན་སྒྲིལ་ཡར་ཐོན་གྱི་གྲུབ་འབྲས་ཉམས་སུ་མྱོང་བར་བྱེད་པ།   གོ་ལེ་མུའུ་ཏི་གྲོང་རྡལ་ཧྥུའུ་ཡོན་སྡེ་བའི་ཧོས་རིགས་སྡེ་དམངས་མཱ་ཀྲན་ཧུའུ་ལོ་ལྔ་བཅུ་ཡིན་པ་དང་ཁྱིམ་ཚང་ལ་དཀའ་ངལ་ཆེ་བས་བྱ་བ་ཞིག་བཙལ་ནས་ལས་འདོད་སྐྱེས་ཡོད།  སྡེ་དམངས་ཨུ་ཡོན་ལྷན་ཁང་གིས་ཁོ་རང་ལོ་ཆེ་བ་དང་མིག་གཅིག་ལོང་བ་ཡིན་པར་བསམ་གཞིགས་བཏང་སྟེ། སྤྱི་ཕན་རང་བཞིན་གྱི་ལས་གནས་ཤིག་འདོན་སྤྲོད་བྱས་ནས་ཁོའི་དཔལ་འབྱོར་གྱི་ཡོང་སྒོ་འཕར་བར་རོགས་རམ་བྱས།  

ན་གོར་མོ་རུ་མཱ་ཀྲན་ཧུའུ་ལྟ་བུའི་གྲངས་ཉུང་མི་རིགས་ཀྱི་སྤུན་ཟླས་མི་རིགས་བྱ་བ་ལས་ཐོབ་པའི་བཟང་ཆ་མང་པོ་ཞིག་ལོངས་སུ་སྤྱོད་བཞིན་ཡོད།  ཉེ་བའི་ལོ་འགའི་རིང་ལ། ན་གོར་མོ་ཡིས་དམངས་ཚིས་ལེགས་བཅོས་བྱེད་པ་དེ་མི་རིགས་མཐུན་སྒྲིལ་འཕེལ་རྒྱས་སུ་གཏོང་བའི་རྒྱབ་རྟེན་དུ་བརྩིས་ནས་ཤུགས་ཆེན་གྱིས་སློབ་གསོ་དང་སྨན་བཅོས་སོགས་སྤྱི་བའི་ཞབས་ཞུ་འཕེལ་རྒྱས་སུ་བཏང་ནས་མི་རིགས་ས་ཁུལ་གྱི་གྲངས་ཉུང་མི་རིགས་མང་ཚོགས་ལ་འཕེལ་རྒྱས་ཀྱི་གྲུབ་འབྲས་ཉམས་སུ་མྱོང་དུ་བཅུག

རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་གྱི་ཕྱོགས་ནས་ན་གོར་མོ་གྲོང་ཁྱེར་གྱིས་དབུལ་སྐྱོར་མ་དངུལ་སྒོར་བྱེ་བ་གཅིག་དང་ས་ཡ་ལྔ་བཏང་སྟེ། ཞང་དང་གྲོང་རྡལ་གསུམ་གྱི་དབུལ་ཕོངས་སྡེ་བ་བཅུ་དྲུག་གི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་བྱས་པ་དང་།  དེའི་ནང་དུ་གོ་ལེ་མུའུ་ཏི་གྲོང་རྡལ་གྱི་སྡེ་བ་ལྔ་དང་བུའུ་ཐུའུ་མེས་རིན་ཞང་གི་སྡེ་བ་བཞི་ཡི་ཨར་འདམ་གྱི་གཞུང་ལམ་འཛུགས་སྐྲུན་དང་གདང་ལ་རི་བོ་གྲོང་རྡལ་འབྲི་ཆུའི་འགོ་ཁུངས་སྡེ་བའི་སྡེ་བ་རིམ་པའི་གཞུང་ལམ་ལ་ཞིག་གསོ་བྱེད་པ།  བུའུ་ཐུའུ་མེས་རིན་ཞང་གི་ཞང་སྡེ་རྣམ་པ་ལེགས་བཅོས་དང་གུ་རུ་ལོ་སྡེ་བའི་ཉི་འོད་ནུས་པའི་གློག་ཁུངས་འཛུགས་སྐྲུན་བཅས་འདུས་ཡོད།

སློབ་གསོའི་ཕྱོགས་ནས་ཉིས་སྟོང་བཅོ་ལྔ་ལོའི་བར་དུ་ན་གོར་མོ་གྲོང་ཁྱེར་མི་རིགས་སློབ་འབྲིང་དང་ན་གོར་མོ་གྲོང་ཁྱེར་འབྲི་ཆུའི་འགོ་ཁུངས་ཀྱི་མི་རིགས་སློབ་གྲྭ་གཉིས་ལ་ཁྱོན་སྡོམ་པས་སློབ་ཁྲིད་འཛིན་གྲྭ་སུམ་ཅུ་བཙུགས་པ་དང་སློབ་མ་སྟོང་གཅིག་དང་ལྔ་བརྒྱ་ཡོད། ཚན་རིག་ལྟར་འཛུགས་སྐྲུན་བྱས་པའི་ལུས་རྩལ་ར་བ་དང་སྨན་བཅོས་ཁང་། དཔེ་མཛོད་ཁང་། མཛེས་རྩལ་ཁང་། རོལ་དབྱངས་ཁང་། གློག་ཅན་སློབ་ཁྲིད་ཁང་། ཚནརིག་དང་ངལ་རྩོལ་ཚོད་ལྟ་ཁང་སོགས་སློབ་ཁྲིད་ཀྱི་སྒྲིག་ཆས་ཆ་ཚང་འཛོམས་ཡོད།  དེའི་ནང་དུ་ན་གོར་མོ་གྲོང་ཁྱེར་མི་རིགས་སློབ་འབྲིང་གི་ནང་དུ་སློབ་སྔོན་སློབ་གསོ་དང་སློབ་ཆུང་། དམའ་འབྲིང་དང་མཐོ་འབྲིང་བཅས་སློབ་ཁྲིད་སྡེ་ཁག་བཞི་ཡོད་ལ་བསླབ་དེབ་སྣ་ཁ་གསུམ་གྱིས་གྲུབ་པ་དང་། སོག་ཡིག་དང་བོད་ཡིག  རྒྱ་ཡིག  དབྱིན་ཡིག་བཅས་སྐད་རིགས་བཞི་ཡིས་སློབ་ཁྲིད་བྱེད་ཀྱིན་ཡོད་པ་དང། བསྟུན་མར་ལོ་ལྔ་ལ་མཚོ་ནུབ་ཁུལ་གྱི་མཐོ་འབྲིང་སློབ་ཁྲིད་ཀྱི་རྒྱུ་སྤུས་ཕུལ་བྱུང་སློབ་གྲྭའི་མཚན་སྙན་ཐོབ།

མི་རིགས་སློབ་གསོ་མགྱོགས་མྱུར་ངང་འཕེལ་རྒྱས་སུ་གཏོང་བ་དང་མཉམ་དུ་ན་གོར་མོ་གྲོང་ཁྱེར་གྱི་སློབ་གྲྭ་འབྲིང་ཆུང་སོ་སོའི་མི་རིགས་མཐུན་སྒྲིལ་བྱས་ནས་ཁྱིམ་ཚང་གཅིག་ཡིན་པ་ལྟ་བུའི་བརྫོད་བྱ་དེ་སློབ་ཁྲིད་ཀྱི་ཁྲོད་དུ་ལག་ལེན་དུ་བསྟར་ཏེ་བྱིས་པ་ཚོ་འཆམ་མཐུན་གྱི་མི་རིགས་འབྲེལ་བའི་འོག་ཏུ་སྣ་མང་ཕུན་སུམ་ཚོགས་པའི་མི་རིགས་རིག་གནས་ལ་སློབ་སྦྱོང་བྱས་ནས་བདེ་སྐྱིད་ངང་འཚར་ལོངས་འབྱུང་དུ་འཇུག་བཞིན་ཡོད།

དེ་ལས་གཞན་སྤྱི་ཚོགས་འགན་སྲུང་ཕྱོགས་ནས་ན་གོར་མོ་གྲོང་ཁྱེར་གྱིས་བྱ་བའི་ལས་གནས་དང་པོ་རྒྱུན་འཁྱོངས་བྱེད་པའི་བྱེད་ཐབས་ལྟར།  ཉིས་སྟོང་བཅོ་ལྔ་ལོ་ནས་བཟུང་། རོང་འབྲོག་མང་ཚོགས་ལ་རིན་མི་དགོས་པར་ལུས་ཕུང་བདེ་ཐང་ཕྱོགས་ཀྱི་ཞིབ་བཤེར་བྱས་པ་མ་ཟད། ད་ལོ་ནས་བཟུང་སྟེ་སྤྱི་ཚོགས་སྟེང་གི་རོགས་རམ་མཁོ་བའི་མི་སྣ་སྤྱི་ཚོགས་འགན་སྲུང་དང་སྨན་བཅོས་འགན་སྲུང་གི་ཁྱབ་ཁོངས་ནང་འཇོག་རྒྱུ་རེད།

མི་རིགས་མཐུན་སྒྲིལ་ནི་རྒྱུན་དུ་དམ་འཛིན་བྱེད་དགོས་པའི་བྱ་བ་ཞིག་ཡིན།  ད་ལོར་མི་རིགས་མཐུན་སྒྲིལ་སྔོན་སྐྱོད་ཁུལ་གསར་འཛུགས་བྱེད་པའི་བྱ་བའི་སྣེ་ཁྲིད་དེ་ན་གོར་མོ་གྲོང་ཁྱེར་གྱིས་ཡང་བསྐྱར་གྲོང་ཁྱེར་ཡོངས་ཀྱི་སྡོད་ཁུལ་སོ་སོ་རུ་མི་རིགས་མཐུན་སྒྲིལ་བྱ་བ་གསར་སྐྲུན་བྱེད་པའི་ཚ་རླབས་ཤིག་ལངས་པ་མ་ཟད། མི་རིགས་མཐུན་སྒྲིལ་སྔོན་སྐྱོད་ཁུལ་གསར་འཛུགས་བྱ་བ་དེ་གཞི་རིམ་གྱི་ས་གནས་སོ་སོ་རུ་གཏིང་ཟབ་ཏུ་སྤེལ་རྒྱུ་རེད།

“ཅན་ཞིན་སྡོད་ཁུལ”གྱི་མི་རིགས་མཐུན་སྒྲིལ་དང“12345 ”ཡི་བྱ་བའི་བྱེད་ཐབས་སོགས་མི་རིགས་མཐུན་སྒྲིལ་གྱི་བྱ་བ་དེ་སྡོད་ཁུལ་གྱི་བྱ་བ་ཆེ་མ་ཆུང་གསུམ་གྱི་ཁྲོད་དུ་སྤེལ་ནས་རིགས་སོ་སོའི་མང་ཚོགས་ཀྱི་དགོས་མཁོ་བསྐང་བ་དང་། དམངས་ཕན་ཞབས་ཞུ་གང་མང་ཞུས་པ་དེས་རིགས་སོ་སོའི་མང་ཚོགས་ཀྱིས་ཕན་ཚུན་རོགས་རམ་བྱེད་པའི་སྣང་ཚུལ་ལེགས་པོ་ཞིག་བསྐྲུན།  དེ་དང་མཉམ་དུ་ཁོ་ཚོས་ད་དུང་གྲོང་ཁྱེར་ཡོངས་སུ་རིག་གནས་འགྲེམ་སྟོན་བྱེད་ས་ཐོག་མ་བཙུགས་པ་དེས་མི་རིགས་ཀྱི་རིག་གནས་གང་ལེགས་སྒོས་ངོམས་ཐུབ་པ་བྱུང་།  རྡོ་སྣུམ་སྡོད་ཁུལ་དུ་སྡོད་དམངས་རྣམས་ཀྱིས་རང་འགུལ་སྒོས་མ་དངུལ་བཏང་ནས་ཤོག་དྲས་ལ་དགའ་བའི་འཛིན་གྲྭ་ཞིག་བཙུགས་ནས་སྲོལ་རྒྱུན་གྱི་ཤོག་དྲས་ལག་རྩལ་རྒྱུན་འཛིན་དང་དར་སྤེལ་དུ་བཏང་བ་མ་ཟད།  སྔར་ལས་ལྷག་པའི་སྒོ་ནས་སྡོད་ཁུལ་གྱི་མི་རིགས་སོ་སོའི་བུད་མེད་ཚོའི་བར་གྱི་འབྲེལ་བ་ཇེ་དམ་དུ་བཏང་།

མི་རིགས་མཐུན་སྒྲིལ་སྔོན་སྐྱོད་ཁུལ་གསར་འཛུགས་བྱེད་པ་བརྒྱུད་ནས་ན་གོར་མོ་གྲོང་ཁྱེར་དང་སྡོད་ཁུལ་སོ་སོ་རུ་སྔོན་ཐོན་ལས་ཁུངས་དང་སྔོན་ཐོན་མི་སྣ་མང་པོ་བྱུང་སྟེ་མི་རིགས་མཐུན་སྒྲིལ་སྔོན་སྐྱོད་ཀྱི་མེ་ཏོག་དེ་ཚྭ་འདམ་གཞོང་གི་ས་ཁུལ་ཀུན་ཏུ་ཕན་ཚུན་འགྲན་པ་བཞིན་བཞད་ཀྱིན་ཡོད།  མིག་སྔར་ན་གོར་མོ་གྲོང་ཁྱེར་གྱིས་སྡོམ་པས་ཁུལ་རིམ་པའི་དཔེ་སྟོན་ས་ཚིགས་ཉི་ཤུ་དང་གྲོང་ཁྱེར་རིམ་པའི་དཔེ་སྟོན་ས་ཚིགས་སུམ་ཅུ།  མི་རིགས་མཐུན་སྒྲིལ་སློབ་གསོའི་རྟེན་གཞི་གཉིས་བཅས་གསར་སྐྲུན་བྱས་ནས་མི་རིགས་སོ་སོའི་མཐུན་སྒྲིལ་ཆེན་མོར་སྣང་ཚུལ་ལེགས་པོ་ཞིག་བསྐྲུན་པ་དང་།  རིགས་སོ་སོའི་མང་ཚོགས་ཀྱི་གོང་བུ་སྒྲིལ་ཤུགས་རྒྱུན་ཆད་མེད་པར་ཇེ་ལེགས་སུ་འགྲོ་བཞིན་ཡོད།

དེང་སྐབས་གསར་དུ་ལས་པའི་གཞུང་ལམ་གསར་བ་དང་དེང་རབས་ཅན་གྱི་སློབ་ཁང་། བརྩེ་སེམས་ཀྱིས་ཁེངས་པའི་ཞབས་ཞུ་སོགས་ཀྱིས་ན་གོར་མོ་གྲོང་ཁྱེར་གྱི་རིགས་སོ་སོའི་མང་ཚོགས་མཉམ་དུ་མཐུན་སྒྲིལ་ཡར་རྒྱས་སུ་འགྲོ་བཞིན་པ་དང་མཉམ་དུ་དར་རྒྱས་གོང་འཕེལ་དུ་འགྲོ་བཞིན་པའི་གྲུབ་འབྲས་ལ་བདེན་དཔང་བྱེད་ཐུབ།  འགོ་རྩོམ་ས་གསར་བ་ཞིག་གི་སྟེང་ནས་ན་གོར་མོ་གྲོང་ཁྱེར་གྱིས་འབད་བརྩོན་གྱིས་མི་རིགས་མཐུན་སྒྲིལ་སྔོན་སྐྱོད་ཁུལ་གསར་འཛུགས་བྱེད་པའི་བྱ་བ་དེ་སྔར་ལས་ལྷག་པར་ཡར་རྒྱས་གོང་འཕེལ་དུ་གཏོང་ངེས་རེད།
 

ལོ་ཙཱ།  བསོད་ནམས་ལྷ་མོ།